ཆབ་མདོ་ངག་ཕུན།
དེ་རིང་ནི་དེ་འདྲའི་ཡིད་སྐྱོ་ཞིང་སེམས་ཕམ་དགོས་པ་ཞིག་རེད།
འབྱུང་བའི་ཁམས་ནི་སྙིང་རྗེ་མེད་པ་རང་རེད།
ཞོགས་ལས་ལ་བྲེལ་བཞིན་པའི་སྐབས་སུ།
བསམ་ཡུལ་དུ་མེད་པའི་ས་གཞི་ཆེན་པོ་ཡོལ་འགུལ་བརྒྱབ་ཅིང་།
སྒོ་ཟོག་རྣམས་ཀྱང་ཞེད་སྣང་གིས་ངུར་རྒྱང་འཐེན།
ཁྱིམ་མཚེས་རྣམས་ངུ་ངག་གིས་རི་ལུང་བརྒྱངས།
སྙིང་ཉེ་བའི་དིང་རི་བ་ཚོ།
ནམ་རྒྱུན་ཡིན་ན་ཞོགས་དུས།
མ་ཎི་ཡིག་དྲུག་གི་དབྱངས་རྟ་འཐེན།
ལྷིང་འཇག་གནས་པའི་རི་གྲོང་དེར།
དེ་རིང་དེ་ལྡོག་སྟེ།
ཐལ་རྡུལ་དང་ངུ་ངག་གིས་ཁེངས།
སྙིང་ཉེ་བའི་དིང་རི་བ་ཚོ།
མི་རབས་ནས་མི་རབས་གཅེས་སྲུང་གནང་བའི་ཁང་ཁྱིམ་དྲོད་མོ་ས་རུ་བརྡིབས།
མི་ལུས་རིན་ཆེན་བཙན་གྱིས་འཕྲོག
རི་ལུང་ཐམས་ཐད་ཐལ་རྡུལ་གྱིས་ཁེངས།
སྙིང་ཉེ་བའི་དིང་རི་བ་ཚོ།
ཐལ་རྡུལ་ཁྲོད་ནས་གསོན་པོར་གནས་པའི་བྱིས་པ་འགས།
ཨ་མ་དང་ཨ་ཕ་ཞེས་སྒྲོག་བཞིན་འདུག
དངོས་གནས་འབྱུང་བ་ལ་སྙིང་རྗེ་མེད་པ་ཞིག་རེད།
མིག་ཆུ་རང་དབང་མེད་པར་ས་ལ་ལྷུང་།
བྲང་ཁར་ན་ཟུག་ལྡང་བ་དང་།
ང་རང་ཅི་དྲན་མེད་པར་ཀྲོང་ངེར་ལུས།
སྙིང་ཉེ་བའི་དིང་རི་བ་ཚོ།
འབྱུང་བས་ཕ་མ་ཁ་བྲལ་དུ་བཏང་སོང་ལ།
ཁང་གཞིས་དྲོད་མོ་ཐལ་བར་བསྒྱུར་སོང་།
མི་རིགས་ཀྱི་བླ་སྲོག་བཅོལ་སའི་གཙུག་ལག་ཁང་གཞིག་རལ་དུ་གྱུར་སོང་ལ།
སྐུ་གསུང་ཐུགས་རྟེན་ས་འོག་ཏུ་ནུབ་སོང་།
བླ་མ་དཀོན་མཆོག་གིས་མཁྱེན།
དཀོན་མཆོག་གིས་མཁྱེན།
འོན་ཀྱང་། མདོ་དབུས་ཁམས་ཀྱི་སེམས་བཟང་ཅན་ཚོས།
ས་ཡོམ་བརྒྱབ་པ་ཐོས་མ་ཐག
ཡིད་གཉིས་ཐེ་ཚོམ་མེད་པར།
བརྩེ་སེམས་དྲོད་མོས་རོགས་རམ་གནང་།
སྤུན་ཟླ་དིང་རི་བ་ཚོ།
ང་ཚོ་ནམ་ཡང་ཁྱེད་ཚོ་དང་མཉམ་དུ་ཡོད།
མར་འགྱེལ་སའི་ས་གཞི་དེ་ནས།
སླར་ཡང་ལངས་ཐུབ་པའི་ནུས་ཤུགས་གཅིག་ཏུ་བསྒྲིལ་དགོས།
སྤུན་ཟླ་དིང་རི་བ་ཚོ།
སེམས་མ་ཞུམ་ཨང་།
ནམ་ཡང་ང་ཚོ་མཉམ་དུ་ཡོད།
ལག་གཉིས་ཐལ་མོ་སྦྱར་ནས།
གཞིས་ལུས་སྤུན་ཟླ་ཚོར་བཀའ་དྲིན་ཆེ་ཞུ་བར་འདོད།
ཤུལ་ལུས་ནང་མི་བུ་ཕྲུག་དེ་དག་ལ།
ཁང་གཞིས་དྲོད་མོ་དང་།
ལྟོ་གྲོད་གཡོ་ས་ཙམ་ཡང་མེད་པར།
དགུན་ཟླ་གྲང་མོའི་དཀྱིལ་དུ་ལུས།
སྤུན་ཟླ་དིང་རི་བ་ཚོ།
ཁ་ལ་ཟས་དང་།
ལུས་ལ་གོས་སྦྱིན་ཞིང་།
རང་གི་ཤ་ཁྲག་ལས་སྐྱེས་པའི་བུ་ཕྲུག་ལྟར་ལྟ་སྐྱོང་གནང་བ་ནི།
དེ་འདྲའི་རླབས་ཆེན་གྱི་བྱམས་བརྩེ་ཞིག་མ་ཡིན་ནམ།
སྤུན་ཟླ་དིང་རི་བ་ཚོ།
ང་ཚོའི་མི་རིགས་ལ་དེ་འདྲའི་གོད་ཆག་བྱུང་དུས།
མདོ་དབུས་ཁམས་གསུམ་གྱི་སྤུན་ཟླ་ཚོས།
མཐུན་སྒྲིལ་ལག་འབྲེལ་གྱིས་མདུན་དུ་བསྐྱོད།
ས་སྟེང་དུ་མིག་དཔེར་འོས་པའི་ལས་དོན་བསྒྲུབས།
གཞན་གྱིས་ང་ཚོའི་མི་རིགས་ལ་བྱམས་སེམས་ཅན་གྱི་མི་རིགས་ཅེས།
བསྟོད་དབྱངས་ལེན་པ་དོན་ལ་གནས།
ད་ལན་འཛམ་གླིང་མི་དམངས་ལ་དཔང་རྟགས་བསྟན་ཡོད།
སྤུན་ཟླ་དིང་རི་བ་ཚོ།
གཞིས་བཞུགས་གླུ་པ་དང་གླུ་མ།
ཚོང་པ་དང་ཞིང་འབྲོག་པ་ཚང་མར་བཀའ་དྲིན་ཆེ།
ཁྱེད་རྣམས་ཀྱི་ལྷག་བསམ་དང་སེམས་ཤུགས་ལས།
ང་ཚོར་སྲོག་གི་དབུགས་གསར་པ་ཞིག་ཐོབ་བྱུང་།
བཀའ་དྲིན་ཆེ། བཀའ་དྲིན་ཆེ།