རྔ་བ་ཀུན་བཟང་།
ལུས་པོ་མི་ཡུལ་ན་ལྷག སེམས་པ་གངས་འདབ་ན་འཁྱམས། རྣམ་ཤེས་རབ་རིབ་ཏུ་འགྱུར་བའི་དེ་རིང་། ངས་ཤ་རུས་དགུང་རྒྱུད་གཅིག་པའི་བོད་རིགས་སྤུན་ཟླ་ཡོངས་ལ་ལོ་སར་ལ་རྟེན་འབྲེལ་ཞུ་བཞིན་ཡོད། སྐུ་ཁམས་བཟང་། ཅི་བསམ་དོན་གྲུབ་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ། གང་ལྟར་ཞི་མོ་ང་ལས་དབང་བཙན་པོ་ཞིག་གིས་ས་མཐར་འཁྱམས་དགོས་བྱུང་། གནས་འདིར་བདེ་སྐྱིད་ཡོད་ཀྱང་མེད་ཀྱང་། འཚོ་བ་སྐྱོ་ཡང་སྡུག་ཀྱང་། ནང་མི་ཡོད་ཀྱང་མེད་ཀྱང་། ལོ་གསར་བའི་དུས་སྟོན་ལ་རོལ་བཞིན་ཡོད། དགའ་དགའ་སྤྲོ་སྤྲོའི་ངང་བདེ་སྐྱིད་ཀྱི་འཚོ་བར་རོལ་བཞིན་ཡོད།
སྤུན་ཟླ་རྣམས། ལོ་སར་ལ་རོལ། འཁྲུལ་སྣང་སྒྱུ་མའི་ཆུ་བུར་ཡིན་ཡང་བདེ་བ་ཡོད། སྐད་ཅིག་རྨི་ལམ་ཙམ་གྱི་མྱོང་བ་ཡིན་ཡང་དྲན་གསོ་མང་། རེག་རྒྱུ་མེད་པའི་ཉི་འོད་ཡིན་ཡང་དྲོད་སྣང་ཆེ། དེའི་ཕྱིར་དགའ་སྐྱིད་ཀྱི་མྱོང་བ་མ་ཉམས་གོང་། ལོ་སར་གྱི་དུས་སྟོན་ལ་རོལ་ཨཱ། མི་ཚེ་ཟེར་བ་ནི་ཉག་ཁའི་དར་ལྕོག་དང་མཚུངས། འུར་རླུང་བཙན་པོ་ཞིག་ནམ་ཡོང་ཆ་མེད་རེད། ཁད་ཀྱིས་ཁད་ཀྱིས་རྒས་འགྲོ་བ་དང་། རིམ་བཞིན་རིམ་བཞིན་འཆི་འགྲོ་བ་ཆོས་ཉིད་ཡིན།
སྤུན་ཟླ་རྣམས། ལོ་སར་ལ་རོལ། ཁྱེད་ཅག་གི་ངང་རྒྱུད་རིང་བའི་ཕུགས་བསམ་དང་། རྣམ་དག་གི་སེམས་པ། འཚོ་སྟངས་དང་དཀའ་སྡུག་ལ་ངལ་གསོ་ཐེངས་གཅིག་གནང་དགོས།
རྔ་བ་ཀུན་བཟང་། ༢༠༢༡། ༢།༡༡།