འཇམ་དབྱངས་དཀར་པོ།
—–《སྲིད་སྐྱོང་ལས་ཐོག་བློ་བཟང་སེངྒེ་མཆོག་༢༠༡༦ གི་སྲིད་སྐྱོང་ལ་ལང་རྒྱུ་ཡིན་པའི་གསར་འགོད་གསལ་བསྒྲགས་ལ་ཉན་རྗེས།》
རྩིས་སྤྲད་པ་རེད་དམ་སྤྲད་པ་རེད།
དགུང་ལོ་ ༡༦ ལ་སོན་པའི་ཏཱ་ལའི་བླ་མ་མཆོག་བཙན་ཚུགས་ཀྱིས་རྒྱལ་ཁྲིར་བཞག་སྟེ། ཐམ་ཀ་ཞིག་ཕུལ་བ་དེ་ཙམ་ལས་བོད་སྡེ་བ་གཞུང་གིས་ལོ་ན་ཆུང་བའི་ཏཱ་ལའི་བླ་མར་རྩིས་སྤྲོད་རྒྱུ་ཅི་ཡང་ལྷག་མེད། ཏཱ་ལའི་བླ་མས་ཐམ་ཀ་དེ་ཧ་ཅང་གཅེས་སྤྲས་གནང་ནས། མཐར་མི་མང་གིས་བདམས་པའི་སྲིད་སྐྱོང་ལ་རྩིས་སྤྲད་ནས་སྲིད་ཀྱི་བདག་པོར་མངའ་གསོལ། ཉི་མ་དེ་ནས་བཟུང་སྲིད་སྐྱོང་རིམ་བྱོན་གྱིས་ཐམ་ཀ་དེ་རྩིས་སྤྲོད་རྩིས་བཞེས་གནང་སྟེ། བོད་ཁ་བ་ཅན་གྱི་སྲིད་ཀྱི་ཁ་ལོ་སྒྱུར་དགོས་པ་ཡིན་མོད། ད་ལྟའི་སྲིད་སྐྱོང་གིས་བཤད་པ་ལྟར་ན། “ཏཱ་ལའི་བླ་མས་ཐམ་ཀ་དེ་སྲིད་སྐྱོང་བློ་བཟང་སེངྒེ་ལ་གནང་སོང་ཟེར།” ཕལ་ཆེར་བོད་སྐད་དུ་ཡང་”གནང་བ་”དང་”རྩིས་སྤྲད་པ་”ལ་གོ་དོན་མི་འདྲ་བ་ཡོད་རྒྱུ་རེད། འོན་ཀྱང་སྲིད་སྐྱོང་བློ་བཟང་སེངྒེ་ས་ཆ་གང་དུ་སོང་ཡང་ཏཱ་ལའི་བླ་མས་སྟག་བྲག་གི་སྲིད་ཐམ་ཁོ་ལ་གནང་སོང་ཞེས་སྒྲོག་གིན་ཡོད་དེ། ཤེས་ཡོན་དམའ་ཞིང་དད་འདུན་ཆེ་བའི་མང་ཚོགས་ཀྱི་སེམས་ཁམས་སུ་རང་ཉིད་ཁྱད་དུ་འཕགས་པ་ཞིག་ཡིན་པའི་སྒྲུབ་བྱེད་དུ་བཀོད་པ་ཙམ་ཡིན། དེས་ན་ཏཱ་ལའི་བླ་མ་མཆོག་གིས་སྟག་བྲག་གིས་ཏཱ་ལའི་བླ་མར་རྩིས་སྤྲད་པའི་སྲིད་ཐམ་དེ་བློ་བཟང་སེངྒེ་ལ་རྩིས་སྤྲད་པ་ལས་སྤྲད་མེད་པ་ངེས་པར་དུ་ཤེས་དགོས།
ལྔ་དང་ལྔ་བཅུ།
མཁས་དབང་དུ་གྲགས་པའི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་”ལོ་ ༥༠ ཡིན་ན་ཡང་གང་ཐུབ་ཅི་ཐུབ་གནང་ཐུབ་པ་ཡིན་ན། ལོ་ ༥༠ དེ་ག་ཚོད་བརྟན་པོར་ཕྱིན་པ་དེས་ལོ་ ༥ ལ་ཕན་གྱི་རེད་”ཟེར། འདི་མཁས་དབང་མཆོག་གི་སྲིད་གཞུང་སྲ་བརྟན་གྱི་ཐབས་ཇུས་ཤིག་ཡིན་ནོ་སྐད་ཀྱང་། བརྡ་སྤྲོད་རིག་པའི་ཁྱབ་ཁོངས་ནས་བལྟས་ན། གང་དུ་ཕན་གདག་བྱ་དང་གང་གིས་ཕན་འདོགས་པའི་ཁྱད་དབྱེ་ཙམ་ཡང་ཤེས་མི་འདུག་པས། འདི་ཡང་སྲིད་སྐྱོང་མཆོག་གི་སེམས་ནས་དྲན་པ་དང་ཁ་ནས་ཤོར་བ་གཉིས་འགལ་བ་ཆགས་པ་མིན་ལས་ཆེ། སྲིད་སྐྱོང་མཆོག་གི་སྐད་ཆ་འདི་དང་འདི་འདྲ་བ་མང་པོ་མང་པོ་ཞིག་གོ་ཡོང་དུས། མཁས་དབང་སྲིད་སྐྱོང་མཆོག་གི་མཁྱེན་ཡོན་དེ་ཡང་ཅི་འདྲ་ཡིན་ནམ་སྙམ་པའི་དྭོགས་པ་ཞིག་ངང་གིས་སྐྱེ་བར་འགྱུར།
སྐུ་ངོ་བློ་སེང་གི་ལག་མགོ་ད་དུང་ཚ་བོ་ཡིན།
སྲིད་སྐྱོང་མཆོག་འཛམ་གླིང་གང་སར་ཕེབས་ནས་བོད་དོན་དྲིལ་བསྒྲགས་དང་འགྲེལ་བརྗོད་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་ལས་འཁང་ར་ཅི་ཡང་མེད། འོན་ཀྱང་སྲིད་སྐྱོང་མཆོག་གིས་”འཛམ་གླིང་སྤྱི་ཡོངས་ག་བར་ཕྱིན་པ་ཡིན་ནའང་འབྲེལ་བ་གསར་བ་བཟོ་ཐུབ་པ་དང་གཏིང་ཟབ་ཏུ་འགྲོ་བཞག་པ་མང་པོ་བྱུང་ཡོད་”ཟེར། སྐུ་ངོ་སྲིད་སྐྱོང་མཆོག་གིས་བཀའ་མོལ་འདི་གནང་སྐབས། བགྲེས་སོང་དུ་གྱུར་བའི་ཏཱ་ལའི་བླ་མ་མཆོག་གིས་ཁྱེད་ཀྱི་ལག་མགོ་ནས་འཇུས་ཏེ། ཨ་རིའི་གྲོས་ཚོགས་གོང་འོག་གི་གནད་ཡོད་མི་སྣ་གཙོས། ཏཱ་ལའི་བླ་མར་འབྲེལ་བ་ཟབ་པའི་ཆེས་མཐོའི་དཔོན་རིགས་རེ་རེར་ངོ་སྤྲོད་གནང་སྟེ། “ང་ལ་རྒྱབ་སྐྱོར་གནང་བ་བཞིན་བོད་ཀྱི་སྲིད་སྐྱོང་འདི་ལ་ཡང་གནང་རོགས་”ཞེས་ཞུ་བ་འཐེན་པ་ནམ་ཡང་བརྗེད་མི་ཉན་ཏེ། ཁྱེད་ཀྱིས་ཕྱི་ནང་གང་སར་ཏཱ་ལའི་བླ་མའི་རྗེས་སྙེག་ནས། ཏཱ་ལའི་བླ་མས་རང་ཉིད་གཞན་ལ་ངོ་སྤྲོད་གནང་རྒྱུའི་གོ་སྐབས་དམ་དུ་འཛིན་བཞིན་པས་སོ།། འོན་ཀྱང་སྐུ་ངོ་བློ་བཟང་སེངྒེའི་རང་ཉིད་ཁོ་ནས་འཇོན་པ་ཡིན་རབས་ཀྱི་སྐད་ཆ་འདི་དག་ལ་བལྟས་ན། སྐུ་ངོ་བློ་བཟང་སེངྒེ་མཆོག་ཐང་ཡངས་པོར་མ་སླེབས་གོང་ནས་ལྷ་ཨྱོན་པདྨ་བརྗེད་ཟིན་འདུག་སྙམ།
ཅི་ཡང་སྟོན་རྒྱུ་མེད་པའི་ལོ་བཞི།
མི་གཅིག་གི་ལས་ཀའི་བརྒྱུད་རིམ་ནས་བཤད་ན་ལོ་བཞི་ནི་ལོ་ཡུན་ཅུང་རིང་པོ་ཡིན་པས། མིའུ་རང་ཉིད་ལ་འཇོན་ཐང་ཡོད་མེད་ཀྱི་དབྱེ་མཚམས་གསལ་བོ་ཕྱེ་ཡོད། གཞུང་སྒེར་ཅི་འདྲ་ཞིག་གི་འགན་འཛིན་ཡིན་ཡང་ལོ་བཞིའི་རིང་ལ་གྲུབ་འབྲས་དམིགས་བསལ་བ་ཞིག་སྟོན་མ་ཐུབ་ཚེ། དེའི་རྗེས་མ་རྣམས་སུ་ཡང་བྱ་བ་རྣམས་བཏང་སྙོམས་ཀྱི་མུ་ནས་རྫོགས་འགྲོ་བ་སྐྱེ་བོ་ཕལ་ཆེ་བའི་ཆོས་ཉིད་ཡིན་པས། སྲིད་སྐྱོང་བློ་བཟང་སེངྒེའི་ལོ་བཞིའི་རིང་གི་གྲུབ་འབྲས་ཆེ་ཤོས་དེ་”ལྷིང་འཇགས་ཆགས་པ་”དེ་ལས་གཞན་མེད་ན། ལོ་ལྔ་བསྐྱར་དུ་ཐོབ་ཀྱང་གྲུབ་འབྲས་དེ་ཙམ་ལས་ཡོད་མི་སྲིད་པས། གདམ་བྱ་དང་འདེམས་བྱེད་ཀྱི་ཐོབ་ཐང་ཡོད་པའི་བོད་རིགས་རྣམས་ཀྱིས་ངེས་པར་དུ་གཟབ་དགོས།
མཆུ་ཏོ་བོད་ལ་མ་སྲིང་།
དུས་རྒྱུན་སེམས་ཀྱི་འཆར་སྒོ་ཞིག་ལ་ཏཱ་ལའི་བླ་མ་ཕུད་པའི་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ལ། བོད་ནང་གི་བོད་མི་ཚོར་སྐད་ཡིག་སྲུང་སྐྱོབ་བྱ་དགོས་རབས་དང་། ཁོར་ཡུག་ལ་བདག་གཅེས་བྱ་དགོས་རབས། དཔལ་འབྱོར་རང་ཚུགས་ཐུབ་པ་དགོས་རབས་སོགས་སྣང་བ་རྒྱ་ཡན་པའི་སྐད་ཆ་དེ་དག་བཤད་རྒྱུའི་ཐོབ་ཐང་ཡེ་ནས་མི་འདུག་སྙམ་སྟེ། གལ་སྲིད་བོད་ནང་ནས་ལྡོག་འདྲི་ཞིག་བྱས་ན་སྲིད་སྐྱོང་མཆོག་ལ་ཡང་ལན་ཅི་ཡང་མེད་པ་མཐོང་གསལ་རེད། སྤྱིར་བཙན་བྱོལ་ནང་གི་མཐོ་སློབ་ཐོན་པ་ཕལ་ཆེ་བར་བོད་ཡིག་ལྟ་ཅི། ཐ་ན་དབྱིན་ཡིག་ཐོག་སྙན་ཞུ་ཚད་ལྡན་ཞིག་ཀྱང་འབྲི་མི་ཐུབ་པ་ཡོངས་གྲགས་ཡིན་མོད། སྲིད་སྐྱོང་མཆོག་གིས་ཉེ་བའི་ཆར་”ཤེས་ཡོན་ཐོག་ནས་ཡར་རྒྱས་འགྲོ་བཞིན་ཡོད་”ཅེས་ངོམ་ངོམ་བྱེད་ཀྱིན་འདུག་ཀྱང་། ཡིག་ཚད་ཀྱི་རྒྱུགས་འབྲས་མཐོ་བོ་བླངས་པའི་སློབ་གྲྭ་དེ་དག་བོད་ཕྲུག་ཁྱིམ་སྡེའི་འཛིན་སྐྱོང་འོག་གི་སློབ་གྲྭ་རེད་དམ། ཤེས་རིག་ལས་ཁུངས་ཀྱི་འཛིན་སྐྱོང་འོག་གི་སློབ་གྲྭ་རེད། ཉ་དང་ཉུང་མ་མི་བསྲེ་བར་ཞུའོ།།
སྲིད་སྐྱོང་གི་གཡོལ་ཐབས།
སྐབས་འདིར་ངས་ ༡༩༥༩ ལོར་བོད་རྒྱལ་ཁབ་མ་ཤོར་གོང་གི་སྐད་ཆ་ཞིག་དྲན་སོས་སོང་། ཁམས་དང་ཨ་མདོ་རྒྱ་ལག་ཏུ་ཤོར་བའི་གནས་ཚུལ་ལྷ་ས་ལ་འབྱོར་དུས། ལྷ་སའི་སྐུ་དྲག་ཚོ་ན་རེ། “བོད་ནི་ལྷ་དང་བླ་མའི་གདན་ས་ཡིན་པས་སུའི་གནོད་པས་ཀྱང་མི་ཚུགས་”ཞེས་བཤད་མྱོང་བ་དེ་རེད། གཞིས་ལུས་བོད་མི་དང་བཙན་བྱོལ་བོད་མི་ཕལ་མོ་ཆེས་ཏཱ་ལའི་བླ་མ་མཆོག་གི་སྐུའི་སྲུང་སྐྱོབ་ལ་སེམས་ཁྲལ་དང་། ལྷག་པར་ལོ་རྒན་བརྒྱད་ཅུ་ལ་སོན་པའི་ཏཱ་ལའི་བླ་མ་མཆོག སྔར་བཞིན་ངལ་གསོ་ལོང་ཙམ་ཡང་མེད་པར་བོད་བསྟན་སྲིད་ཀྱི་ཆེད་དང་། བོད་མི་རིགས་ཀྱི་ཆེད་རྒྱུག་རྒྱུག་པ་མཐོང་ཐེངས་རེ་རེ་དང་། གོ་ཐེངས་རེ་རེར་སྣ་བུག་ལ་ཚ་ཤར་རྒྱག་པའི་ན་ཟུག་རེ་རེ་སྐྱེ་བཞིན་ཡོད། བོད་མི་དེ་དག་གི་རེ་བ་ནི་ཏཱ་ལའི་བླ་མ་སྐུ་ཚེ་ཡུན་རིང་བརྟན་ཏེ། ཕྱིར་བོད་ཁ་བ་ཅན་ལ་ཕེབས་རྒྱུ་དེ་ཡིན་པས། ཁོ་ཚོའི་སེམས་སུ་ཏཱ་ལའི་བླ་མ་མཆོག་གི་སྐུའི་སྲུང་སྐྱོབ་དང་འཕྲོད་བཞེས་འཐུས་མ་ཤོར་བར། སྐུ་ཚེ་ཡུན་ནས་ཡུན་དུ་བརྟན་རྒྱུ་དེ་ཧ་ཅང་དོན་ཆེན་ཞིག་ཏུ་གྱུར་ཡོད་ཀྱང་། སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་”ཆོས་སྐྱོང་སྲུང་མའི་བཀའ་དྲིན་ལ་བརྟེན་ནས་ད་ལྟའི་བར་དུ་སྐུ་ཕྱྭའི་ཐོག་གནས་ཚུལ་གཅིག་ཀྱང་བྱུང་ཡོད་པ་མ་རེད་”ཟེར། ངས་བལྟས་ན་སྲིད་སྐྱོང་གི་སྐད་ཆ་འདི་ཏཱ་ལའི་བླ་མའི་སྐུ་ཕྱྭ་དང་འཕྲོད་བཞེས་ལ་འགན་མ་བླངས་པའི་འཆལ་གཏམ་ཞིག་དང་། གཡོལ་ཐབས་ཤིག་རེད་སྙམ།
སྲིད་སྐྱོང་ལ་ལྗིད་ཁོག་མི་འདུག
དེང་སང་བོད་ནང་གི་གཞས་པ་གཞས་མ་རྣམས་ཀྱང་སྒོར་མོ་ལ་ཕྱོགས་ཏེ། གཞས་པ་གཞས་མ་རྒལ་ཚིགས་ཡོད་མཁན་དཀོན་པའི་ཚོད་རེད། དཔེར་ན། བླ་དཔོན་སུ་ཞིག་གིས་སྒོར་མོ་སྤྲད་ན་དེར་བསྟོད་གཞས་ལེན། བོད་ནང་གི་གཞས་པ་གཞས་མ་ཚོའི་གོང་ཚད་ཀྱང་ཧ་ཅང་དམའ་སྟེ། བླ་དཔོན་གང་ཞིག་ལ་བསྟོད་གཞས་བཏང་ནས། ཁོ་ཚོའི་འོད་སྡེར་གཅིག་གི་སྦྱིན་བདག་བྱས་ན་དེ་གས་འགྲིག་པ་རེད། བློ་བཟང་སེངྒེའི་ཕྱོགས་གཏོགས་པ་འགས་ཀྱང་གཞས་པ་ཞིག་ལ་གླ་དངུལ་སྦྱིན་ནས། བློ་བཟང་སེངྒེ་ལ་བསྟོད་གཞས་ལེན་དུ་བཅུག་པ་ཡིན་པས་ངོམ་རིན་ཅི་ཡང་མེད་མོད་ཀྱང་། སྲིད་སྐྱོང་མཆོག་གིས་”བོད་ནས་གཞས་བཏང་པ་དང་དགོན་སྡེ་ཁག་གིས་སྨོན་ལམ་རྒྱག་པ་སོགས་བྱེད་ཀྱི་ཡོད་”ཅེས་རིན་གྱིས་ཉོས་པའི་གཞས་བཏང་བ་དེ་ལ་ཡང་རིན་ཐང་བཞག་པར་གཞིགས་ན། སྲིད་སྐྱོང་མཆོག་གི་མི་གཞི་ལ་ལྗིད་ཁོག་མེད་པ་ཡང་ཧ་ཅང་གསལ་བོ་རེད། དཔེར་ན། རང་གི་ཐང་ཀ་སྲིད་སྐྱོང་གི་ལས་ཁུངས་ནང་བཤམ་པ་ལྟ་བུའོ།།
སྲིད་སྐྱོང་ལགས། མི་ཤེས་ན་མ་བཤད།
སྤྱིར་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བོད་ཀྱི་ཆོས་དང་རིག་གཞུང་། ལོ་རྒྱུས་སོགས་གང་ལ་ཡང་ཐུགས་སྣང་གནང་མེད་ཙ་ན། མ་ཤེས་པ་དེ་སྐྱོན་གྱི་འབྱུང་རྩ་ཞིག་ལོས་ཀྱང་ཡིན། དེས་ན་སྲིད་སྐྱོང་མཆོག་གིས་”དུས་འཁོར་དབང་ཆེན་ལ་ཞོགས་པ་སྔ་མོ་ནས་སྒྲུབ་བྱ་གནང་དགོས་ཀྱི་ཡོད་པ་རེད། གསུང་ཆོས་གཞན་དག་ལ་བཞུགས་ཁྲིའི་སྒང་བཞུགས་ནས་གསུང་ཆོས་གནང་རྒྱུ་རེད། དེ་གཉིས་ཧ་ལས་པའི་ཁྱད་པར་ཡོད་པ་རེད། དུས་འཁོར་དབང་ཆེན་གྱི་སྒྲུབ་བྱ་དེར་སྐུ་ངལ་ཧ་ལས་པ་ཆེན་པོ་ཡོད་”ཟེར། མཁས་དབང་ལགས། ཁྱོད་ཀྱིས་དུས་འཁོར་དབང་ཆེན་དང་གསུང་ཆོས་གཞན་གྱི་ས་མཚམས་ཕྱེ་བ་དེར་གོ་རྒྱུ་ཅི་ཞིག་འདུག དེ་ནས་ཤེས་དགོས་པ་ཞིག་ལ། སྐུ་ཉིད་ངལ་གསོའི་བར་མཚམས་མེད་པར་འབོལ་གདན་ཞིག་གི་སྟེང་དུ་ཞོགས་པ་ཆུ་ཚོད་ ༨ ནས་ ༡༢ བར་དང་། ཕྱི་དྲོ་ཆུ་ཚོད་ ༡ ནས་ ༤ བར་སྐྱིལ་མོ་ཀྲུང་གིས་བསྡད་དེ། ཉི་མ་དང་བདུན་ཕྲག་བསྟུད་ནས་བཀའ་སློབ་ཅིག་གནོངས་དང་། བཞུགས་ཁྲིའི་སྒང་ནས་གསུང་ཆོས་གནང་བ་དེ་ཅི་འདྲའི་དཀའ་ལས་ཁག་པོ་ཞིག་ཡིན་པ་ཤེས་ཐུབ་པས། མི་ཤེས་ན་སྲིད་སྐྱོང་ཡིན་ཡང་མ་གསུངས་ན་ཆོག
མདོ་སྨད་ལ་ངན་ཁག་མ་དཀྲི
བོད་རྒྱལ་ཡོངས་ན་ལོ་ ༨༠ ལོན་པ་དང་གྱ་སྟོན་ཞེས་སྟོན་མོ་རྒྱ་ཆེན་པོ་རེ་བྱེད་པ་དེ། མདོ་སྨད་ཡོངས་དང་མདོ་སྨད་ཀྱི་ས་འདྲེས་མདོ་སྟོད་ཀྱི་ས་ཆ་རེ་ཟུང་ན་མ་གཏོགས་མེད་ཚུལ་རེད། ད་ལོ་ཏཱ་ལའི་བླ་མ་མཆོག་དགུང་ལོ་ ༨༠ ཕེབས་པར། གཞིས་ལུས་མདོ་སྨད་ཡོངས་དང་ཁམས་ཀྱི་ས་གནས་མང་པོ་ཞིག་ནས་ཀྱང་། དགའ་བའི་གླུ་བླངས་ཤིང་སྐྱིད་པའི་བྲོ་བརྡུང་སྟེ། ལྷག་བསམ་རྣམ་དག་གིས་ལྡོག་མེད་ཀྱི་དད་སེམས་མཚོན་པར་བྱས་ཡོད་པར་མ་ཟད། བྱེས་གྱར་མདོ་སྨད་པ་རྣམས་ཀྱིས་ཀྱང་གོས་ཡག་པོ་ཡོད་ན་དེ་རིང་གྱོན་དགོས་པ་དང་། ཟས་ཞིམ་པོ་ཡོད་ན་དེ་རིང་ཟ་དགོས་པའི་བཀྲ་ཤིས་པའི་ཉིན་མོ་ཞིག་ཏུ་རྩིས་ནས། དྷ་རམ་ས་ལར་ཆོས་ལུགས་ཀྱི་ཆོ་ག་དང་། ཟང་ཟིང་གི་མཆོད་པ་སོགས་ཀྱིས་ཏཱ་ལའི་བླ་མ་མཉེས་པར་བྱས་ཡོད། ཉེ་ཆར་ཨ་རིའི་སྨན་ཁང་ཞིག་ནས་ཏཱ་ལའི་བླ་མ་མཆོག་ལ་ངེས་པར་སྐུ་ངལ་གསོ་དགོས་པའི་རེ་འདུན་བཏོན་པ་ལྟར། ཏཱ་ལའི་བླ་མས་ཀྱང་མཛད་འཆར་མང་པོ་ཞིག་མེད་པ་བཟོས་པ་རེད། འོན་ཀྱང་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་”གྱ་སྟོན་ནས་བཟུང་སྟེ་སྐུ་ཐང་ཆད་ཀྱི་ཡོད་པ་གསལ་བོ་ཡིན་”ཞེས་ཏཱ་ལའི་བླ་མ་སྐུ་ཐང་ཆད་པའི་ཁག་དཀྲི་དེ་མདོ་སྨད་ཀྱི་གྱ་སྟོན་ལ་བྱས་འདུག་པའི་སྐད་ཆ་འདིར་སྲིད་སྐྱོང་མཆོག་གིས་ངེས་པར་དུ་འགན་ལེན་དགོས་པར་མ་ཟད། སྲིད་སྐྱོང་གི་སྐད་ཆ་འདི་ཧ་ཅང་ཚབས་ཆེན་རེད། བློ་བཟང་སེངྒེའི་སྐད་ཆ་འདི་ལས་དཔོག་ཐུབ་པ་ནི། གལ་སྲིད་ཁོ་རང་སྲིད་སྐྱོང་ལས་ཐོག་སྐབས་ཏཱ་ལའི་བླ་མའི་སྐུ་ཕྱྭ་ལ་བར་ཆད་ཅིག་བྱུང་ན། དེའི་ངན་ཁག་དཀྲི་ས་ཞིག་འཚོལ་བཞིན་པ་ཡང་ཧ་ཅང་གསལ་བོ་ཡིན་པས། བློ་བཟང་སེངྒེའི་ཀུན་སློང་ལ་ཡང་དྭོགས་པ་ཞིག་ངང་གིས་སྐྱེ་བཞིན་འདུག
སྲིད་སྐྱོང་བློ་སེང་གིས་ཏཱ་ལའི་བླ་མ་བརྗེད་འདུག
སྤྱིར་མཁས་པ་ཞིག་ཡིན་ཕྱིན་ཁོའི་སྐད་ཆར་ཉན་གྱིན་ཉན་གྱིན་ཉན་སྤྲོ་བ་དང་། ཁོས་ཀྱང་བཤད་ཀྱིན་བཤད་ཀྱིན་གཏིང་ཇེ་ཟབ་དང་བརྗོད་བྱ་ཇེ་གསལ་ལ་འགྲོ་བ། བཀའ་སློབ་སྔ་ཕྱི་འབྲེལ་ཆགས་ཤིང་། རྗོད་བྱེད་ཚིག་དང་བརྗོད་བྱའི་དོན་གཉིས་ལྷུ་འགྲིག་པ་སོགས་ཀྱིས་ཀུན་ངོ་མཚར་བར་བྱེད། འོན་ཀྱང་ཨ་རིའི་ཧ་ཝར་ཊི་སློབ་ཆེན་གྱི་འབུམ་རམས་པ་དང་། མཁས་དབང་གི་ཆོ་ལོ་ཡོད་པའི་བོད་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གི་སྐད་ཆ་དག་ལ། ཅིའི་ཕྱིར་ལྗིད་ཁོག་མེད་སོང་བ་རེད། ཅིའི་ཕྱིར་སྐད་ཆ་སྔ་ཕྱི་འབྲེལ་མ་ཆགས་པ་རེད། ཉེ་ཆར་ཨ་རིའི་ནེའུ་ཡོག་དང་ནེའུ་རྗེར་སི་ལ་བཀའ་སློབ་གནང་སྐབས་དྲི་བ་ཞིག་གི་ལན་དུ། སྲིད་སྐྱོང་བློ་བཟང་སེངྒེ་ན་རེ། “༧གོང་ས་མཆོག་དགུང་ལོ་ ༡༦ ནས་ཆབ་སྲིད་ཀྱི་སྐུ་དབང་ཕུལ་བ་རེད། རྒྱ་གར་ལ་ཕེབས་དུས་དགུང་ལོ་ ༢༦ རེད། དགུང་ལོ་ ༡༦ ལ་སྐྱབས་བཅོལ་ལ་ཕེབས་ནས་བོད་མི་སྟོང་ཕྲག་བརྒྱད་ཅུ་དང་། བོད་ནང་ལ་ཡོད་པའི་བོད་མི་ས་ཡ་དྲུག་གི་བདེ་སྡུག་གི་དོན་དག་ལ་སྐུ་ལས་གང་འདྲ་ཞིག་བསྐྱོན་ཡོད་པ་རེད་”ཟེར། མི་མང་རྣམས་ཀྱིས་ཀྱང་ཡིན་པའི་བརྡ་ལ་མགོ་བོ་ལྡེམ་ཙམ་རེ་བྱེད། སྲིད་སྐྱོང་མཆོག་གིས་གསར་འགོད་པ་ཞིག་གི་དྲིས་ལན་དུ་ཡང་”བོད་ལ་རྒྱལ་ཁབ་ཅིག་རྩ་ནས་ཡོད་མ་མྱོང་”ཟེར་བ་དེ། སྲིད་སྐྱོང་རང་ཉིད་ཀྱིས་ཀྱང་”ངའི་སེམས་ནས་དྲན་པ་དང་ཁ་ནས་བཤད་པ་གཉིས་ལོགས་སུ་ཕྱིན་པ་རེད་”ཟེར། དགོད་བྲོ་བོ་ཞིག་མ་རེད་དམ། བོད་ཀྱི་སྲིད་སྐྱོང་ཆེན་མོ་བློ་བཟང་སེངྒེ་ལ་མཁས་དབང་གི་ཆོ་ལོ་དེ་ཇི་ལྟར་ཐོབ་པ་ཡིན་ནམ། ཧ་ཝ་ཊི་ལ་ལྟག་སྒོ་བརྒྱུད་ས་ཡོད་དམ་སྙམ་པ་སོགས་དྲི་རྟགས་མང་པོ་མང་པོ་ཞིག་ཀླད་པའི་ནང་ལ་འཛུལ་ཡོང་གིན་འདུག
སྲིད་སྐྱོང་བློ་བཟང་སེངྒེ་ལགས། ཕྱག་ལས་མང་ཙམ་གནོངས། བཀའ་མོལ་ཉུང་ཙམ་གསུངས། སྐུ་མཁྱེན་་་་་།
སྲིད་སྐྱོང་བློ་སེང་ལ་རྒྱ་ཆེ་མི་མང་ནས་རྒྱབ་སྐྱོར་ཚད་མཐོ་བོ་འདུག་ལ་སླར་སྲིད་སྐྱོང་ལ་ལོ་ལྔ་
གཏན་འཁེལ་ཚར་བ་རེད་།
ཁྱེད་རང་སྒེར་ལ་ཤར་ཁུག་ལྟ་བུའི་ན་ཟ་འདྲ་ཡོད་ན་མི་ཤེས་དེ་མིན་འདི་ལོ་སྲིད་སྐྱོང་བརྔམས་མཁན་ཚང་མ་ཁ་སྡང་ནས་བཞུགས་རོགས་གནང་།
ཤ་ཚ་འཇམ་དབྱངས་དཀར་པོ། མང་པོ་ཤོད་མི་དགོས་ཁྱོད་དང་ཁྱོད་འདྲ་བ་རྒྱལ་བཙོང་ཉུང་ཤས་ཕར་སྤུད་ནས་མཁས་དབང་བློ་བཟང་སེང་གེ་ལ་བོད་མིའི་བརྒྱ་ཆ་བརྒྱད་ཅུ་ནས་མང་མོས་ཐོབ་པའི་དབུ་ཁྲིད་ཞིག་རེད མཁས་དབང་ཟེར་བ་དེ་ཁྱོད་རང་འདྲ་ཁ་ཤས་ཨ་མ་མ་གཏོགས་ངོ་མི་ཤེས སྒོ་ཐེམ་མ་གཏོགས་ལ་རྒྱག་མ་མྱོང་མཁན་ཁ་ཤས་ནས་སྤྲད་པ་མ་རེད འཛམ་གླིང་ན་སྐད་གྲགས་ཡོད་པའི་མཐོ་སློབ་ཧ་བ་ནས་གནང་བ་རེད གཞུང་དང་སྒེར་ཆོལ་ཁག་དང་ཆོས་ལུགས་བར་ལ་དཀྲུག་མ་ཡོངས་མ་གཏོགས་ལས་སླ་པོ་མི་བཞག་ཐག་ཆོད་
བློ་བཟང་སེངྒེ་ལ་ཡིད་ཆེས་མེད། ཁ་སྟོང་པ་གཅིག་པུ་རེད། དོན་དག་དངོས་སུ་ལོ་བཞི་ལྷག་ཙམ་རིང་ཡར་རྒྱས་དང་གསར་གཏོད་རི་བོང་རྭ་རེད། ད་ལོ་སྲིད་སྐྱོང་གསར་པ་ཞིག་ལ་འོས་བླུགས་དགོས།
ནུབ་ཕྱོགགས་གང་ཕྲུག་ལགས བློ་སེང་གིས་གསར་གཏོད་རི་བང་རྭ་རེད་ཟེར་ གསར་གཏོད་བརྒྱ་དང་དྲུག་ཅུ་རེ་གསུམ་གྲོས་ཚོགས་ནས་ས་ཡིག་བརྒྱག་ཡོད་པ་ཙམ་ཤེས་མི་འདུག་བ་ད་དུང་དེ་འདྲ་མ་ཤོད་མ་གཏོགས་བཤད་ཉན་ངོ་མ་ཚ་ན་ཉན་མཁན་ངོ་མ་ངོ་ཚའིས་
སྐད་ཆ་དྲང་པོ་ཞུས་ན་ལས་ཐོག་སྲིད་སྐྱོང་ཡིན་ནའང་རེད་གཞན་བཞི་བོ་སུ་ཡིནའང་རེད་གཞིས་ཆགས་དང་བོད་དོན་མ་གཏོགས་གསར་འབྱོར་ལ་འདི་བྱེད་རྒྱུ་ཡིན་ཟེར་མཁན་སུ་ཡང་སླེབས་མ་སོང་དེ་ཐོག་ལ་ངོ་མ་སེམས་ཕམ་ཡོད གཞིས་ཆགས་ཁག་ལ་ཞིང་ཁ་དང་ཁང་པ་ཡོད་ལ་མ་ཚད་ཡུལ་ལུང་འདི་ལ་ཚར་བས་སྐད་ཡིག་སོགས་གང་ཐད་ནས་དཀའ་ངལ་ཧ་ཅང་ཉུང་ཉུང་ཡིན དཀའ་ངལ་རྒྱག་མཁན་ངོ་མ་ནི་བོད་ནས་ཡིན་ཁ་ཤས་ནས་སྲོག་དང་ཁ་ཤས་ནས་དཔལ་འབྱོར་ཐོག་ལ་གྱོང་ཧ་ཅང་ཆེན་པོ་ཁུར་ནས་ཆབ་སྲིད་ཞུགས་ཀྱི་ཡོད དེ་ཚོ་ལ་རོགས་བྱེད་འདོད་ཡོད་ཀྱང་བྱེད་པའི་ཐབས་མི་འདུག་ཟེར་མ་ཎི་བགྲང་བགྲང་རེད་ཡིན་ནའང་འདི་ལ་གསར་དུ་འབྱོར་མཁན་རྣམས་ནི་གང་ཅི་ཐོག་དཀའ་ཧ་ཅང་ཡོད་པ་སྨོད་མེད་ཡིན་ནའང་་་ཉམས
ཆུང་དྲགས་ཡིན་ན་རྩོད་པ་རྒྱག་མ་ཐུག་པ་གང་ཡིན་ན་གང་ཤེས དམིགས་གསལ་ལྟ་རྟོག་སོགས་གང་ཡང་མེད་པ་མ་ཚད་མ་འོངས་ལས་འཆར་ནང་ལ་སྲིད་སྐྱོང་མི་བཞེངས་མཁན་སུ་ལའང་གསར་འབྱོར་ལ་ལ་འཆར་ཞིག་མི་འདུག་ལ་་་དེ་འདྲ་དགོས་པ་ཡང་ཕལ་ཆེར་སུས་སེམས་ནང་མེད་འདྲ
སྐད་ཆ་དྲང་པོ་ཞུས་ན་ལས་ཐོག་སྲིད་སྐྱོང་ཡིན་ནའང་རེད་གཞན་བཞི་བོ་སུ་ཡིནའང་རེད་གཞིས་ཆགས་དང་བོད་དོན་མ་གཏོགས་གསར་འབྱོར་ལ་འདི་བྱེད་རྒྱུ་ཡིན་ཟེར་མཁན་སུ་ཡང་སླེབས་མ་སོང་དེ་ཐོག་ལ་ངོ་མ་སེམས་ཕམ་ཡོད གཞིས་ཆགས་ཁག་ལ་ཞིང་ཁ་དང་ཁང་པ་ཡོད་ལ་མ་ཚད་ཡུལ་ལུང་འདི་ལ་ཚར་བས་སྐད་ཡིག་སོགས་གང་ཐད་ནས་དཀའ་ངལ་ཧ་ཅང་ཉུང་ཉུང་ཡིན དཀའ་ངལ་རྒྱག་མཁན་ངོ་མ་ནི་བོད་ནས་ཡིན་ཁ་ཤས་ནས་སྲོག་དང་ཁ་ཤས་ནས་དཔལ་འབྱོར་ཐོག་ལ་གྱོང་ཧ་ཅང་ཆེན་པོ་ཁུར་ནས་ཆབ་སྲིད་ཞུགས་ཀྱི་ཡོད དེ་ཚོ་ལ་རོགས་བྱེད་འདོད་ཡོད་ཀྱང་བྱེད་པའི་ཐབས་མི་འདུག་ཟེར་མ་ཎི་བགྲང་བགྲང་རེད་ཡིན་ནའང་འདི་ལ་གསར་དུ་འབྱོར་མཁན་རྣམས་ནི་གང་ཅི་ཐོག་དཀའ་ཧ་ཅང་ཡོད་པ་སྨོད་མེད་ཡིན་ནའང་་་ཉམས
ཆུང་དྲགས་ནས་ཡིན་ན་རྩོད་པ་རྒྱག་མ་ཐུག་པ་གང་ཡིན་ན་གང་ཤེས དམིགས་གསལ་ལྟ་རྟོག་སོགས་གང་ཡང་མེད་པ་མ་ཚད་མ་འོངས་ལས་འཆར་ནང་ལའང་་སྲིད་སྐྱོང་འོས་མི་བཞེངས་མཁན་སུ་ལའང་གསར་འབྱོར་ལ་ལས་འཆར་ཞིག་མི་འདུག་ལ་་་དེ་འདྲ་དགོས་པ་ཡང་ཕལ་ཆེར་སུས་སེམས་ནང་འཆར་མྱོང་མེད་པ་འདྲ
ཡཡ་་་་དྲ་གྲོགས་ཚོ་་་་་་ད་ནང་དམེ་བྱས་མ་སྡོད་ཨ། བསམ་ཚུལ་ཤོད་ཅིག་་་་་ དངོས་ཡོད་གཟིགས་ཤིག་་་་་གྲོས་བསྡུ་བྱ་ཅིག་་་་་བློ་སེང་ལྟ་བུ་ལ་སྡོམ་ཞིག་བརྒྱག་ན་དགོས་པའི་གྲུབ་འབྲས་དེ་ག་འདྲ་ཅིག་བྱུང་ཡོད་དམ། ཆིག་སྒྲིལ་ནི་ནང་རྩོད་མང་སོང་། རང་ཁ་རང་གསོ་ནི་ཕྱི་རྒྱའི་ལག་ནས་བོད་མི་བཙོང་བའི་སློང་མོ་རྒྱག་སོང་། གསར་གཏོད་ནི་བོད་ཡིག་བརྒྱ་ཆ་དྲུག་ཅུ་ལ་ཕབ་སོང་། གོང་ས༧མཆོག་བོད་ལ་གདན་འདྲེན་ཕར་ཞོག་རྒྱ་བོད་འབྲེལ་ལམ་བཅད་ནས་རྙོག་གླེང་མེད་པ་ལོ་བཞི་དང་ཕྱེད་ཡོལ་ནའང་ལྷིང་འཇགས་ཡོད་ཟེར་གྱི་འདུག་གདའ། དེའི་ཁར་སྲིད་སྐྱོང་མཆོག་ལ་འགྲུབ་ངོ་མ་གཟེངས་རྟགས་མང་པོ་སྐེ་ལ་བཏགས་རྒྱུ་རག་སོང་གདའ། དེ་འདྲ་ཡིན་དུས་ངས་བསམ་བློ་མང་པོ་གཏོང་བའི་མཇུག་སྡོམ་ལ་ཨ་ཚོགས་ཀླུ་མཁར་ལས་འོས་མི་འདུག་པས་ངེས་པར་དུ་འོས་གཅིག་དེ་ཁོང་ལ་འབུལ་རྒྱུ་ཡིན། ཀླུ་མཁར་སྲིད་སྟེགས་མ་ཐོབ་ནའང་ངས་འོས་འདེམས་དེ་ས་ཡ་དྲུག་གི་ཁབ་དབང་དང་འབྲེལ་ཡོད་དུས་ང་བློ་འགྱོད་མེད། གང་ལྟར་དུས་ཚོད་འདི་འདྲ་ཅིག་གི་ནང་ལ་ཀླུ་མཁར་སྲིད་སྟེགས་ལ་འོས་ལངས་བྱས་པ་འདིས་ང་བོད་པ་ཡིན་ཨ་བསམ་ནས་མགོ་བསྟེགས་ཐུབ་བོ།།
ང་ནི་སྤྱིར་ན་བོད་ཕྱི་ནས་འཚར་ལོངས་བྱུང་མཁན་སུ་ལ་ཡང་ཡིད་ཆེས་མེད། དེ་ཚོས་རང་ཁོ་ནའི་ཆེད་དུ་ཆབ་སྲིད་འཁྲབ་པ་ལས་བོད་སྤྱི་དོན་ལ་བསམ་བློ་མི་གཏོང་། ད་ལོའི་སྲིད་སྐྱོང་གི་འོས་མི་ཀླུ་མཁར་བྱམས་མ་ཡིན་པའི་གཞན་བཞི་བོ་ནི་གཅིག་པ་ཡིན། འོན་ཀྱང་ཀླུ་མཁར་བྱམས་ནི་དེ་དག་ལས་ཅུང་ཡག་ན་ཡང་ཁོ་ལ་རྒྱ་ནག་ནི་སློབ་གསོའི་ཞན་ཞུགས་འདུག་པས་ཁོ་ལ་སྲིད་སྐྱོང་ཐོབ་སོང་ན་བཙན་བྱོལ་ནང་ལ་གསར་བརྗེ་ཡི་འོས་ལངས་ཞིག་བྱུང་བ་དང་མཉམ་དུ་བཙན་བྱོལ་བོད་གཞུང་སྒོ་རྒྱག་དགོས་པ་ཁོ་ཐག་ཡིན། དེ་ལས་ད་ལོའི་སྲིད་སྐྱོང་འོས་མི་ནང་ན་དགའ་གཅིག་མི་འདུག
སྲིད་སྐྱོང་རྒྱལ་འགྱུར་ཅིག
སྲིད་སྐྱོང་མཆོག་གིས་བཙན་བྱོལ་ནང་གི་བོད་ཡིག་དྲ་ཚིགས་ཁག་ངེས་པར་དུ་ཉིན་རེར་ཐེངས་གཅིག་རེ་ཀློག་དགོས། དེ་ནས་ཐུགས་བསམ་བཞེས་ཏེ་ག་རེ་གསུང་དགོས་མིན་མནོ་བསམ་ཐོངས། ངས་འདི་བྱས་ཡིན།འདི་ཐོག་མ་ཡིན། འདི་དང་པོ་ཡིན། ལྷིང་འཇགས་ཡིན་སོགས་གསུང་དུས་ཨ་ཁ་ཁ་སྲིད་སྐྱོང་མཆོག་ཟེར་འདོད་བྱུང་།
ཨ་རིའི་བྷོ་སི་ཊོན་གྲོང་ཁྱེར་ནང་ཡོད་པའི་གྲོགས་མོ་ཞིག་གིས་ང་ལ་བོད་མིས་བློ་བཟང་སེང་གེ་ལགས་ཀྱི་གདོང་ལྤགས་ངོ་མ་མ་མཐོང་བའི་རྐྱེན་གྱིས་འོས་ཤོག་བླུགས་པ་ནོར་འཁྲུལ་རེད་ཅེས་དང་། མོས་ད་དུང་ཁོ་རང་སྲིད་སྐྱོང་ལ་བདམས་རྗེས་ཁོས་བྷོ་སི་ཊོན་ནང་ཡོད་པའི་བོད་རིགས་ཁ་ཤས་ལ་ཁོ་རང་བྷོ་སི་ཊོན་ཡོང་དུས་རླངས་འཁོར་རྫིག་པོ་སྐོར་ནས་ཡོང་དགོས་པའི་བཀའ་མངགས་བྱས་པ་རེད་ཅེས་བཤད་སོང་། འདི་འདྲ་རེད། ངོ་མ་འདི་འདྲ་རེད།
ལས་ཀ་ཞིག་ཆེད་དུ་བཀའ་ཤག་ལས་ཁུངས་སུ་འགྲོ་བའི་གོ་སྐབས་བྱུང་། ང་རང་བཀའ་ཤག་ལས་ཁུངས་སུ་འཛུལ་མ་ཐག་སྲིད་སྐྱོང་མཆོག་གི་སྐུ་ཐང་ཆེན་པོ་ཞིག་ཁོང་གི་ཞབས་སྟེགས་རྒྱབ་ངོས་སུ་བཀལ་ཡོད་པ་དངོས་སུ་མཐོང་སོང་། སྐབས་དེར་ངའི་སེམས་ནང་འདི་འདྲའི་སྐུ་ཐང་ཆེན་པོ་ཞིག་བོད་ནང་ནས་ཇི་ལྟར་འཁྱེར་ཡོང་ཡོད་མེད་སྐོར་ལ་ཨ་མཚན་སྐྱེས་སོང་།
སྲིད་སྐྱོང་མཆོག་གིས་ལོ་བཞི་རིང་འཇོན་ཐང་བསྟན་ཡོད་ན་ང་ཚོས་བསྟོད་བསྔགས་བྱེད་ཀྱི་རེད། ལྟོས་དང་སེང་གེ་མཆོག་གི་ཁ་ནོར་དང་ཚིག་ནོར། ཧམ་བཤད་འུར་བཤད་ཚང་མ་བརྙན་ཐུང་ནང་དམར་རྗེན་མཐོང་གི་འདུག
གང་ལྟར། སྲིད་སྐྱོང་མཆོག་གིས་སྐད་གྲགས་ཅན་གྱི་ཧར་ཝ་གཙུག་ལག་སློབ་ཆེན་གྱི་མིང་རྫིག་པོ་ས་ལ་གཡུག་ན་འགྲིག་ཀྱང་༸གོང་ས་མཆོག་གཙོས་བོད་མི་རྒན་རབས་པ་ཚོས་སྐུ་ལས་བསྐྱོན་བསྐྱོན་པའི་བོད་མིའི་སྒྲིག་འཛུགས་འདི་ལ་མིང་ཆད་མ་བཟོ་ན་འགྲིག་ས་རེད།
སུ་ལ་ཐོབ་ན་ཐོབ་་་སུ་རྒྱལ་ན་རྒྱལ་་་་ཁ་མཁས་དང་ཁས་ལེན་ཅི་ཙམ་མང་ཡང་་་་ཤེས་ཡོན་དང་ལག་འཁྱེར་ཅི་ཙམ་རྫིག་ཀྱང་་་བྱས་རྗེས་དང་འཆར་གཞི་ཅི་ཙམ་ཆེའང་་་་་རང་ཕྱོགས་དང་གཞན་ཕྱོགས་ཞེས་ཅི་ཙམ་འཐེན་ཡང་་་་་ཆོལ་ཁ་དང་ཆོས་ལུགས་ཞེས་ཅི་ཙམ་དཀྲུགས་ཀྱང་་་་ངའི་འོས་ཤོག་གཅིག་པོ་འདི་་་རང་བཙམ་པ་ཀླུ་མཁར་བྱམས་ལས་གཞན་སུ་ལའང་རེག་གི་མ་རེད་ལོ་་་་
འཇམ་དབྱངས་དཀར་པོ་ལགས་དངོས་གནས་ཡག་པོ་བྲིས་འདུག རྒྱབ་སྐྱོར་ཡོད། སྲིད་སྐྱོང་མཆོག་ལ་དང་པོ་རེ་བ་ཧ་ཅང་རྒྱབ་པ་ཡིན། ད་ཕྱི་མིག་ཅིག་བལྟས་ན། དང་པོ་ཁ་ཕོ་གནམ་ལས་མཐོ་བ་ཞིག་བསྒྲགས་བྱུང་བ་དེ་ཚོ་སྟོང་པ་རེད། ལྷག་པར་དུ་ངའི་འདོད་པ་མ་ཁེངས་པ་ཆེ་ཤོས་དེ། ༸གོང་ས་མཆོག་གི་སྐུ་ཕྱྭའི་སྲུང་སྐྱོབ་ཀྱི་ཕྱོགས་ལ་འདོད་བློ་ཁེངས་པའི་ལས་ཀ་གང་ཡང་མ་བྱས་པ་དེ་རེད། ཁོ་རང་གི་གཟི་བརྗིད་ཅིག་ངོམ་དགོས་དུས་༸གོང་ས་མཆོག་ཕྱར་རྐྱང་རེད། དེ་མིན་ན་༸སྐུའི་སྲུང་སྐྱོབ་ཀྱི་ཕྱོགས་ནས་གང་ཡང་བྱས་མ་བྱུང་། ཀུན་གྱི་མཐོང་ཆོས་སུ་ཉེ་སྔོན་༸སྐྱབས་མགོན་རིན་པོ་ཆེ་ཨ་རིར་ཕེབས་སྐབས་ཤིག་ལ་དོལ་རྒྱལ་རྗེས་འབྲངས་པ་རྒྱ་མིའི་རྒྱུགས་ཁྱི་ཁ་ཤས་ཁོང་གི་སྐུའི་ཉེ་ཁྲིས་སུ་བཅར་ནས་ངོ་རྒོལ་བྱས་པ་རེད། དེ་ཚོ་ལ་ལན་ཙམ་ཡང་རྒྱབ་པ་གོ་ཐོས་མ་བྱུང་། དོལ་ཚོགས་ཀྱི་མི་ངན་དེ་ཚོས་ཁོང་གི་སྐུ་ཕྱའི་ཐོག་ཉེན་ཁ་བཟོ་འདོད་ཡོད་པ་རྒྱ་གར་དང་། ཨ་རིའི་གསང་བའི་ལས་ཁུངས་ཀྱིས་འགྲེལ་བརྗོད་བྱས་པ། ༸གོང་ས་མཆོག་སྐུ་དངོས་ཀྱིས་གསུངས་ཡོད་ནའང་སྲིད་སྐྱོང་གི་སྣང་མེད་བྱས་པ་དེར་ཧ་ཅང་བློ་ཕམ་ཡོད།
སྟབས་ལེགས་ནས་བོད་སྤྱི་མཐུན་གྱི་བསོད་ནམས་དང་། ཁོང་གི་ཐུགས་བསྐྱེད་སྨོན་ལམ་བསམ་གྱིས་མི་ཁྱབ་པ་ཡིན་སྟབས་གནས་ཚུལ་གང་ཡང་མ་བྱུང་བ་རེད།
འཇམ་དབྱངས་དཀར་པོའི་རྩོམ་ཡིག་ལ་ད་དུང་ཁ་སྣོན་ཅིག་བྱེད་རྒྱུར། མདོ་སྨད་གཞིས་བྱེས་གཉིས་ཀྱིས་ཁོང་གི་བཀའ་དྲིན་རྗེས་དྲན་གྱི་༸སྐུའི་གྱ་སྟོན་གྱི་ཕྱོགས་ནས་ཅིག་བཤད་ན། བཙན་བྱོལ་ནང་གི་ལོ་རྒྱུས་ཐོག་ཚོགས་པ་སྤྱི་སྒེར་སུས་ཀྱང་༸གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ཆེད་དུ་འགྲོ་གྲོན་ཕོན་ཆེན་འདི་འདྲ་ཞིག་དེ་སྔོན་གཏོང་མྱོང་མེད་པ་རེད། དེ་ཡང་སྲིད་སྐྱོང་གི་རྒྱབ་སྐྱོར་བ་ཚོ་ཡིན་ནམ། སྲིད་སྐྱོང་རང་ཉིད་ཀྱི་ཐུགས་འདོད་ཡིན། ཆ་མ་འཚལ་བའི་སྲིད་སྐྱོང་གི་མཛད་རྗེས་བཅུ་བགྲང་བའི་ནང་དུ་འཇོག་སྟངས་ལ་ལྟོས་དང་། དགོད་བྲོ་བོ་རེད། མཇུག་མཐར་ཀློག་པ་ཚོར་ཞུ་རྒྱུར་རྩོམ་ཡིག་འདི་བཀླགས་ནས་རང་ཉིད་ཀྱི་མྱོང་ཚོར་ཞིག་ཤར་མར་བྲིས་པ་ཡིན། ཡིག་ནོར་ཡོད་ན་དགོངས་སེལ་ཞུ།
འཇམ་དབྱངས་དཀར་པོ།
གཟུ་བོར་གནས་པའི་ལེགས་བཤད་གཅིག་བྲིས་འདུག བསམ་བློ་གཏང་རིན་ཆོག་ལ་ཀློག་རིན་པ་ཡོད་པ་ཞིག་བྲིས་འདུག བོད་རྒྱལ་ལོ།།
སོ་སོའི་རྒྱབ་སྐྱོར་བྱེད་སའི་འོས་མི་རེ་ཡོད་ཆོག་ལ་ཡོད་དགོས། འོན་ཀྱང་གཙོ་བོ་༧ རྒྱལ་བ་རིན་པོ་ཆེའི་བཀའ་སྒྲུབ་དགོས་ཟེར་བ་སྙིང་ཐག་པ་ནས་ཡིན་ན་བོད་མི་ནང་ཁུལ་དཀྲུགས་ཤིང་འགྲོ་བའི་སྐད་ཆ་རྩ་བ་ནས་བཤད་མི་ཉན། དམིགས་ཡུལ་དང་ལྟ་བ་ལངས་ཕྱོགས། རྒྱབ་ལྗོངས། བྱས་ལུགས་བྱས་སྟངས་སོགས་གང་ལ་བལྟས་ཀྱང་མཐུན་ཐབས་རྩ་བ་ནས་མེད་པའི་དོལ་ཁྱི་ཚོགས་པ་མ་གཏོགས་གཞན་གང་ཅི་ཐུབ་ཀྱི་དམ་ཚིག་མཐུན་ལམ་་རྡོག་རྩ་གཅིག་སྒྲིལ་ཡོང་ཐབས་ཀྱི་སྐད་ཆ་བཤད་དགོས་པ་ལས་གཞི་མེད་ཀྱི་དཀྲུགས་ཤིང་མ་རྒྱབ་རོགས། ༧ གོང་ ས་མཆོག་དང་གཞིས་བཞུགས་བོད་མི་ས་ཡ་དྲུག་གི་ལྷག་བསམ་དང་རེ་བ་ཆུད་ཟོས་སུ་མ་གཏོང་རོགས། ཁ་དྲོ། བཀྲ་ཤིས།
གང་ས་མཆོག་གི་་་སྐུ་ཕྱྭའི་སྐོར་ལ་མ་ཤེས་ནས་ཡིན་ནམ་་་་ཤེས་བཞིན་ཧ་གོ་ན་ཡང་་་་ཧ་མ་གོ་མདོག་མདོག་གང་ཡིན་ཤེས་ཀྱི་མི་འདུག བཀའ་བཀའ་ཤག་ནས་འགན་ཁུར་མ་བློང་བ་མ་ཡིན་པ དགའ་ལྡན་ཕོ་བྲང་ནས་འགན་ཁུར་མ་བཅུག་པ་ཡིན་པར་ཤེས་དགོས ནེ་ཡོ་ལ་སྐུ་མདུན་ཕེབས་སྐབས་དོན་་གཅོད་ཁང་ནས་་་ཕྱར་བ་གྲུ་འདེགའ་གནང་རྩིས་བྱེད་དུས མཛད་རིམས་ཚང་མ་ང་ཚོས་བང་བསྒྲིག་ཚར་ཡིན་དེ་ལ་ཐེ་གཏོགས་གནང་མ་ཡོང་ཟེར་ནས་་་་འགན་ཁུར་མ་བཅུག་པ་ཡིན་ཚུལ གྲོས་ཚོགས་མཇུག་སྒྲིལ་བའི་ཉིན་མོ་ཚོགས་གཙོ་མཆོག་ནས་གསལ་བཤད་གནང་བ་དེས་ཤེས་པར་གྱིས གཅིག་སྒྲིལ་དང་་་་གསར་གཏོད་རང་ཁ་རང་གསོ་་་བྱས་ཚུལ་ནེ་ཡོ་ལ་བཀའ་སློབ་བཤད་པའི་སྐབས་དང ཨེ་ཤ་ཡ་རང་དབང་གློག་འཕྲིན་ཁང་ལ་གསར་བཤད་བྱས་ཡོད་པས་ དེ་ལ་དོན་མཐུན་ལན་མ་ཕོག་ནས་ ད་དུང་གང་བྱུང་སྨྲ་བ་ནི་བགད་མོ་ཤོར་ཡ་རང་རེད་ཤག དངོས་གནས་དྲང་བདེན་ཡོད་ན་གསལ་བཤད་ལ་དགག་པ་རྒྱག་དགོས་མ་གཏོགས འདྲེ་ཤར་ཕྱོགས་ལ་བཞག་ནས་ཀླུད་ནུབ་ཕྱོགས་ལ་བཏང་ན་ཆོ་ཟེར་གེ་ཡོད་མ་རེད
ཏྲེ་ཧོར་བྱམས་པ བོད་ཡིག་བརྒྱ་ཆ་དྲུག་བཅུ་ལ་ཕབ་པ་མ་རེད་ སློབ་ཚན་གཞན་དང་མི་འདྲ་བ་བོད་ཡིག་བརྒྱ་ཆ་དྲུག་ཅུ་མ་ལོན་ན་ སློབ་ཚན་གཞན་ལྔ་པོས་རྒྱ་ཆ་ཆ་དགུ་བཅུ་གོ་ལྔ་ལོན་ན་ཡང་སྲིད་སྐྱོང་བྱ་དགའ་སྤྲོས་ཀྱི་མིན་ཟེར་ནས་་་་བོད་ཡིག་ལ་མཐོང་ཆེན་གང་འདྲ་བཟོས་ཤག དེ་ཙམ་ཧ་མ་གོ་ནས་ད་དུང་དགག་པ་བརྒྱག་གིས་ཡོད་ཨོང་་་་བགད་མོ་མ་སློང
དྲང་བདེན་ལགས། གསར་གཏོད་ཟེར་ན་ཅི་རེད་དམ། གསར་གཏོད་ཀྱི་དོན་དག་གང་རེད་དམ། སྔར་མེད་པ་ཞིག་གསར་དུ་བཟོ་པ་ལ་གསར་གཏོད་ཟེར་གྱི་རེད་དམ། དཔེར་ན། སྐད་ཡིག་གསར་གཏོད། ལུགས་སྲོལ་གསར་གཏོད། འཕྲུལ་ཆ་གསར་གཏོད་ལྟ་བུ་ཡིན་ན་སྔར་མེད་པ་ཞིག་གསར་དུ་བཟོས་པ་ལ་གསར་གཏོད་ཟེར་བ་ཨེ་རེད།
༡༩༠༥ལོར་ཨ་རི་བ་wilbur བུ་སྤུན་གཉིས་ཀྱིས་གནམ་གྲུ་གསར་གཏོད་བྱས།
༡༩༡༠ལོར་ཇར་མན་ནིས་ཀྱི་སྐུ་ཞབས་Konrad ལགས་ཀྱིས་ཀམ་པུང་དྲར་གསར་གཏོད་བྱས།
༡༧༦༩་ལོར་ཧྥི་རན་སི་ཡི་སྐུ་ཞབས་Nicols Joseph ལགས་ཀྱིས་མོ་ཊ་གསར་གཏོད་བྱས།
འཛམ་གླིང་འདིའི་ཐོག་ཏུ་རིག་གནས་གཅིག་གསར་གཏོད་བྱས་ཐུབ་ནའང་ཡག་པོ་རེད། བློ་སེང་གིས་གསར་གཏོད་བརྒྱ་ལྷག་བྱས་ཡོད་ཟེར་བ་དེ་དག་ག་རེ་རེད་དམ། སྔར་འཛམ་གླིང་ཐོག་ཏུ་མེད་པ་ཞིག་བློ་སེང་གིས་གསར་དུ་བཟོས་པ་རེད་དམ། གསར་གཏོད་བརྒྱ་དང་དྲུག་བཅུ་རེ་གསུམ་ཟེར་དུས་ཡིད་ཆེས་དཀའ་བའི་སྐད་ཆ་འདྲ་ཞིག་འདུག་ག
བློ་སེང་གིས་ལད་ཟློས་བྱས་པ་ཐམས་ཅད་གསར་གཏོད་ཡིན་ཟེར་གྱི་ཡོད་པ་དང་ཡིན་གྱི་མ་རེད་བ། ལད་ཟློས་དང་གསར་གཏོད་ནོར་བ་དང་ཡིན་གྱི་མ་རེད་བ།་་ཧཧ གསར་གཏོད་ག་རེ་ག་རེ་བྱས་ཡོད་རེད་དམ། ༡༦༣ཟེར་ན་ཏོག་ཙམ་མང་དྲག་འདུག་ག འུར་བཤད་ནའང་ཏོག་ཙམ་ཉུང་ཙམ་བཤད་པའི་རེ་བ་ཡོད།
དྲ་གྲོགས་ཚོ་ད་ག་ཚད་མང་པ་བྲིས་ཀྱང་དོན་སྟོང་རེད། དེ་བས་སང་ཉིན་རང་ཉིད་ཀྱི་འདོད་མོས་ཡོད་པའི་སྲིད་སྐྱོང་གསར་པ་ཞིག་འདེམས་དགོས་པ་རེད།
ཐུགས་བསམས་བཞེས་དགོས་ས་རེད
ཅོ་རི་ཉི་མ སྐབས་འདིའི་གསར་གཏོད་ཟེར་བ་དེ་གོ་བ་ལོན་ཡ་ལ་དཀའ་ངལ་དེ་འདྲ་རྒྱག་མི་དགོས བཙན་བྱོལ་གཞུང་གི་སྒྲིག་འཛུགས་ལས་དོན་སྔར་མེད་པ་ལ་ལས་དོན་གསར་དུ་གཏོད་པ་༡༦༣ཟེར་བ་ཡིན ་མང་ཉུང་ང་རང་གཉིས་རྩོད་པ་རྒྱག་ནས་ཐག་གཅོད་བྱེད་ཡ་མ་རེད རང་དྲོང་བདེན་བལྟ་བའི་མིག་ཡོད་ན ངས་གསར་གཏོད་དེ་འདྲ་འདུག་ཟེར་བཤད་ཀྱི་མེད བོད་དམངས་ཀྱིས་བསྡམས་པའི་སྤྱི་འཐུས་ལྷན་ཚོགས་འམ་གྲོགས་ཚོགས་ནས་གསར་གཏོད་༡༦༣འདུག་ཟེར་ནས་ཐག་བཅད་ནས་ས་ཡིག་བརྒྱག་བཞག་པ་ཞིག་རེད ཁྱེད་རང་མདུན་ལ་མང་དྲགས་ན་གཞན་བྱེད་ཡ་ཟེར་གེ་ཡོད་མ་རེད གྲོས་ཚོགས་མདུན་ལ་སོང་ནས་ཟས་བཅད་ངོ་རྒོལ་གྱིས
འཇམ་དབྱངས་ཟེར་བ་འདི་ཆོལ་ཞེན་གྱིས་ན་ཚ་དྲག་པོ་ཕོག་ཡོད་མཁན་ཞིག་རེད། མི་འདིས་ཁོ་རང་གི་ངོ་དེབ་ནང་དུ་སྲིད་སྐྱོང་ལ་སྐྱོན་བརྗོད་གྲངས་མེད་པ་ཞིག་བྱས་སོང་ལ། ད་དུང་དེ་ལྟར་བྱེད་དགོས་དོན་ནི་ཁམས་པ་ཚོས་སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་ལ་མི་གསོད་ལག་དམར་བ་ཡིན་པའི་ཉེས་འཛུག་བྱས་སོང་བས། དེའི་མཁོན་ལེན་སློག་གི་ཡོད་པ་ཡང་གསལ་པོ་བཤད་སོང་། དེས་ན་སྐད་ཆ་འདི་དག་ནི་ཆོལ་ཞེན་གྱི་ན་ཟུག་མ་བཟོད་པའི་སྐད་ངན་ཞིག་ཡིན་པ་ལས་སྤྱི་དོན་ལ་བསམ་པའི་གཟུར་གནས་ཀྱི་སྐད་ཆ་ཞིག་མིན་པ་ཤེས་དགོས།
བློ་སེང་ལ་གསར་བཏོད་ཡོད་དེ་་་་ཏྲིས་པ་་་ལམ་ལ་པོ་ཏཱ་ལ་ལམ་ཞེས་བཏགས་ཡོད་པ་མ་ཤེས་སམ། སྤེན་ཚེས་༸གོང་ས་མཆཽག་གི་གསུང་ཧ་ཅང་བརྩི་བས་༸གོང་ས་མཆོག་གི་དབུ་ལམ་མི་བརྩི་མཁན་དང་མཉམ་དུ་སྐད་ཆ་མི་བཤད་ཟེར་བའང་དོན་ལ་གནས་ཏེ་ཁོས་༸གོང་ས་མཆོག་གི་གསུང་ཁ་བརྩིས་ནས་ཆང་ཡང་འཐུང་གི་མེད་པ་མ་ཤེས་སམ་་་་་་དེ་འདྲ་རེད་མི་རེ་ཟུང་གིས་རང་གི་དམིགས་ཡུལ་འགྲུབ་ཆེད་༸གོང་ས་མཆོག་ཁ་ཁྱེར་མཁན་༸གོང་ས་མཆོག་བེད་སྤྱད་མཁན་མང་བོ་ཡོད་པ་མ་ཤེས་སམ། དུས་འཁོར་དབང་ཆེན་ཅིའི་ཕྱིར་ཕྱིར་འཐེན་བྱས་པ་རེད་་་་་་རེ་རེ་ལ་དོན་དག་རེ་རེ་ཡོད་ནི་རེད་ཡ
བློ་བཟང་སེངྒེའི་ཕྱོགས་གཏོགས་པ་འགས་ཀྱང་གཞས་པ་ཞིག་ལ་གླ་དངུལ་སྦྱིན་ནས། བློ་བཟང་སེངྒེ་ལ་བསྟོད་གཞས་ལེན་དུ་བཅུག་པ་ཡིན།་་་་་་་་
བྱེད་ན་རྩོམ་པ་པོ་སྒྲོལ་མ་སྐྱབས་ལ་སོགས་པ་དང་བོད་ནས་བསྐུ་ལུས་མེར་རུ་སྲེག་མཁན་དག་ལ་སུས་དངུལ་སྦྱིན་པ་རེད།་ རང སྲོག་འབེན་ལ་འཛུགས་ནས་བོད་མི་རིགས་ཀྱི་ལ་རྒྱ་དང་བོད་ཀྱི་ཁྲིམས་མཐུན་གྱི་གཞུང་དང་བོད་ཀྱི་ཆོས་སྲིད་ཀྱི་དབུ་ཁྲིད་ངོ་མ་དེ་རྒྱ་དམར་མདུན་ཁུངས་སྐྱེལ་བར་འཇམ་དཀར་གྱི་མ་ཚོར་ནས་དངུལ་གྱི་དོན་དུ་རེད་ཟེར་བ་དེ་འགྱོད་པ་ཤིན་ཏུ་ནས་ཆེ། འཇམ་དཀར་འདི་སམས་ཡོད་ཞིག་ཡིན་ན་ཅི་མ་རུང་་་་་ཨ་ཁ་ཁ་