གནས་ཚུལ་གཏོང་མཁན། སྤེལ་ལྗམ་བོད་ཚོགས་དྲུང་གཞོན་ས་དཀར་བཀྲ་ཤིས།
འདི་ཟླའི་ཚེས་༡༣ སྟེ་གཟའ་པ་སངས་དགོང་མོ། སྤེལ་ལྗམ་བོད་རིགས་ཚོགས་པའི་གོ་སྒྲིག་འོག་༧གོང་ས་མཆོག་ལ་འཛམ་གླིང་ནོ་སྤེལ་ཞི་བདེ་གཟེངས་རྟགས་འབུལ་ལམ་ཞུས་ནས་མི་ལོ་ཧྲིལ་བོ་༢༤ འཁོར་བའི་དུས་ཆེན་སྲུང་བརྩིའི་མཛད་སྒོ་ཞིག་གྲོང་ཁྱེར་ཨན་ཀྲོབ་ཏུ་འཚོགས་ཡོད་པ་དང་། མཛད་སྒོའི་ཐོག་མར་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་ཚོགས་ཁང་གི་བཞུགས་ཁྲིར་གདན་འདྲེན་གནང་རྗེས་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་པད་མ་ཆོས་འབྱོར་ལགས་ཀྱིས་སྣང་གསལ་མར་མེ་ཞལ་འབྱེད་གནང་། དེའི་རྗེས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་གྱེར་བ་དང་། བོད་བསྟན་སྲིད་མི་རིགས་ཆེད་རང་སྲོག་བློས་གཏོང་བའི་དཔའ་བོ་དཔའ་མོ་རྣམས་དང་ཉེ་ཆར་སྐུ་གཤེགས་པའི་རླབས་ཆེན་མི་སྣ་ནེ་སོན་མན་ཊེ་ལ་བཅས་ཀྱི་ཆེད་དུ་མྱ་ངན་ངག་བཅད་སྐར་གཅིག་རིང་གནང་།
མཛད་སྒོ་ཐོག་མ་ཁག་གྲུབ་རྗེས་སྤེལ་ལྗམ་བོད་རིགས་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་འཕེལ་རྒྱས་ལགས་ནས་བོད་རིགས་ཚོགས་པའི་ལས་དོན་ངོ་སྤྲོད་གནང་བ་དང་། སྤར་སིལ་སྐུ་ངོ་དངོས་གྲུབ་རྡོ་རྗེ་ལགས་ནས་དུས་ཆེན་དང་འབྲེལ་བའི་བཀའ་ཤག་གི་གསུངས་བཤད་སྒྲོགས་སྦྱངས་གནང་། དེ་རྗེས་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་པད་མ་ཆོས་འབྱོར་ལགས་ནས་ཕྱི་རྒྱལ་བོད་རིགས་རྣམས་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ལམ་དམ་ཟབ་ཆེད་སྤེལ་ལྗམ་དུ་བཅར་དོན་སྐོར་ངོ་སྤྲོད་དང་། ཉེ་ཆར་ཁམས་འབྲི་རུ་རྫོང་དུ་བྱུང་བའི་བོད་མིའི་གནས་སྟངས་གཙོས་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱ་རིགས་ཤེས་ཡོན་ཅན་མང་པོའི་རྒྱབ་སྐྱོར་བྱེད་བཞིན་པའི་སྐོར་ངོ་སྤྲོད། རྒྱ་གཞུང་གིས་དོལ་རྒྱལ་རྗེས་འབྲངས་བ་བེད་སྤྱོད་ཀྱིས་བོད་མི་ནང་ཁུལ་གཏོར་བརླག་གཏོང་བཞིན་པའི་སྐོར་ངོ་སྤྲོད་དང་། ཕྱི་རྒྱལ་བོད་རིགས་ཚོགས་པ་ཁག་གལ་ཆེན་ཡིན་པ་དང་བོད་མི་ཚང་མའི་ཚོགས་པའི་ལས་དོན་ཐད་འགན་ལེན་དགོས་བ། བོད་ཚོགས་ནང་ཁུལ་མཐུན་ལམ་དང་ཚགས་ཚུད་བྱུང་ཚེ་བོད་བསྟན་སྲིད་ལ་ཕན་གྱི་ཡོད་ཚུལ་བཅས་བཀའ་སློབ་ཟབ་རྒྱས་གནང་།
མཛད་སྒོའི་མཇུག་ཏུ་བཀའ་བློན་མཆོག་ནས་སྤེལ་ལྗམ་བོད་རིགས་ཚོགས་པའི་སློབ་དགེ་ཕུར་བུ་དོན་འགྲུབ་དང་རིག་འཛིན་ཆོས་ཉིད་རྣམ་གཉིས་ལ་གཟེངས་བསྟོད་བྱ་དགའ་གནང་བ་དང་། སྤེལ་ལྗམ་བོད་ཚོགས་རྒྱུན་ལས་རྣམ་པའི་༧གོང་ས་མཆོག་ལ་ཞི་བདེ་གཟེངས་རྟགས་ཕུལ་བའི་བསྟོད་དབྱངས་མཉམ་ལེན་དང་། ཤེས་རབ་སྣང་བྱེད་སློབ་གྲའི་སློབ་ཕྲུག་རྣམས་ཀྱིས་མཉམ་གཞས་ཕུལ་བ་དང་། སྤེལ་ལྗམ་ནང་མ་སྟོད་གཞས་ཚོགས་པའི་སྟོད་གཞས་ཞབས་བྲོ་ཕུལ་ཏེ་དུས་ཆེན་མཛད་སྒོ་ཁག་བདེ་ལེགས་ངང་མཇུག་གྲུབ།
ཡག་པོ་རེད རྗེས་སུ་ཡིད་རང་ཡོད