དཀོན་མཆོག་རབ་བརྟན།
དང་པོ།
༢༠༡༥ ལོའི་དགུན་ཁའི་དགོང་ཁ་དེར། རྒྱ་གར་བྱང་ཕྱོགས་ཧེ་མ་ཅཱལ་མངའ་སྡེའི་རྡོ་ལ་རྡའི་རི་ལྡེབས་སུ་ཆགས་པའི་རྡ་སའི་རི་གྲོང་ནི་ཅུང་རྒྱུན་ལྡན་ལྟར་སྣང་སྟེ། ནུབ་ཁའི་ཉི་ཟེར་དམར་པོའི་འོག་ཏུ་རྡོ་ལ་རྡའི་རི་རྩེར་ཆགས་པའི་གངས་རྙིང་དང་། རི་མགུལ་གྱི་བྲག་རི་སྐྱ་བོ། རི་རྐེད་ཀྱི་འཚང་ཁའི་ཐོག་བརྩེགས་དག་གི་གྱང་སེར་བོ། དེ་བཞིན་ཐོག་བརྩེགས་དག་གི་ཐོག་ཁར་ཐེན་པའི་དཀར་སེར་དམར་སྔོའི་དར་ལྕོག་དང། གངས་སེང་རྟགས་ཅན་གྱི་རྒྱལ་དར་སོགས་མིག་ལམ་དུ་མངོན་ཚད་ལ་དམར་རྩི་བྱུགས་པ་བཞིན་དམར་ཤིག་གེར་སྣང་ལ། མཐའ་ན་གུ་དོག་པའི་སྲང་ལམ་ཐོག་ཡར་འགྲོ་མར་ཡོང་བྱེད་ཀྱིན་པའི་མི་རྣམས་ཀྱི་ངོ་གདོང་དང་། དུང་སྒྲ་སྒྲོག་གིན་འཚང་བཞིན་པའི་རླངས་འཁོར་དག་གི་ངོས་སུའང་དགོང་ཁའི་མཚམས་སྤྲིན་གྱི་དམར་མདངས་འཕྲོས་འདུག
ད་དུང་ཡིད་བཞིན་ནོར་བུའི་གཟིམ་ཁང་དང་གཙུག་ལག་ཁང་བཞེངས་སའི་རི་གདོང་གི་མགུལ་ནས་ཕྲེད་དུ་རྒྱུ་བའི་གྱ་གྱུའི་སྐོར་ལམ་སྟེང་དུའང་ནམ་རྒྱུན་ལྟར་སྐོར་ར་བ་གཅིག་རེ་གཉིས་རེའི་རྒྱུན་མི་ཆད་པར་འགྲོ་བཞིན་མཆིས་ལ། དེ་དག་གི་ཁྲོད་ནས་ལོ་ཆུང་རེ་ཟུང་ལས་མང་ཤོས་བཞི་བཅུའི་ཐེམ་སྐས་བརྒལ་བའི་རྒས་འཁོགས་ཤ་སྟག་རེད། གཟིམ་ཁང་གི་རྒྱབ་བམ་ནུབ་ནས་ཅུང་གཟར་བོར་གྱེན་དུ་ཕྱོགས་པའི་སྐོར་ལམ་ཐོག་སྤོ་བོ་ཞིག་གཅིག་པུར་འཛེགས་བཞིན་མཆིས། སྤོ་བོ་དེའི་ལག་གཡོན་པར་ཕྲེང་བ་ནག་པོ་ཞིག་ཐོགས་ཤིང་གཡས་པས་ཆར་གདུགས་ཀྱི་ཡུ་བ་དང་མཚུངས་པའི་ཤིང་གི་འཁར་བ་ཞིག་བཟུང་འདུག ཁོས་འཁར་བ་དེ་ཐྲག་སྒྲ་དང་བཅས་མདུན་དུ་བཙུགས་རྗེས་རྡོག་སྒྲ་མེད་པའི་གོམ་པ་རེ་མདུན་དུ་སྤོ་བ་དང་། ཡང་འཁར་བ་དེ་ཐྲག་སེ་མདུན་དུ་བཙུགས་ནས་འགྲོ་བཞིན་མཆིས། ཁོའི་དཔྲལ་བའི་གཉེར་རིས་གསེང་རྐང་འགའ་ཤས་ལས་ལྷག་མེད་པའི་མིག་སྤུ་དང་། མ་ནེའི་དང་འགྲམ་པའི་སྟེང་ཐར་ཐོར་དུ་སྐྱེས་པའི་སྤུ་ཉག་དག་སྔོ་སྐྱ་ཡིན་པ་མ་ཟད། ཚོས་གཞི་ལོག་པའི་རྒྱ་གར་ཡང་ཞྭ་ལྗང་ཁུ་ཆུང་ཆུང་དེའི་འོག་ནས་མངོན་པའི་རྣ་ཅོག་རྒྱབ་ཀྱི་སྐྲ་ཡང་སྔོ་སྐྱར་གྱུར་བ་མཐོང་བཏུབ། ཁོས་རྡོག་སྣ་ཁོ་ནར་བལྟས་ཏེ་མགོ་བོ་མི་དགྱེ་བའི་ཚུལ་ལ་བལྟས་ན། འཁར་བ་དང་རྐང་པ་འཛུགས་ས་བརྟན་པོ་ཞིག་འཚོལ་བ་དང་གཉིས་སུ་མ་མཆིས་ལ། དེ་ལྟར་རྡོག་སྣ་ཁོ་ནར་བལྟས་ཏེ་དལ་བུར་ཡར་འཛེགས་དུས། དགོང་ཁའི་ཉི་ཟེར་ཁོའི་ཕྲག་མགོ་གཡོན་དང་འགྲམ་པ་གཡོན་ལ་དམར་ཤིག་གེར་འཕྲོས་པས། འགྲམ་པའི་གཉེར་རིས་ཀྱི་གསེང་དུ་གསལ་ལ་མི་གསལ་བའི་རྨ་རྗེས་རྙིང་པ་ཞིག་ཀྱང་མཐོང་ཐུབ། ད་དུང་སྤོ་བོའི་གཡས་ཕྱོགས་ནས་འཁར་བར་ཁེན་པའི་གྲིབ་གཟུགས་སྒུ་སྒུ་ཞིག་ཀྱང་ག་ལེར་ཡར་འགོ་བཞིན་གདའ།
དེ་ལྟར་སྤོ་བོ་དེས་གོམ་པ་ལྔ་དྲུག་རེའི་རྗེས་སུ་ངལ་གསོ་རེ་བརྒྱབས་ནས་ཧ་ལམ་ཆུ་ཚོད་ཕྱེད་ཙམ་ལ་འགོས་མཐར། ཅུང་ཁོད་སྙོམས་པའི་སྐོར་ལམ་གྱི་སྣེ་ཟིན་པ་དང། ད་ནི་དལ་བུར་གཙུག་ལག་ཁང་གི་མདུན་ནས་ཐུར་དུ་རྒྱུ་བའི་རྒྱ་ལམ་ཕྱོགས་སུ་འགྲོ་བཞིན་འདུག ཁོ་རྒྱ་ལམ་དང་ཐག་ཇེ་ཉེར་སླེབ་པ་དང་དུས་གཅིག་ཏུ། མེག་ལོ་ནས་གླ་འཁོར་དཀར་པོ་ཞིག་མི་ཚོགས་དང་རླངས་འཁོར་གྱི་འཚང་ཁའི་ཁྲོད་ནས་ཅི་ཞིག་གི་རྗེས་མི་ཟིན་བ་ལྟར་དུང་སྒྲ་དང་ལྷན་དུ་བྲེལ་བྲེལ་མྱུར་མྱུར་གྱིས་གཙུག་ལག་ཁང་གི་ཕྱོགས་སུ་ཡོང་བཞིན་གདའ། སྤོ་བོ་དལ་གྱིས་རྒྱ་ལམ་དང་ཇེ་ཉེར་འབྱོར་བ་དང་ལྷན་དུ། གླ་འཁོར་དཀར་པོ་དེ་ཤུགས་ཀྱིས་རྒྱ་ལམ་སྟེང་ནས་མར་རྒྱུག་བཞིན་འདུག གལ་སྲིད་མི་ཞིག་རྡ་སའི་བར་སྣང་དུ་ཡར་ཙམ་ལྡིང་ནས་མར་སྤོ་བོ་དང་གླ་འཁོར་དཀར་པོ་གཉིས་ལ་ལྟ་ཐུབ་པའི་དབང་དུ་བཏང་ན། དེ་ནི་ངོ་མ་མི་མངོན་པའི་དབང་ཤུགས་ཅི་ཞིག་གིས་བཀོད་སྒྲིག་བྱེད་བཞིན་པ་དང་གཉིས་སུ་མ་མཆིས།
གླ་འཁོར་གྱི་དགག་ཟྭ་གནོན་པའི་ཙིར་སྒྲ་ཞིག་དང་། བུད་མེད་ཅིག་གི་ཨག་རིང་། ད་དུང་དངོས་པོ་གཉིས་་ཤུགས་ཀྱིས་རྡུང་ཁ་ཐེབས་པའི་ཆག་སྒྲ་བཅས་དུས་གཅིག་ཏུ་གྲགས་བྱུང་བས། གཙུག་ལག་ཁང་གི་རྒྱ་སྒོའི་ཐད་ན་ཇ་དང་ཚལ་འཚོང་མཁན་གྱི་རྒྱ་གར་དང་། འགྲུལ་བ་ཡོང་རྒྱུར་སྒུག་པའི་གླ་འཁོར་ཁ་ལོ་བ་རྣམས། ད་རུང་ཡར་འགྲོ་མར་ཡོང་བྱེད་ཀྱིན་པའི་མི་ཚོགས། ལམ་ཟུར་དུ་བསྡད་པའི་སྤྲང་པོ་སོགས་ཉེ་འཁོར་ན་ཡོད་པའི་མི་ཚང་མའི་མིག་ཟུང་དུས་གཅིག་ཏུ་ཆག་སྒྲ་གྲག་སའི་ཕྱོགས་སུ་འཕངས་པ་ན། ལམ་དཀྱིལ་དུ་གླ་འཁོར་དཀར་པོ་ཞིག་ཏེམ་སེ་བཀག་འདུག་པ་དང་། དེའི་མདུན་གྱི་ལམ་ཟུར་ན་སྤོ་བོ་ཞིག་འཁར་བ་དང་ལྷན་དུ་ནར་རེར་འགྱེལ་ཡོད་པ་མཐོང་། ཡུད་ཙམ་ལ་ཚང་མ་ཁ་གདངས་ནས་འགུལ་ཙམ་ཡང་བྱེད་མ་ཐུབ་པར་ལུས་པ་དང་། མི་གཅིག་ཀྱང་སྤོ་བོ་འགྱེལ་བའི་ཕྱོགས་སུ་མ་རྒྱུགས། དེ་ནས་མི་ཚོགས་ཀྱི་དཀྱིལ་ནས་བོད་པའི་ཕོ་གསར་ཞིག་ཐོན་ཏེ་ནར་རེར་འགུལ་མེད་དུ་འགྱེལ་བའི་སྤོ་བོའི་སར་རྒྱུགས་པ་མ་ཟད། སྤོ་བོའི་མགོ་ནས་ཡར་བཀྱགས་ཏེ་“སྤོ་བོ་ལགས། སྤོ་བོ་ལགས”ཞེས་བོས་ཏེ་ལུས་པོ་སྤྲུགས་་པ་ན། ད་གཟོད་གཞི་ནས་ཚང་མ་དྲན་པ་སོས་པ་ལྟར་སྤོ་བོའི་མཐའ་འཁོར་དུ་རུབ་པ་མ་ཟད། མང་པོ་ཞིག་གིས“ཤུགས་ཆེན་པོས་མ་སྒུལ།”དང་། “ཏོག་ཙམ་ས་ཐོག་ཏུ་སྙོལ” “སྨན་ཁང་དུ་ཁྱེར་ན་དགའ་”ཞེས་སོ་སོའི་བསམ་ཚུལ་རེ་བཤད་དེ་འུར་འུར་ཟིང་ཟིང་བྱས། དང་ཐོག་སྤོ་བོའི་ལུས་སྟེང་ན་ལམ་ཟུར་གྱི་ཐལ་བ་ལས་མི་རྣམས་ཀྱིས་བསམས་པ་བཞིན་བལྟར་མི་བཟོད་པའི་རྨས་སྐྱོན་གང་ཡང་མི་འདུག་པས། དེ་འདྲའི་ཉེན་ཚབས་མེད་པར་སྣང་མོད། འོན་ཀྱང་ཅུང་ཙམ་གྱི་རྗེས་སུ་ལུ་ཐུང་ཞིག་དང་མཉམ་དུ་སྤོ་བོའི་ཁ་ནས་ཁྲག་དམར་བཞུར་འགོ་བརྩམས་ཤིང་། མ་ནེ་སྟེང་གི་ཐར་ཐོར་དུ་སྐྱེས་པའི་སྤུ་ཐག་སྔོ་སྐྱ་རྣམས་དང་བྲང་གཞུང་དམར་པོར་བསྒྱུར་བས། ད་གཟོད་གཞི་ནས་ཚང་མས་སྨན་ཁང་དུ་འཁྱེར་རྒྱུའི་ཐག་བཅད་དེ་གླ་འཁོར་འཚོལ་དུས། ཟིང་ལོང་གི་ཁྲོད་དུ་རྡུང་མཁན་གླ་འཁོར་དཀར་པོ་དེ་གར་སོང་ཆ་མེད་དུ་གྱུར་བ་རྟོགས་ལ། ཚང་མ་སྤོ་བོ་སྐྱོབ་རྒྱུར་བྲེལ་ནས་སུ་གཅིག་གིས་ཀྱང་གླ་འཁོར་གྱི་ཨང་གྲངས་ལ་དོ་སྣང་བྱས་མི་འདུག དེ་བས་གླ་འཁོར་གཞན་ཞིག་གླས་ཏེ་སྤོ་བོ་སྨན་ཁང་དུ་འཁྱེར་རྒྱུ་ལས་མ་འདས། ཐོག་མར་རྒྱུག་མཁན་གྱི་ཕོ་གསར་དེ་དང་ཁོའི་རོགས་པ་ཞིག་གིས“སྨན་ཁང་དུ་ངེད་གཉིས་འགྲོ་ཆོག ཡིན་ན་ཡང་སྐད་ཤེས་མཁན་ཞིག་རོགས་པ་མ་ཡོང་ན་་་།”ཞེས་སེམས་ཁྲལ་ཆེན་པོས་སྨྲས་པ་ན། དེར་རུབ་པའི་བོད་པ་ཚོས་ཡུད་ཙམ་གྱི་རིང་ལ་“སུ་འགྲོ་ཡོང་ངམ།”ཞེས་འདྲི་བ་བཞིན་སོ་སོའི་གཡས་གཡོན་ལ་ཕར་ལྟ་ཚུར་ལྟ་བྱས་མཐར། ལོ་ཉི་ཤུར་སོན་ཨེ་ཡོད་སྙམ་པའི་བུ་མོ་ལོ་ཆུང་ཞིག་མི་ཚོགས་ཀྱི་དཀྱིལ་ནས་ཐོན་ཏེ་གླ་འཁོར་ནང་འཛུལ་སོང་།
གཉིས་པ།
གླ་འཁོར་ནང་རོགས་བྱེད་དུ་ཡོང་བའི་བུ་མོ་དང་ཕོ་གསར་གཉིས་ཀྱིས། ཁ་ནས་ཁྲག་སྐྱུག་བཞིན་མིག་འོད་འཚེར་འཚེར་གྱུར་བ་ལས་ཚིག་གཅིག་ཀྱང་སྨྲ་མི་ནུས་པའི་སྤོ་བོའི་ཉམ་ཐག་པའི་ཚུགས་ག་དེ་མཐོང་དུས། སྙིང་རྗེ་དང་འཇིགས་སྐྲག ད་དུང་ཕྲན་བུ་བཙོག་སྣང་འདྲེས་མའི་ཚོར་བ་ཞིག་ཅིག་ཅར་དུ་སྐྱེས་བྱུང་། སྤོ་བོའི་ལུས་པོ་ཇི་ཙམ་གྱིས་སྤྲུག་འགུལ་ཐེབས་པ་དེ་ཙམ་གྱིས་ཁྲག་སྐྱུག་པའི་ཚད་ཆེ་བས། བུ་མོ་དེས་ཁ་ལོ་བ་ལ་ཅུང་དལ་དུ་གཏོང་དགོས་ཚུལ་བཤད་དེ་གློ་ཁུག་ནས་གཙང་ཤོག་གསར་པ་ཞིག་བླངས་ནས་སྤོ་བོའི་ཁ་དང་མ་ནེ་ཕྱིས་རྗེས། དངངས་འཚབ་ཀྱིས་ཁེངས་པའི་མིག་ཟུང་མདུན་གྱི་ལམ་སྟེང་དང་སྤོ་བོའི་ངོ་གདོང་ལ་རེས་མོས་ཀྱིས་འཕེན་ཚུལ་ལ་བལྟས་ན། སྨན་ཁང་དུ་མྱུར་བར་བསླེབས་ན་ཅི་མ་རུང་སྙམ་གྱི་ཡོད་པར་སྣང།
ཕལ་ཆེར་ཆུ་ཚོད་ཕྱེད་ཙམ་གྱི་རྗེས་སུ་ཁོ་ཚོ་གཞི་ནས་རྡ་ཤོད་ཀྱི་ཛོ་ནཱ་སྨན་ཁང་དུ་འབྱོར་ཞིང་། ཁོ་ཚོས་སྤོ་བོ་གཟབ་གཟབ་ཀྱིས་གླ་འཁོར་ནས་བླངས་ཏེ་མྱུར་སྐྱོབས་ཁང་དུ་འཁྱེར་བའི་སྟ་གོན་བྱེད་དུས། དེར་སྔ་མོ་ནས་བསྒུགས་པའི་ནད་བདག་འགའ་རེ་ཡོད་པའི་ཁར། ད་དུང་ཚབས་ཆེན་གྱི་ནད་པ་ཁྱེར་བའི་རླངས་འཁོར་གཞན་ཞིག་ཐོན་པས། མྱུར་སྐྱོབས་ཁང་གི་སྒོ་འགྲམ་དུ་བྲེལ་འཚབ་ཀྱིས་རྣམ་པས་ཁེངས། གོས་དཀར་གྱོན་ཞིང་ཁ་དཀྲིས་བརྒྱབས་པའི་སྨན་པ་དང་སྨན་ཞབས་རྣམས་བྲེལ་འཚུབ་ངང་ཡར་འཛུལ་མར་དོན་བྱེད་པ་དང་། ཤི་གསོན་གྱི་སོ་མཚམས་ན་ཡོད་པའི་ནད་པའི་བདག་པོ་ཚོས་མྱོར་སྐྱོབས་ཁང་གི་སྒོ་ཕྱེ་ཐེངས་རེར། སེམས་ཁྲལ་དང་རེ་བ་འདྲེས་མའི་མི་མདའ་རེ་ལྷན་གཅིག་ཏུ་སྒོའི་ཕྱོགས་སུ་འཕེན་གྱི་འདུག
མྱུར་སྐྱོབས་ཁང་གི་ནང་དུ་ནད་བདག་འགྲོ་རུ་མི་འཇུག་པས། བོད་པའི་ཕོ་གསར་གཉིས་དང་བུ་མོ་དེ་ནད་བདག་གཞན་ཚོ་དང་ལྷན་དུ་སྒོ་འགྲམ་ན་འདུག་དགོས་བྱུང། ཡུད་ཙམ་གྱི་རྗེས་སུ་གོས་དཀར་གྱོན་པའི་སྨན་ཞབས་ཤིག་ཡོང་ནས་“ནད་ཐོ་ཁོད”ཅེས་སྨྲས་པར། ཁོང་ཚོས་སྤོ་བོའི་མིང་དང་ལོ་རྒྱུས། ཐ་ན་གང་དུ་འདུག་པའང་མི་ཤེས་སྟབས། ཕར་ལྟ་ཚུར་ལྟ་རེ་བགྱིས་ཏེ་སྤོ་བོ་དེ་གཙུག་ལག་ཁང་གི་སྒོ་འགྲམ་ན་རླངས་འཁོར་གྱིས་བརྡུངས་ནས་འགྱེལ་ཡོད་པ་དང་། ཁོ་ཚོས་གླ་འཁོར་ཞིག་གླས་ནས་ཁྱེར་ཡོང་བའི་རྒྱུ་མཚན་རྣམས་སྨན་ཞབས་ལ་ཞུས་ཏེ་ཅི་དྲག་གང་དྲག་དྲིས་པས། སྨན་ཞབས་དེས་ཅི་ཞིག་དྲན་པ་བཞིན་ལམ་སེང་ཁ་ཕྱིར་འཁོར་ནས་མྱུར་སྐྱོབས་ཁང་དུ་འཛུལ་སོང་བ་དང། སྐར་མ་གཅིག་ཙམ་གྱི་རྗེས་སུ་སླར་སྒོ་ཕྱེ་ཏེ་ཕྱིར་དོན་འོངས་ནས“ནད་པའི་ལུས་སྟེང་ན་མིང་དང་ཁ་བྱང་ཅི་ཡང་མི་འདུག་པས། གང་མགྱོགས་རྙེད་པ་བྱོས”ཟེར་ནས་བུད་སོང་།
ཁོ་ཚོས་ཀྱང་སུ་ལ་འབྲེལ་བ་དང་ཁ་པར་རྒྱག་དགོས་མིན་ཐོག་བསམ་བློ་དང་གྲོས་བསྡུུར་ཕྲན་ཙམ་བྱས་པས། བདེ་སྲུང་ལས་ཁུངས་ལ་འབྲེལ་བ་བྱེད་རྒྱུ་དྲན། འོན་ཀྱང་ཁོང་ཚོ་སུ་གཅིག་ལ་བདེ་སྲུང་ལས་ཁུངས་ཀྱི་ཨང་གྲངས་མེད་པའི་ཐོག ཁོང་ཚོས་ཁ་པར་རྒྱག་སའི་མི་རྣམས་ལའང་མེད་པས་ཡར་འཚོལ་མར་འདྲི་མང་པོ་བྱེད་དགོས་བྱུང་། ད་ནི་དམར་གོར་གོར་གྱི་ཉི་མ་ཡོངས་སུ་བཞུད་དེ་རྡ་སའི་རི་གྲོང་ཧྲིལ་བོ་མུན་ནག་གི་ཡོལ་བས་བཏུམས་ཤིང་། སྨན་ཁང་གི་ཤེལ་ཁྲ་རྣམས་དཀར་ཤིག་གེར་གྱུར་བ་མ་ཟད། སྨན་ཁང་གི་རྒྱ་རའི་ནང་དང་རྒྱ་སྒོའི་གཡས་གཡོན་གྱི་གློག་སྒྲོན་དག་ཀྱང་བཀར་བྱུང་། སྐབས་དེར་གློག་འོད་སྤར་བའི་རླངས་འཁོར་ཞིག་སྨན་ཁང་གི་རྒྱ་སྒོའི་འགྲམ་དུ་བཀག་སྟེ་མི་གཉིས་བྲེལ་འཚབ་ངང་མྱུར་སྐྱོབས་ཁང་གི་ཕྱོགས་སུ་འོངས། ཁོ་གཉིས་ཀ་བོད་པ་རེད་ལ། གཅིག་ལོ་བཞི་བཅུའི་སྨད་ཙམ་ཡིན་པའི་རྒས་པོ་ཞིག་ཡིན་པ་དང་གཞན་དེ་ན་གཞོན་པ་རྒས་ཉམས་ཅན་ཞིག་རེད།
“སྤོ་བོ་ཅི་འདྲ་འདུག” ཁོ་གཉིས་འཁྲིས་སུ་མ་བསླེབས་གོང་དུ་རྒན་པ་དེས་སེམས་ཁྲལ་ངང་ཁོ་ཚོའི་ཕྱོགས་སུ་བལྟས་ནས་དྲིས། ཁོ་གཉིས་ཀྱིས་གནས་ཚུལ་མཐའ་དག་ཤེས་ཡོད་པ་འདྲ།
“ཤེས་མ་སོང་། ད་ལྟ་མྱུར་སྐྱོབས་ཁང་ན་ཡོད།” ཕོ་གསར་གཉིས་ལ་ཁ་གྲག་དབང་མ་བྱུང་གོང་བུ་མོས་ལན་བཏབས་པ་མ་ཟད། “ཁྱོད་གཉིས་ནད་པའི་ནང་མི་ཡིན་ནམ”ཞེས་ལྡོག་འདྲི་བྱས།
“མིན་མིན།” ཁོ་གཉིས་ཀས་དུས་གཅིག་ཏུ་ལག་ཟུང་ཕྲེད་དུ་གཡུག་བཞིན་དེ་ལྟར་ཟེར་ཚུལ་ལ་བལྟས་ན། ནད་པའི་ནང་མི་ཡིན་ན་“མ་འགྲིག་པ”དང་ཁོ་གཉིས་ནད་པའི་ནང་མི་མིན་ཟེར་བ་ལྟ་བུའི་རྣམ་འགྱུར་དང་སྐད་གདངས་ཤིག་མཆིས་ལ། ཡང་བུ་མོ་དང་ཕོ་གསར་ཚོའི་ཐེ་ཚོམ་གྱི་མིག་ཟུང་ཁོ་གཉིས་ལ་ཅེར་ཡོད་པ་མཐོང་དུས། རྒན་པ་དེས“ངེད་གཉིས་བྱམས་པ་གླིང་རྒས་གསོ་ཁང་གི་ལས་བྱེད་ཡིན”ཞེས་འགྲེལ་བཤད་བགྱིས་པས། ད་གཟོད་ཁོ་ཚོས་སྤོ་བོ་དེ་རྒས་གསོ་ཁང་ནས་ཡིན་པ་རྟོགས།
གསུམ་པ།
མྱུར་སྐྱོབས་ཁང་གི་ནད་ཁྲིའི་སྟེང་དུ་ལྷུང་བའི་ནད་པ་དེའི་མིང་ལ“སྤོ་བོ་ཉི་མ་”ཟེར་ཞིང་། བྱམས་པ་གླིང་རྒས་གསོ་ཁང་ནང་ཚེ་སྨད་འཁྱོལ་ཐབས་བྱེད་བཞིན་པའི་སྤོ་བོ་ཁེར་རྐྱང་ཞིག་རེད། དོ་ནུབ་ཁོ་གློ་བུར་དུ་འཆི་གསོན་མི་ཤེས་པའི་གནས་སུ་གྱར་དུས་ཀྱང་། ལས་ཀའི་ངོ་བོའི་ཐོག་ནས་ཡོང་བའི་རྒན་གསོ་ཁང་གི་ལས་བྱེད་རྒན་གཞོན་དེ་གཉིས་ལས། སྨན་ཁང་གི་སྒོ་འགྲམ་ན་ཁོའི་ཆེད་དུ་ངུ་འབོད་དང་སེམས་ཁྲལ། གསོལ་འདེབས་སྨོན་ལམ་བྱེད་མཁན་གྱི་མི་གཅིག་ཀྱང་མ་མཆིས། དེ་ནི་ཅི་འདྲའི་སེམས་སྐྱོ་བ་ཞིག་དང་ཡིད་ཆེས་དཀའ་བ་ཞིག་རེད་དེ། སྤོ་བོ་ཉི་མ་བྱིས་པ་ཡིན་དུས། ཁོ་ལ་བརྩེ་བའི་ཕ་དང་བྱམས་པའི་མ། བློ་སེམས་དཀར་བའི་སྤུན་མཆེད་རྣམས་ཡོད་པའི་ཐོག ད་དུང་གྱོན་ཆས་རྗེ་མཁན་གྱི་གཡོག་མོ་དང་རྔན་པ་སྟེར་མཁན་གྱི་ཉེ་འབྲེལ་སོགས་གང་དུ་སོང་ཡང་བྱམས་བྱམས་དང་གཅེས་གཅེས་བྱེད་མཁན་གྱིས་བསྐོར་ཡོད་པས། དུས་རབས་ཕྱེད་ཙམ་གྱི་རྗེས་སུ་ཁོ་རང་ཕ་ཡུལ་དང་ཁ་ཐག་ཤིན་ཏུ་རིང་བའི་ས་མཐའི་རི་ལྡེབས་ཤིག་ན་ལྟ་མཁན་སྲུང་མཁན་མེད་པར་ཁེར་རྐྱང་དུ་ལྷུང་འགྲོ་བ་སུ་ཞིག་གི་ཡིད་ལ་འཁོར་སྲིད་དམ།
སྤོ་བོ་ཉི་མ་ནི་སྤྱི་ལོ་༡༩༥༠་ལོར་འབྲི་རུའི་ནུབ་ཕྱོགས་སུ་ཆགས་པའི་ཟླ་ཐང་ཞེས་པའི་ས་ཆ་སྐྱིད་པོ་དེར་སྐྱེས་ཤིང་ད་ལོ་ལོ་དྲུག་བཅུ་རེ་དྲུག་ལ་ཐོན་ཡོད། ཁོ་རང་དཔའ་དཔུང་ཤེད་དང་། རིགས་རྒྱུད་པ། རྒྱུ་འབྱོར་བ་སོགས་གང་ཅིའི་ཐད་ནགས་ཤོད་འབྲི་རུ་ཡོངས་ལ་མིང་གྲགས་ཆེ་བའི་ཀྲོ་ནགས་སྦ་(སྦྲ)ཚང་ གི་བུ་དགུ་པའམ་ཐ་ཆུང་ཡིན་པར་བརྟེན། རང་བཞིན་གྱིས་ཕ་མ་གཉིས་ཀྱི་སྙིང་དང་སྤུན་མཆེད་རྣམས་ཀྱི་སྲོག་ཏུ་གྱུར་བ་མ་ཟད། གཡོག་ཕོ་མོ་དང་ཉེ་འབྲེལ་དགའ་འབྲེལ་ཐམས་ཅད་ཀྱིས་རྒྱལ་པོ་ཟས་གཙང་གིས་རྒྱལ་སྲས་དོན་འགྲུབ་ལ་གཅེས་པ་ལྟར་ཟས་གང་ཞིམ་དང་། གོས་གང་བཟང་། ཚིག་གང་སྙན་གིས་སྙོར་སྐྱོང་བགྱིས་ཏེ་འཚར་ལོང་བྱུང་བས། སྤོ་བོ་ཉི་མའམ་ཕྲུ་གུ་ཉི་མས་བཀྲེས་སྐུམ་དང་། འཁྱག་ལྟོགས། གདུག་རྩུབ་དང་མཐོང་ཆུང་སོགས་འཛམ་གླིང་གི་ཡོངས་ཁྱབ་དུ་གྱུར་པའི་སྡུག་བསྔལ་འདི་དག་གི་མིང་ཙམ་ཡང་མི་ཤེས་མོད། འོན་ཀྱང་ཁོ་རང་ཕོ་ལོ་ཉི་ཤུ་ལ་སོན་པའི་ལོ་དེར་(སྤྱི་བརྩིས་བྱས་ན་བཅུ་དགུ་ཡིན།)ནགས་ཤོད་འབྲི་རུའི་ས་གནས་ཡོངས་ལ་“རེ་དགུའི་ཟིང་འཁྲུག ”ཅེས་པའི་བོད་ཀྱི་ཉེ་རབས་ལོ་རྒྱུས་ནང་ཟུར་ཙམ་ཡང་མ་འཁོད་པའི་གྱེན་ལངས་ཆེན་མོ་དེ་ཛ་དྲག་ཆེན་པོས་ལང་འགོ་བརྩམས་ཤིང་། སྔར་བྱུང་མ་མྱོང་བའི་རེ་བ་དང་འཇིགས་སྐྲག་གི་རླུང་འཚུབ་ཅིག་ནགས་ཤོད་འབྲི་རུའི་རི་ལུང་ཐང་གསུམ་ཀུན་ཏུ་ལྡང་བ་མ་ཟད། བཅོ་བརྒྱད་དྲུག་ཅུ་དང་སུམ་སྟོང་བརྒྱད་བརྒྱའི་ལྷ་དམག་ གི་དམག་བརྡ་ཡང་བཏང་བས། ཀྲོ་ནོར་སྦ་ཚང་གི་བུ་སྤུན་དགུ་པོ་ཚང་མ་འདོད་པ་ཡོད་མེད་ལ་མ་ལྟོས་པར་དམག་ཏུ་ཞུགས་དགོས་བྱུང་བ་དང་། དམངས་དམག་གཞན་དག་དང་ལྷན་དུ་འབྲི་རུར་དམག་རྒྱག་ཏུ་ཆས། འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ། རྒྱལ་ཁ་མེད་པའི་དམག་འཁྲུག་དེས་སྤོ་བོ་ཉི་མའི་ཡོད་ཚད་ཕྲོག་སོང་སྟེ། སུམ་སྟོང་བརྒྱད་བརྒྱའི་ལྷ་དམག་གི་བཅུ་ཆ་བརྒྱད་དགུ་ཙམ་དགྲ་བོའི་མེ་མདའ་སྦག་སྦག་གི་འབེན་དུ་གྱུར་བའི་ཉིན་དེར། ཁོའི་གཅེན་པོ་བརྒྱད་ཀ་བསད་སོང་བ་མ་ཟད། ཁོ་ལ་རྨས་སྐྱོན་ཚབས་ཆེན་ཕོག་ནས་ཉིན་དུ་མ་ཞིག་ལ་རྩམ་ཆུ་ཙམ་ལས་ཟས་ཁམ་གང་ཡང་ཟ་མི་ཐུབ་པར་གྱུར།
གཅེན་པོ་ཚོ་དགྲ་ལག་ཏུ་ཤོར་རྟིང། ཕ་མ་གཉིས་ལ་གདོང་བསྟན་མ་ནུས་པའམ་གཅེན་པོ་ཚོའི་དགྲ་ཤ་ལེན་ཆེད། རྨས་སྐྱོན་ཚབས་ཆེ་མིན་ལ་མ་ལྟོས་པར་ཁོ་རི་མགོར་བྲོས་མཁན་གྱི་ཕམ་དམག་འགའ་ཤས་ཡོད་པའི་ཚོགས་པར་ཞུགས་པ་དང་། དེ་ནས་ཕ་ཡུལ་དུ་གནས་མ་ཚུགས་པར་རིམ་གྱིས་རྒྱ་གར་དུ་བྲོས་འོངས་སྟབས། ཁོས་བརྩེ་བའི་ཕ་མ་དང་། དྲོ་བའི་ཕ་ཁྱིམ། མཛེས་པའི་ཕ་ཡུལ། གཅེས་པའི་་སྤུན་མཆེད་ཚོ་སླར་ཡང་མཐོང་མ་བཏུབ། རྒྱ་གར་དུ་འབྱོར་རྗེས་ཀྱང་ཉིན་དེར་གཅེན་པོ་བརྒྱད་དང་སྤུན་ཟླ་ཚོ་དགྲ་ལག་ཏུ་ཤོར་བའི་དགྲ་ཤ་ཞིག་ལེན་ཆེད། ཁོས་ཐེ་ཚོམ་ཅི་ཡང་མེད་པར་དམག་ཏུ་ཞུགས་པའི་ཁར། ཡ་ང་བའི་ཉིན་དེའི་ཆག་སྒོ་ལ་ཕྱིར་དྲན་བྱེད་ཀྱིན་དེ་སྔོན་མ་ཤེས་པའི་མེ་དམའ་རྒྱག་སྟངས་དང་ལག་རྒྱོགས་འཕེན་ལུགས། ད་དུང་ས་ཁྲ་ཀློག་ཚུལ་དང་དམག་ཇུས་འདིངས་ལུགས་སོགས་ལ་གཞན་ལས་ལྡབ་འགྱུར་གྱིས་ལྷག་པའི་ཧུར་ཐག་བྱས་ཏེ་དམག་རྒྱག་ཏུ་འགྲོ་བའི་ཉིན་ཞིག་ལ་བསྒུགས་མོད། འོན་ཀྱང་དུས་རབས་ཀྱི་འགྱུར་འགྲོས་ལ་བརྟེན་ནས་ཉིན་དེ་ནམ་ཡང་མ་འོངས་པ་དང་། དེ་ལས་ལྡོག་སྟེ་ཁོའི་གཞོན་ནུའི་ལང་ཚོ་དང་དར་མའི་ནུས་ཤུགས་ཡོངས་རྫོགས་དམག་སྒར་གྱི་རྒྱ་རའི་ནང་གང་ཡིན་ཅི་ཡིན་མེད་པར་རྫོགས་སོང་བ་དེ་རེད།
ཁོ་ལོ་ན་བཞི་བཅུར་ལོན་ཏེ་དམག་སྒར་ནས་དོན་དུས། ཁོ་ལ་ཚད་ལྡན་གྱི་དམག་མི་གཞན་དག་ཚོ་ལྟར་རྒྱ་གར་གཞུང་ནས་དམག་ཕོགས་ཅི་ཡང་མ་ཐོབ། རྒྱུ་མཚན་ནི་ཐོག་མར་ཁོ་རང་དམག་ཏུ་ཞུགས་སྐབས། ཁོ་དང་ལྷན་དུ་འཛུལ་མཁན་མང་ཤོས་བཞིན་ལོ་ཤས་ལ་དམག་སྦྱོང་བྱས་ནས་ཕྱིར་ཕ་ཡུལ་དུ་ལོག་སྟེ་དགྲ་ཤ་ལེན་རྒྱུ་ཁོ་ནར་རྔམས་པ་ལས་ཚད་ལྡན་གྱི་དམག་མི་ཞིག་ཆགས་མིན་ལ་སེམས་ཁུར་བྱས་མེད། མི་ལོ་ཉི་ཤུའི་རྗེས་སུ་ཁོས་དེ་ནི་ནོར་འཁྲུལ་ཚབས་ཆེན་ཞིག་ཡིན་པ་རྟོགས་ནས་དེ་དུས་འགྲོ་སྟངས་ལྟར་མ་བྱས་པ་དེར་གནོང་འགྱོད་སྐྱེས་རུང་། སྐབས་དེར་ཡོད་ཚད་འཕྱིས་ཟིན། དེ་བས་ཁོས་སྨན་རྩིས་ཁང་ནང་ཇ་མའི་ལས་ཀ་བགྱིས་ཏེ་རང་ཁ་གསོ་རང་གསོ་དང་རང་གོས་རང་སྒྲུབ་བྱེད་དགོས་བྱུང་ལ། དེ་ནི་ཁོའི་རང་མིང་“ཉི་མའི”གོང་དུ་“སྤོ་བོ”ཞེས་པའི་ཚིག་སྙན་ལ་མི་སྙན་པ་འདི་ཐོག་མར་ཐོགས་ས་རེད་དེ། སྨན་རྩིས་ཁང་ནང་ལས་འགོ་བརྩམས་ནས་དུས་ཡུན་རིང་པོ་མ་ཕྱིན་པའི་ཉིན་ཞིག་ལ། ཁོས་ནམ་རྒྱུན་ལྟར་ཅིན་བུ(ཇ་དེམ)ལག་ཏུ་བཟུང་ནས་ལས་ཁུངས་རེ་རེའི་ནང་གི་ལས་བྱེད་པ་ཚོར་ཇ་ལྡུད་དུ་འགྲོ་དུས། ལས་བྱེད་པ་ཞིག་གིས་གང་ལ་ཉེ་བའི་ཇ་ཕོར་ཕྱོགས་སུ་ལག་པ་རྐྱོང་བཞིན“སྤོ་བོ་ལགས་་་་འགྲིག་སོང་འགྲིག་སོང་།”ཞེས་སྨྲས། ཁོས་རང་ཉིད་ལ་“སྤོ་བོ”ཞེས་བོས་པ་ཐེངས་དང་པོར་ཐོས་དུས་དོགས་མི་བདེ་བ་དང་བརྗོད་མི་ཤེས་པའི་དངངས་འཚབ་ཅིག་ལངས་རུང་། རྗེས་སུ་ལས་མི་ཚང་མས་ཁོ་ལ་“སྤོ་བོ་ཉི་མ”ཞེས་བོས་སྟབས། ཁོའི་བརྗོད་མི་ཤེས་པའི་དངངས་འཚབ་དེ་རིམ་གྱིས་ཡལ་བ་མ་ཟད། སླར་མི་ལོ་ཉི་ཤུ་ཕྱིན་པའི་རྗེས་ཏེ་ཁོ་རང་ལོ་དྲུག་ཅུར་ལོང་ནས་རང་ཚོ་མི་ཟིན་པར་བྱམས་པ་གླིང་རྒས་གསོ་ཁང་དུ་འགྲོ་སྐབས། ཁོ་ལ་“སྤོ་བོ་ཉི་མ”ཞེས་མ་བོས་པར་“ཉི་མ”ཁོ་ན་བོས་ན་མི་འགྲིག་པའི་ཚོར་སྣང་སྐྱེས།
བྱམས་པ་གླིང་རྒས་གསོ་ཁང་དུ་འཛུལ་རྗེས་ཀྱི་སྤོ་བོ་ཉི་མའི་ཉིན་རེའི་འཚོ་བ་ནི། ཧ་ཅང་སྟབས་བདེ་ཞིང་འགྱུར་བ་མེད་པ་ཞིག་རེད། དམག་སྒར་ནས་ཆགས་པའི་གོམས་གཤིས་སམ་གཉིད་མི་ཁུག་པའི་དབང་གིས་དམིགས་བསལ་གྱི་ལས་རྒྱུ་ཞིག་མེད་ཀྱང་ཁོ་རང་སྐྱ་རིངས་དང་ལྷན་དུ་ལང་རྒྱུར་དགའ་ཞིང་། དེ་ནས་རྒས་གསོ་ཁང་གི་སྒོ་ར་ཆུང་ཆུང་ནང་“བར་ཆེད་ལམ་སེལ”་བགྲང་བཞིན་ཕར་འགྲོ་ཚུར་འགྲོ་བྱས་ཏེ་ཞོགས་ཇར་སྒུག་པ་དང་། ཞོགས་ཇ་དང་ཞལ་འདོན་ཚར་མ་ཐག་སྐོར་བར་ཕྱིན་ནས་གུང་ཟས་བར་མི་ལོག གུང་ཟས་བཟས་རྗེས་སླར་ཡང་སྐོར་བར་འགྲོ་བ་དང་དགོང་ཟས་དང་དགོང་ཁའི་ཞལ་འདོན་ཐུག་དུས་གཞི་ནས་རྒས་གསོ་ཁང་དུ་ལོག་ཡོང་། རྒྱུན་པར་དགོང་ཁའི་ཉི་མ་བཞུད་པ་དང་མཉམ་དུ་མལ་ནང་འཛུལ་གྱི་ཡོད། ཁོ་རང་དང་པོར་རྒས་གསོ་ཁང་དུ་འཛུལ་དུས། འཁར་བ་ཐོགས་མི་དགོས་ལ། ཉིན་རེར་སྐོར་བ་བཅུ་ཙམ་སྐོར་བའི་ནུས་ཤུགས་ཡོད་མོད། འོན་ཀྱང་ལོ་ཟླས་འཁོར་ཕྱོགས་དང་བསྟུན་ནས་ཁོའི་ལུས་པོའི་སྟོབས་ཤུགས་རིམ་གྱིས་ཉམས་ཤིང་ལུས་པོ་ཇེ་སྒུར་དུ་ཕྱིན་པ་དང་། གོམ་པ་ལྔ་ཙམ་སྤོས་ནའང་དཀའ་ལས་ཁག་པ། དབུངས་འཚང་བ། ལུས་ཚོ་མི་ཕེར་བ་གྱུར་བས་འཁར་བ་འཛིན་དགོས་བྱུང་། ཡིན་ན་ཡང་ཁོས་རང་གི་ལུས་སྟེང་དུ་ནུས་ཤུགས་ཕྲན་བུ་ལྷག་པ་ཡོད་ཚད་སྐོར་བ་འགྲོ་བའི་ཐོག་ཏུ་བཀོལ་ནས་ཞོགས་པ་ཐེངས་གཅིག་དང་། ཉིན་གུང་རྗེས་ཐེངས་གཉིས་བཅས་ཁྱོན་ཉིན་རེར་སྐོར་བ་ཐེངས་གསུམ་རེ་མ་ཆད་པ་བྱེད་ཀྱི་ཡོད་ལ། ཆག་སྒོ་བྱུང་བའི་དགོང་མོ་དེར་ཁོས་ཉིན་དེའི་སྐོར་བ་མཐའ་མ་དེ་རྒྱག་བཞིན་ཡོད།
བཞི་པ།
ཉིན་དེའི་ཞོགས་པར་སྤོ་བོ་ཉི་མ་དུས་རྒྱུན་ལས་ཅུང་སྔ་བར་གཉིད་ལས་སད་བྱུང་། ནམ་རྒྱུན་ཁོའི་སད་ཁའི་རྨི་ལམ་ནང་། རེ་དགུ་ལོའི་སྟོན་ཁའི་ཉིན་མ་སྟེ་གཅེན་པོ་བརྒྱད་ཀ་དུས་གཅིག་ཏུ་དགྲ་དམག་གི་མདེའིུ་ཁ་ཟས་སུ་གྱུར་བའི་ཉིན་དེ་ཡང་ཡང་རྨིས་མྱོང་རུང་། ཉིན་དེའི་ནངས་མོར་ཁོས་ཨ་མ་རྨིས་བྱུང་། ཁོའི་རྨི་ལམ་ནང་ཙོག་པ་ཧྲུལ་པོ་གྱོན་ཞིང་སྐྲ་ལོ་བྱ་ཚང་ལྟར་འཕྱིངས་བའི་བུད་མེད་ཅིག་ཁ་ཕར་བཟློག་ནས་བསྡད་འདུག བུད་མེད་དེའི་གདོང་གི་རྣམ་འགྱུར་མཐོང་མི་བཏུབ་ཀྱང། མོའི་འདུག་སྟངས་དེ་ཤིན་ཏུ་ཉམ་ཐག་པ་དང་སྐྱོ་སྣང་གིས་ཁེངས་ཡོད་པའི་ཐོག མོའི་ཕྲག་པ་འཕག་ཐུང་འཕག་ཐུང་བྱེད་ཚུལ་ལ་བརྟགས་ན་མོ་ངུས་ནས་རྒྱུན་རིང་ཕྱིན་པ་རྟོགས་ཐུབ། ཁོའི་སེམས་ལ་བཟོད་ཐབས་བྲལ་བའི་སྙིང་རྗེ་ཞིག་སྐྱེས་ནས་བུད་མེད་དེའི་འཁྲིས་སུ་སོང་བ་དང་། ཕྲག་པར་ལག་པས་ཐུག་ཙམ་བྱས་ཏེ་ཅི་བྱུང་གི་སྐད་ཆ་འདྲི་བར་རྩོམ་དུས། བུད་མེད་དེ་ཁ་ཚུར་འཁོར་བ་དང་དེ་ནི་གཞན་མ་ཡིན་པར་རང་ཉིད་ཀྱི་ཨ་མ་ཡིན་པ་རྟོགས། མོ་ངུ་དྲགས་པའི་སྟོབས་ཀྱིས་མིག་སྤྲིན་ཡང་དམར་པོ་ཁྲག་མདོག་ཏུ་གྱུར་འདུག
“ཁྱོད་གཞི་ནས་ཡོང་བ་ཡིན་ནམ། ངས་ཁྱོད་བསྒུགས་ནས་ཡུན་རིང་ཕྱིན་སོང་།” ཁོ་ཨ་མའི་ཉམ་ཐག་པའི་ཚུགས་ག་དེར་ཧད་དེ་འདུག་དུས། ཨ་མས་དེ་ལྟར་སྨྲས་པ་དང་སྦྲགས་ཁོའི་སྐེ་ལ་འཁྱུད་དེ་སྐད་ཤུགས་ཆེན་པོས་ངུས་བྱུང་བས་ཁོ་ཡང་རང་དབང་མེད་པར་ངུ་ཤོར། ཁོས་ལོ་དུ་མར་ཞལ་མ་མཇལ་བའི་ཨ་མ་ལ་དམ་པོར་འཐམས་ནས་ཁོའི་ཁེར་རྐྱང་གི་མི་ཚེའི་སྡུག་བསྔལ་ཡོད་ཚད་མིག་ཆུ་དང་ལྷན་དུ་ཨ་མའི་ཕྲག་སྟེང་དུ་འབོ་ན་འདོད་མོད། འོན་ཀྱང་ཡ་མཚན་པ་ཞིག་ལ་ཁོའི་ལག་པའི་མཛུབ་མོས་ཨ་མའི་རྒྱབ་ནས་རློན་ཆག་ཆག་དང་ཚ་ཤུད་ཤུད་ཀྱི་དངོས་པོ་ཞིག་ཚོར་བ་དང་། མཛུབ་མོ་མིག་མདུན་དུ་ཁྱེར་ནས་ཞིབ་པར་ལྟ་དུས་དེ་ནི་ཚ་དྲོད་མ་ཡལ་བའི་ཁྲག་དམར་རེད་འདུག སྐབས་དེར་ཁོས་མ་བུ་གཉིས་ཛ་དྲག་གི་གཡུལ་ས་ཞིག་ཏུ་ཡོད་པ་དང་ཨ་མའི་རྒྱབ་ཏུ་མདེའུ་ཕོག་ཚར་བ་རྟོགས་པས། གློ་བུར་གྱི་བྲེད་ཤ་དང་སྡུག་བསྔལ་ཞིག་གིས་ཁོའི་བྲང་ཁ་དམ་ཤིག་གེར་བསྡམས་པ་དང་། ཨ་མ་མདུན་དུ་པང་སྟེ་འཇིགས་སྐྲག་གི་གཡུལ་ས་ནས་བྲོས། འོན་ཏེ་ཡ་མཚན་པ་ཞིག་ལ། ཁོའི་རྐང་པ་གཉིས་ཐང་ལ་འབྱར་བ་བཞིན་གོམ་པ་གཅིག་ཀྱང་སྤོ་མི་ཐུབ། དགྲ་བོས་འཕངས་པའི་མདེའུ་རྣམས་ཁོའི་གཡས་གཡོན་ན་“སིན་སྒྲ”དང་བཅས་བབས་ནས་ས་ནག་དང་རྩྭ་ལྡུམ་་གང་སར་གཏོར་བས། ཁོའི་རྒྱབ་ཏུ་ཚ་གཟེར་བརྒྱུགས་ནས་འཕྲལ་མར་འཇིགས་ཉེན་ཆེ་བའི་གནས་དེ་ནས་གྲོལ་ན་འདོད་རུང་། གོམ་པ་སྤོ་བ་ནི་རི་བོ་སྒུལ་རྒྱུ་དང་གཉིས་སུ་མ་མཆིས། མཚམས་དེར་དམག་ལཱ་སེར་པོ་གྱོན་ཞིང་མེ་མདའ་བྲང་ཁར་བཟར་བའི་རྒྱ་དམག་འགའ་ཁོའི་ཐད་དུ་ཡོང་ནས་ཁོ་བཟུང་བ་མ་ཟད། གདུག་རྩུབ་ཆེན་པོས་ལག་ཟུང་རྒྱབ་ཏུ་དཀྱུས་པས་ཁོའི་ཕྲག་རྒྱབ་ཏུ་ན་ཟུག་དྲག་པོ་ལངས་པ་དང་། ལྷག་པར་དུ་ཁོའི་ཕྲག་པ་གཡོན་པའི་ན་ཟུག་དེ་ཧ་ལམ་བཟོད་གླགས་བྲལ་བར་གྱུར་བས། ཁོའི་སེམས་ནང་ད་ཐེངས་དགྲ་ལག་ཏུ་ཤོར་བ་མ་ཟད་ལག་པའང་བཅག་སོང་སྙམ་པའི་འཇིགས་སྣང་ཞིག་དང་ལྷན་དུ་གཉིད་ལས་སད་བྱུང་།
གཉིད་ལས་སད་ནས་དེ་དག་ཡོངས་རྫོགས་རྨི་ལམ་ཡིན་པ་དང་རང་ཉིད་(རྒས་གསོ་ཁང་གི)ཉལ་ཁྲིའི་སྟེང་བདེ་བར་ཉལ་ཡོད་པ་ཤེས་དུས། ཁོའི་སེམས་ཀྱི་འཇིགས་སྐྲག་དེ་སྐད་ཅིག་ཉིད་ལ་འཇའ་ལྟར་ཡལ་སོང་མོད། འོན་ཀྱང་ཁོའི་ཕྲག་པ་ད་དུང་ན་བཞིན་མཆིས། གཉིད་ཡུར་བའི་སྐབས་སུ་གཞོགས་རྗེ་ཕྱོགས་ཞིག་གིས་ལག་པ་གཡོན་པ་འོག་ཏུ་མནན་ནས་གང་འཚམ་ཕྱིན་པས་ཕྲག་པ་གཡོན་པར་ན་ཟུག་ལངས་པ་ཡིན་འདུག
སྤོ་བོ་ཉི་མས་ཉལ་ཁྲིའི་ཐོག་འཁོར་ཙམ་བགྱིས་ན་གན་རྐྱལ་དུ་ལོག་པས། ཅུང་བདེ་བའི་སྣང་བ་ཞིག་སྐྱེས་པ་དང་ལག་པ་གཡས་པས་ན་ཟུག་ལང་སའི་ཕྲག་པ་གཡོན་པར་ཕུར་ཕུར་བྱེད་ཞོར་རྨི་ལམ་ནང་རྨིས་པའི་ཨ་མའི་སྐོར་བསམ་བློ་བཏང་། ཁོས་ཨ་མ་མ་མཐོང་ནས་ཧ་ལམ་དུས་རབས་ཕྱེད་ཅིག་འགྲོ་བར་ཉེ་རུང་། ཁོ་རང་ཆུང་ཆུང་སྐབས་ཀྱི་ཨ་མའི་སྣང་བརྙན་དེ་ད་རུང་ཁོའི་སེམས་ནང་གསལ་པོར་འཆར་ཡོང་། གལ་ཏེ་མི་ཞིག་གིས་ཁོ་ལ་“ཁྱོད་ཀྱི་ཨ་མ་ཅི་འདྲ་ཞིག་རེད”ཅེས་དྲིས་ན། ཁོས“འདི་འདྲ་དང་འདི་འདྲ་ཞིག་ཡིན”ཞེས་གསལ་པོར་སེམས་ལ་འཆར་རྒྱུ་ཡོད་པ་ཞིག་འགྲེལ་མི་ཐུབ་ཀྱང་། ཁོའི་སེམས་ནང་ཨ་མའི་བཞིན་རས་ཀྱི་གཉེར་རིས་རེ་རེ་དང་། སྤྱན་ཟུང་ནང་འཁྱིལ་བའི་བྱམས་བརྩེའི་འོད་མདངས། སྐྲ་དཀར་ཁ་ཤས་ཀྱིས་བསླད་པའི་དབུ་སྐྲ ད་རུང་མོའི་ལུས་དང་གཏན་ནས་མི་འབྲལ་བའི་མདུན་དུང དང་ཤེལ་དཀར་གྱི་ཕྲེང་བ་སོགས་གསལ་པོར་འདྲ་པར་ལ་བལྟས་པ་བཞིན་མཐོང་བཏུབ་ལ། དེ་ནི་ཁོའི་སེམས་ཀྱིས་བླངས་པའི་འདྲ་པར་ཞིག་ལྟར་ལོ་ཟླ་ཇི་ཙམ་སོང་ཡང་ཟུབ་པ་དང་འགྱུར་བ་མ་མཆིས།
ཕྱི་ལ་ད་དུང་ནམས་ལང་མེད་པས་སྤོ་བོ་ཉི་མས་ཉལ་ཁྲིའི་སྟེང་ལོག་སྟེ་མུ་མཐུད་ཕྱིར་དྲན་བྱས། གསལ་ལ་མི་གསལ་བའི་འདས་དོན་མང་པོ་ཞིག་བརྙན་འཕྲིན་གྱི་རྒྱུད་ལམ(TV channel)་བརྗེས་པ་ལྟར་གོ་རིམ་མེད་པར་སྤོ་བོ་ཉི་མའི་སེམས་སུ་ཤར་རྗེས ཁོ་རང་བུ་སྤུན་དགུ་དམག་ཏུ་འགྲོ་བའི་ཞོགས་པ་དེ་ཡིད་ལ་འཁོར་བྱུང་། སྟོན་ཁའི་ཞོགས་པ་དེར་ཁོ་བུ་སྤུན་ཚོས་ཞོགས་ཇ་བཟས་ཏེ་སྔ་ཉིན་ནས་འཆར་གཞི་བཏིངས་པ་བཞིན་འགྲོ་ཆས་བྱེད་པའི་ཚེ། ཨ་མས་གཡོལ་ཐབས་བྱས་བྱུང་། མོས་“མདང་དགོང་ང་ལ་རྨིས་ལྟས་ངན་པ་ཞིག་བྱུང་བས་ཁྱོད་ཚོ་དམག་ལ་འགྲོ་མི་ཉན། སྤྱང་ཀི་ཁྱུ་གཅིག་གིས་ཁྱོད་ཚོའི་ཞོན་རྟ་བསད་པ་མ་ཟད། རླུང་དམར་དྲག་པོ་ཞིག་ལྡང་བ་དེས་ངེད་ཚང་གི་མགོ་སྦྲ་དང་ཐབ་ཁ་སོགས་ཁྱིམ་ཤུལ་ཙམ་ཡང་མེད་པ་ཁུར་སོང། མ་མཐའ་ཡང་དེ་རིང་གཏན་ནས་འགྲོ་མི་ཉན།”ཞེས་སེམས་སྡུག་ཆེན་པོས་ཞུ་བ་བྱས་མོད། འོན་ཀྱང་ཨ་ཕ་ཀྲོ་ནོར་སྦས་“རྣམ་རྟོག་མ་སློངས། ཆོས་རྗེས་རིན་པོ་ཆེ ་དང་ངག་དབང་སྤྱིན་པོ་ སོགས་ཀྱང་དེ་རིང་གི་དམག་ཏུ་ཞུགས་ཡོད་པ་མ་ཟད། ཁོང་རྣམ་པས་ད་ལོའི་དམག་འདིའི་རྒྱལ་ཁ་ང་ཚོ་ལ་ཐོབ་རྒྱུ་ཡིན་སྐོར་ཞལ་ཚ་མོས་གསུངས་པ་ངས་དངོས་སུ་གོ་བྱུང་། དེ་རིང་ཡུལ་སྡེ་བ་ཡོངས་ཀྱི་དམག་མི་ལམ་དུ་ཆས་དུས་འདིར། ཀྲོ་ཚང་གི་བུ་སྤུན་རྣམས་ཁྱིམ་དུ་བསྡད་ན་སྡེ་ཁྲ་མོས་ཅི་ཞིག་ཟེར་རྒྱུ་རེད། དགྲ་ཕར་འགྲོའི་སྔོན་མ་དང་ཕྱིར་ཡོང་གི་རྟིང་མ་བྱེད་མ་ཐུབ་ཀྱང་རྗེས་སུ་སྡོད་སྲོལ་་ཞིག་ག་ལ་ཡོད། ཀྲོ་ཚང་ཟེར་ན་དེ་འདྲ་ཞིག་མིན། ད་རུང་དེ་རིང་བླ་མ་ཉི་མ་འདྲ་བ་ཁོང་རྣམ་པ་དང་ལྷན་དུ་དམག་ལ་ཞུགས་རྒྱུའི་གོ་སྐབས་ཐོབ་པ་འདི་སྔོན་བསགས་ཀྱི་བསོད་ནམས་རེད། གཙོ་བོ་དཀོན་མཆོག་གསུམ་དང་བླ་མ་ཁོང་རྣམ་པར་གསོལ་འདེབས་བྱོས་དང་ཅི་སྐྱོན་ལེ་མག”ཅེས་བཤད་དེ་ཨ་མའི་གཡོལ་ཚིག་སྣང་མེད་དུ་བཏང་བ་མ་ཟད། ཁོ་བུ་སྤུན་ཚོ་ལ་གྲོ་ཁ་སྡུད་གསོག་རྒྱག་རོགས་དང་རྟ་སྒའི་གློ་ཐག་འཐེན་རོགས་བྱས།
“དེ་དུས་ཨ་མས་ཡོད་ཚད་ཤེས་ཡོད་པ་འདྲ།” སྤོ་བོ་ཉི་མས་གློ་བུར་དུ་དེ་ལྟར་བསམས་པ་དང་སྟོང་ལྷང་ལྷང་དང་ལྗིད་ཏིག་ཏིག་གི་ཚོར་སྣང་ཡ་མཚན་ཅན་ཞིག་བྲང་ཁར་འཚངས་པས། ཉལ་ཁྲིའི་སྟེང་འགུལ་ཙམ་བྱས་ནས་ལུས་པོ་བདེ་རུ་ཕབ་རྗེས། ཁོའི་སེམས་པ་སླར་ཡང་འདས་ཟིན་པའི་ཞོགས་པ་དེར་ལོག་སོང་། ཨ་ཕས་སྐད་ཆ་དེ་བཤད་རྟིང། ཨ་མས་ཡང་བསྐྱར་གཡོལ་འདེབས་པའི་ཚིག་གཅིག་ཀྱང་སྨྲས་མ་བྱུང་། མོས་ཨ་ཕའི་ཨུ་ཚུགས་སམ་དབང་ཤུགས་ལ་ཁ་གཏད་དང་གྱེན་ལོག་མེད་པ་གསལ་པོར་ཤེས་ཡོད་པ་ལོས་ཡིན། འོན་ཀྱང་མོའི་ངོ་གདོང་ལ་བཟོད་མི་ཐུབ་པའི་སྡུག་བསྔལ་ཞིག་གིས་ཁེངས་འདུག་ལ། མིག་མཐར་མཆི་ཞག་འོད་འཚེར་རེར་འཁོར་ནས་ཐོན་ཆས་བྱེད་བཞིན་པའི་བུ་རེ་རེའི་ངོ་གདོང་ལ་ཞིབ་ནན་གྱིས་ལྟ་ཚུལ་ལ་བལྟས་ན། མོས་སྙིང་དང་འདྲ་བའི་བུ་སྤུན་ཚོའི་ངོ་གདོང་དང་གཟུགས་དབྱིབས། བྱེད་སྟངས་རྣམས་རེ་རེ་བཞིན་མིག་གིས་པར་དུ་བླངས་ནས་གཏན་དུ་སེམས་ཁོངས་སུ་འཛིན་འདོད་པ་དང་ཡོངས་སུ་མཚུངས། ཐོན་ཁར་བུ་རེ་རེའི་སྐེ་དང་ལྷག་པར་དུ་སྤོ་བོ་ཉི་མའམ་སྐབས་དེའི་གཞོན་ནུ་ཉི་མའི་སྐེ་ལ་ཡུན་རིང་འཐམས་ནས་ཧ་ལམ་གཏོང་མི་ཕོད་ལྟར་བྱས་བྱུང། ཁོ་ཚོ་བུ་སྤུན་རྣམས་གཡས་གཡོན་གྱི་རུ་སྡེ་ནས་ཡོང་བའི་ཡུལ་དམག་གཞན་ཚོ་དང་འདྲེས་ཤིང་། ཁོ་ཚང་གི་སྦྲ་ཁྱིམ་ནས་ཐག་རིང་བའི་རི་འཕྲང་དེའི་རྒྱབ་ཏུ་ཡོལ་དུས། ཨ་མ་ད་དུང་ཐོ་ཡོར་ཞིག་ལྟར་སྔར་གནས་སུ་ནག་ཧྲེང་ངེར་འགྲེངས་ནས་ཁོ་ཚོའི་ཕྱོགས་སུ་བལྟས་འདུག་པ་དང་། ཨ་ཕ་དང་གཡོག་པོ་ཞིག་གིས(རྒན་པོ་ཞིག་རེད།)ཞོན་རྟ་གཉིས་ཁྲིད་དེ་ནགས་ལྷ་འཛམ་བྷའི་ཕྱོགས་སུ་འགྲོ་བཞིན་མཆིས། དམག་ཏུ་ཆས་བཞིན་པའི་བུ་སྤུན་ཚོའི་སླད་དུ། ཁོང་དཔོན་གཡོག་གཉིས་ཆེད་མངགས་ནགས་ཤོད་ཀྱི་བླ་རི་ནགས་ལྷ་འཛམ་བྷའི་རྩེ་རུ་ལྷ་བསང་དང་རླུང་རྟ་བྱེད་དུ་འགྲོ་བཞིན་ཡོད། དེ་ནི་སྤོ་བོ་ཉི་མས་མི་ཚེའི་ནང་ཕ་མ་གཉིས་མཐོང་བ་ཆེས་མཐའ་མ་ཡིན་ལ། ཁོའི་ཁེར་རྐྱང་གི་ཚེ་སྨད་རྡ་སའི་རི་ལྡེབས་སུ་སྐྱེལ་སྐབས། ཨ་མ་སྦྲ་མདུན་དུ་གཡོ་འགུལ་མེད་པར་ལངས་ནས་ཁོ་ཚོའི་ཕྱོགས་སུ་བལྟས་ཡོད་པ་དང་། ཨ་ཕ་དང་གཡོག་པོ་གཉིས་རྟ་རེ་ཁྲིད་དེ་ཕྲན་བུ་སྔ་རྗེས་ཤོར་བའི་ངང་ནགས་ལྷ་འཛམ་བྷའི་ཕྱོགས་སུ་འགྲོ་བཞིན་པའི་སྣང་བརྙན་དེ་གློག་བརྙན་གྱི་དུམ་བུ་ཞིག་ལྟར་ཡང་ཡང་ཁོའི་སེམས་སུ་འཆར་མྱོང་བ་དང་། བུ་སྤུན་རྣམས་ཕྱིར་ལོག་རྒྱུ་མེད་པར་གྱུར་རྗེས། ཕ་མ་གཉིས་དང་ཁོ་ཚང་གི་རྒྱུ་ནོར་སྒོ་ཕྱུགས་ཡོངས་རྫོགས་ལ་ཅི་ཞིག་བྱུང་ཡོད་ཨང་སྙམ་པའི་ན་ཟུག་ཆེ་བའི་དྲི་བ་ཞིག་གིས་ཁོའི་སེམས་ཀྱི་ཞི་བདེ་ཐེངས་མང་འཕྲོག་མྱོང།
སྤོ་བོ་ཉི་མས་དེ་ལྟར་ཕྱིར་དྲན་བྱེད་ཀྱིན་པའི་ཚེ། ཁང་པའི་སྒེའུ་ཁུང་རིམ་གྱིས་ཇེ་གསལ་དུ་གྱུར་བ་དང་། གཡས་གཡོན་གྱི་ཁང་པ་དག་གི་སྒོ་ཕྱེ་བའི་སྒྲ་དང་། རྒན་འཁོགས་འགས་གསལ་ལ་མི་གསལ་བའི་ཁ་ཏོན་འདོན་བཞིན་ལྗིད་གོག་ཆེན་པོས་ཕར་འགྲོ་ཚུར་འགྲོ་བྱེད་པའི་སྒྲ་ཐོས་པས། ཁོས་ནམ་ཡོངས་སུ་གསལ་བ་ཚོར་ཞིང་ཡར་ལངས་པ་དང་། སྔས་འགྲམ་དུ་བསྙེས་ནས་བཞག་པའི་འཁར་བ་ཁྱེར་ཏེ་གསང་སྤྱོད་དུ་འགྲོ་སྐབས། ཁ་ཏོན་འདོན་བཞིན་སྒུར་སྒུར་གྱིས་དལ་བུར་ཕར་འགྲོ་ཚུར་འགྲོ་བྱེད་བཞིན་པའི་རྒན་འཁོགས་ཚོས་ཁོ་ལ་“ཞོགས་པ་བདེ་ལེགས”ཞེས་འཚམ་འདྲི་སྟབས་བདེ་རེ་བྱས་བྱུང་བར་ཁོས་ལན་སྟབས་བདེ་རེ་བཏབ། ཡ་མཚན་པ་ཞིག་ལ། ཁོ་ཚོས་ཕན་ཚུན་འཚམ་འདྲི་བྱེད་སྐབས་ངོ་གདོང་ཡར་འགྱོག་རྒྱུར་དཀའ་ལས་ཁག་གི་ཡོད་པ་ལྟར་ཕན་ཚུན་གྱི་ངོ་གདོང་ལ་ལྟ་རེས་མ་བྱས།
ལྔ་པ།
ལོ་ཟླའི་འཁོར་ལོ་རིམ་གྱིས་འཁོར་ནས་སྤོ་བོ་ཉི་མའི་ལུས་ཀྱི་སྟོབས་ཤུགས་ཉམས་པ་དང་ལྷན་དུ། ཁོའི་སེམས་ཀྱི་གསལ་ཆའང་གྲིབ་ནས་རྒྱུན་པར་གཉིད་སད་མ་ཐག་རྨི་ལམ་རྣམས་རྗེད་འགྲོ་ལ། སྐབས་སྐབས་སུ་སེམས་ནང་འཁོར་བའི་དོན་རྐྱེན་ཞིག(རྒྱུན་པར་ཁོས་མི་ཚེའི་ནང་དངོས་སུ་བྱུང་མྱོང་བ་ཞིག)རྨི་ལམ་ནང་རྨིས་པ་ཡིན་ནམ་ཡང་ན་འདས་པའི་དྲན་འཆར་ཞིག་ཡིན་ཐག་མི་ཆོད་པ་ཡོང་གི་ཡོད་མོད། འོན་ཀྱང་ཉིན་དེའི་ཞོགས་པའི་ཞལ་འདོན་སྐབས་དང་ལྷག་པར་དུ་ཞོགས་ཇ་འཐུང་དུས། ཁོས་རྨི་ལམ་དུ་རྨིས་པའི་ཨ་མའི་ཉམ་ཐག་པའི་ཚུགས་ག་དང་། དམར་པོར་གྱུར་བའི་མིག་ཟུང་། ད་དུང་“ཁྱོད་གཞི་ནས་ཡོང་བ་ཡིན་ནམ། ངས་ཁྱོད་བསྒུགས་ནས་ཡུན་རིང་ཕྱིན།”ཞེས་པའི་སྐད་ཆ་རྣམས་ཇི་བཞིན་དྲན་བྱུང་བས། ཁོས“གཅིག་བྱས་ན་རྨི་ལམ་དུ་རྨིས་པ་ཇི་བཞིན་སྐྱེ་བ་ཕྱི་མ་ནས་ཨ་མས་ང་རང་བསྒུགས་ནས་ཡོད་ཅི་ཤེས།”སྙམ་པའི་ཚོར་སྣང་ཁྱར་མཚར་ཞིག་སྐྱེས་པ་དང་། ཡང་རང་ཉིད་བྱིས་པའི་སྐབས་ཕ་ཡུལ་ན་ཕ་མ་ལྷན་འཛོགས་ངང་འཚོ་བའི་སྤྲོ་སྣང་དང་དགའ་སྐྱིད་དང། ད་ལྟ་རྒས་གསོ་ཁང་གི་རྒན་འཁོགས་གཞན་ཚོ་དང་ལྷན་དུ་འཆི་རྒྱུར་སྒུག་པའི་སྡུག་བསྔལ་དག་ཞེ་ལ་འཁོར་ཚེ། རང་ཉིད་ཀྱི་མི་ཚེ་ཧྲིལ་བོ་རབ་རིབ་ཀྱི་རྨི་ལམ་ཞིག་ལས་མ་འདས་པ་རྟོགས་པས། ཁོའི་སེམས་པ་སྟོང་ལྷང་ལྷང་གྱུར་ནས་ཞོགས་ཇ་འཐུང་བའི་དང་བ་ཡང་བརླགས་སོང་། ཁོས་ཟ་འཕྲོ་རྣམས་སྒོ་འགྲམ་དུ་བཞག་པའི་ལྕགས་ཀྱི་ཁྱི་ཕོར་རྙིང་ཧྲུལ་དེའི་ནང་བླུག་དུས། སྔ་མོ་ནས་དེར་བསྒུགས་པའི་ཁྱི་དེ་ཚོས་རྔ་མ་གཡུག་བཞིན་ཁོའི་མདུན་དུ་འཚངས་བ་དང་། ཁྱི་སྤུར་(སྣ)ཁོའི་ཕོར་པ་ལ་གཏུག་གྲབས་བྱས་པས། ཁོས་“སོ་་་”ཞེས་སྡིགས་མོ་བྱས་པ་དང་སྦྲགས། རྐང་པ་བརྟན་པོར་བཙུགས་ནས་འཁར་བ་ཕྲན་ཙམ་ཕྱར་བས། དེ་དག་ཕར་ཙམ་བྲོས་ནས་སླར་ཁྱི་ཕོར་ལ་རུབ། ཁོས་དེ་དག་ལ་ཡང་བསྐྱར་ཁ་ཡ་མ་བྱས་པར་འཁར་བར་བརྟེན་ནས་ཤག་ཏུ་ལོག
ཞོགས་པའི་རྨི་ལམ་དེས་ཡིན་ནམ་ཡང་ན་རྒྱུ་རྐྱེན་གཞན་ཞིག་གིས་ཡིན་མི་ཤེས་ཀྱང་། ཉིན་དེའི་ཞོགས་པ་ནས་བཟུང་སྤོ་བོ་ཉི་མ་ལ་བློ་མི་བདེ་བའི་ཚོར་སྣང་ཡ་མཚན་ཅན་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས་ནས་ཧ་ལམ་འདུག་མི་བཟོད་པར་གྱུར་། དུས་རྒྱུན་སེམས་པ་འཁྲུག་དུས། ཁོས་རང་ཉིད་ཆུང་ཆུང་སྐབས་སུ་ཨ་ཕས་བསླབས་པའི་“བར་ཆད་ལམ་སེལ”དང་དེ་མིན་གྱི་ཁ་ཏོན་བཏོན་ནས་གསོལ་འདེབས་བྱས་ན་ཅི་ཞིག་སེལ་སོང་བ་དང་གང་ཞིག་དག་སོང་བའི་སྣང་བ་ཞིག་བཅོས་མིན་དུ་སྐྱེས་ནས་སེམས་པ་ལྷོད་ཤིག་གེར་དང་བློ་བདེ་སྨིན་སེར་འགྲོ་མོད། འོན་ཀྱང་དེ་ཉིན་ཁོའི་འདོན་པ་དང་གསོལ་འདེབས་ལ་དུས་རྒྱུན་གྱི་བྱིན་རླབས་དེ་མེད་པ་ལྟར། སེམས་པའི་གཏིང་རུམ་གང་ཞིག་ནས་ཤུགས་ཀྱིས་ལངས་ཡོང་བའི་འཚབ་སྣང་ཁྱད་མཚར་ཅན་དེ་གཏན་ནས་འཇགས་རོགས་མ་བྱས།
དེ་བས་ཕྱི་དྲོའི་ཆུ་ཚོད་བཞི་པ་ཙམ་ལ་སྤོ་བོ་ཉི་མས་སླར་ཡང་འཁར་བ་ལག་ཏུ་བླངས་ནས་ཉིན་དེའི་སྐོར་བ་གསུམ་པའམ་མཐའ་མ་དེ་རྒྱག་ཏུ་ཆས་དུས། ཁྱད་མཚར་བའི་འཚབ་སྣང་དེ་ཁོའི་སེམས་པའི་ནང་ན་བུན་བཞིན་འཐིབས་ཡོད་ལ། ཐ་ན་སྐོར་ལམ་ནས་རྐྱེན་ངན་གང་ཞིག་གིས་ཁོའི་འཁར་བའི་རྩེད་མོ་ས་ལ་བཙུགས་པའི་“ཐྲག་སྒྲར”ཉན་བཞིན་སྒུག་ཡོད་པའི་སྐྲག་སྣང་ཞིག་སྐྱེས་ནས་ཕྱིར་རྒས་གསོ་ཁང་དུ་ལོག་རྒྱུའི་བསམ་བློ་འཁོར།
འོན་ཀྱང་ཁོས“འདི་མི་ཉན་པ་ཅི་ཞིག་ཡིན་ནམ། བདུད་ཀྱི་བར་ཆད་ཡིན་སྲིད། སྐོར་བ་མཐའ་མ་འདི་ཅིས་ཀྱང་རྒྱག་དགོས”བསམས་པ་དང་། ལག་ནང་གི་འཁར་བ་དམ་པོར་བཟུང་ཞིང་ངག་ནས<<བར་ཆད་ལམ་སེལ>>འདོན་བཞིན་ཆོད་སེམས་བརྟན་པོས་གོམ་པ་མདུན་དུ་སྤོས། རྒྱུན་པར་ཁོ་ལ་བློ་མི་བདེ་བ་དང་འཇིགས་སྐྲག་གི་ཚོར་སྣང་དེ་ལྟ་བུ་སྐྱེ་བའི་སྐབས་སུ། <<བར་ཆད་ལམ་སེལ>>བསྐྱོར་ནས་གསོལ་འདེབས་བྱེད་པ་ནི་ཆུང་དུས་ལས་ལོབས་པའི་གོམས་གཤིས་ཤིག་རེད། དེ་ཡང་ཁོས་སྐད་ཆ་བཤད་ཤེས་ལ་མ་ཤེས་ཙམ་ནས་ཨ་ཕས “དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ”ཞེས་སྔ་དགོང་ལ་འདོན་པ་གོ་མྱོང་ལ། རྗེས་སུ་ཨ་ཕས་འདོན་པ་གཞན་འགའ་དང་ལྷན་དུ་ཁོ་ལ་བར་ཆད་ལམ་སེལ་བསླབས་པའི་ཐོག ཁོང་གིས་ད་རུང་ཕྱོགས་སུ་ཐོན་ཁ་དང་ཉེན་ཁ་ཆེ་བའི་ལས་རྩོམ་སྐབས། འདོན་པ་དེ་བཏོན་ནས་སྣ་དང་བྲང་ཁར་ཕུ་བཏབས་ན། བར་ཆད་ཐམས་ཅད་ཞི་ནས་བསམ་དོན་འགྲུབ་ངེས་གསུངས། དེ་བས་བགྲང་བྱ་བཞི་བཅུ་ལྷག་གི་ཡར་སྔོན་གྱི་ཞོགས་པ་སྟེ། ཁོ་བུ་སྤུན་ཚོ་ཕ་མ་དང་ཁ་བྲལ་ཏེ་དམག་ཏུ་ཆས་པའི་ཞོགས་པ་དེར་ཁོས་བར་ཆད་ལམ་སེལ་འདོན་མྱོང་ལ། དེ་རྗེས་ཁོ་རྒྱ་གར་གྱི་དམག་ཏུ་ཞུགས་ནས་ཐེངས་དང་པོར་གནམ་གྲུའི་ནང་ནས་མཆོང་དུ་འགྲོ་བའི་ཉིན་དེར། ཁོས་རོགས་པ་ཚོས་མ་ཚོར་བ་བྱས་ཏེ་གནམ་གྲུའི་ནང་བར་ཆད་ལམ་སེལ་བཏོན་ནས་སྣ་དང་བྲང་ཁར་ཕུ་འདེབས་མྱོང་། དེ་རིང་ཡང་ཕྱོགས་སུ་ཐོན་པའམ་དམིགས་བསལ་གྱི་ལས་ཀ་གང་ཡང་རྩོམ་གྱི་མེད་རུང་། སེམས་པའི་གཏིང་རིམ་གང་ཞིག་ནས་ལངས་པའི་ཁྱད་མཚར་གྱི་ཞེད་སྣང་དེ་ལྷོད་དུ་འབབ་ཆེད། ཁོས་བར་ཆད་ལམ་སེལ་འདོན་བཞིན་ཡོད།
སྤོ་བོ་ཉི་མ་ག་ལེར་རྒས་གསོ་ཁང་ནས་ཡར་སྐོར་ལམ་ལ་ཐེན་པའི་ཨར་འདམ་གྱི་རྡོ་སྐས་དེ་འགོས་རྗེས། སྐོར་ལམ་ཐོག་ནས་གོམ་པ་འགའ་ཤས་ལས་མ་བརྒྱབས་པར་ལྷ་རྒྱལ་རི་ལ་འབྱོར་(རྒས་གསོ་ཁང་ཧ་ལམ་ལྷ་རྒྱལ་རིའི་འོག་ཏུ་ཡོད།)་བྱུང་བ་དང་། སྐོར་ར་བ་གཅིག་ཀྱང་མ་མཆིས།
ཕྱི་དྲོའི་ཉི་འོད་འཇམ་པོའི་འོག་ཏུ། ལྷ་རྒྱལ་རིའི་ཁོར་ཡུག་ཁུ་སིམ་མེར་དང་ལྷིང་འཇགས་སེར་སྣང་། རི་ངོས་སུ་བཞེངས་པའི་མཆོད་རྟེན་དཀར་པོ་རྣམས་རྩེ་མོ་དགུང་ལ་ཟུག་སྟེ་གཟི་བརྗིད་ཀྱིས་འགྱིང་འདུག་ལ། མཆོད་རྟེན་དེ་དག་དང་ཉེ་འཁོར་གྱི་ལྗོན་ཤིང་མཐོན་པོ་རྣམས་ཀྱི་རྩེ་མོ་ནས་ཕར་ཚུར་ཐེན་པའི་དམར་སེར་དཀར་སྔོན་གྱི་དར་ལྕོག་རྣམས། ཕྱི་དྲོའི་རླུང་བུའི་ལྡང་ཕྱོགས་དང་བསྟུན་ནས་མཚམས་རེར་ལྷེབ་ལྷེབ་དུ་གཡོ་བ་དང་ཡང་ཡུད་ཙམ་ལ་འགུམ་མེད་དུ་སྡོད།
སྤོ་བོ་ཉི་མ་ལྷ་རྒྱལ་རི་ན་བཙུགས་པའི་ཚར་དུ་དངར་བའི་ལག་སྒྲིལ་གྱི་སྟར་ཕྲེང་རིང་བོ་དེའི་སྣེ་མོར་ཐོན་པ་དང་། འདུག་ཙམ་བྱས་ཏེ་ལག་གཡས་པར་བཟུང་བའི་འཁར་བ་གཡོན་པར་བརྗེས་རྟིང་། སླར་གོམ་པ་སྤོ་འགོ་བརྩམས་པ་དང་སྦྲགས། སྟོང་པར་གྱུར་བའི་ལག་གཡས་པས་ལག་པ་གྲངས་མེད་ཀྱིས་རེག་ནས་འཇམ་ཟད་དུ་གྱུར་བའི་ལག་སྒྲེལ་རྣམས་ཀྱི་འཇུ་ས་ནས་བཟུང་སྟེ་བསྐོར་བས། ཁ་ཁུ་སིམ་པའི་ཁོར་ཡུག་ནང་ཙིར་སྒྲ་དང་འུར་སྒྲ་འདྲེས་མའི་སྒྲ་ཡ་མཚན་ཅན་ཞིག་གྲགས་བྱུང་།
ཁོས་ལག་སྒྲིལ་སྐོར་བཞིན་སྟར་ཕྲེང་གི་ཕྱེད་ཀ་ཙམ་ཐོན་པ་ན། རྒྱབ་ཕྱོགས་ནས་བྱིས་པ་འགའ་ཡོང་བའི་སྐད་ཅོར་ཐོས་པ་མ་ཟད། ལག་སྒྲིལ་དྲག་ཏུ་བསྒྲིལ་བའི་འུར་སྒྲ་དང་ཙིར་སྒྲ་གོ ཁོས་ཁ་ཕྱིར་འཁོར་ཏེ་ལྟ་ལོང་མི་བྱུང་གོང་། ལོ་ན་བརྒྱད་དགུ་ལ་སོན་པའི་བྱིས་པ་གསུམ་ཁོའི་གཞོགས་ནས་མདུན་དུ་ཤོར་བའི་ཐོག སྟེར་ཕྲེང་གི་ཕར་སྣེར་མ་བསླེབས་བར་སྔོན་ལེན་རེས་ཀྱིས་ལག་སྒྲིལ་སྐོར་བཞིན་རྒྱུགས་ལ། ལག་སྒྲིལ་རྫོགས་རྗེས་ད་དུང་མ་ཚིམས་པ་ལྟར་དགོད་བཞིན་ཕན་ཚུན་འཇུ་རེས་དང་འདེད་རེས་བྱས། ཁོ་ཚོའི་སྤྲ་ཚག་གི་བྱ་སྤྱོད་དེས་ཐོག་མར་སྤོ་བོ་ཉི་མ་ལ་ཁོང་ཁྲོ་ཏོག་ཙམ་བསླངས་མོད། འོན་ཀྱང་ཁོའི་སེམས་སུ“བྱིས་པ་འདི་ཚོས་ཅི་ཤེས། ཨ་ཙི་ཁོ་ཚོ་ནི་ཅིའི་འདྲ་སྐྱིད་ཨང་། ཁོ་ཚོར་མཚོན་ན་འཇིག་རྟེན་འདི་དགོད་སྒྲ་དང་རྩེད་འཇོ་ཁོ་ནས་གྲུབ་པ་ཞིག་ཡིན”སྙམ་ནས་བྱིས་པ་ཚོ་ལ་གློ་བུར་གྱི་ཡིད་སྨོན་ཞིག་ཤོར་བ་དང་། ཡང་ཡུད་ཙམ་གྱི་སྔོན་དུ་རང་ཉིད་ཀྱང་བྱིས་པ་དེ་ཚོ་དང་འདྲ་བར་སྤྲོ་སེམས་ཀྱིས་ཁེངས་པའི་བྱིས་པ་ཞིག་ཡིན་ཞིང་། ཅུང་ཙམ་གྱི་མཇུག་ཏུ་ཁོ་ཚོ་ཡང་རང་ཉིད་དང་མཚུངས་པར་ལུས་ཀྱི་ཟུངས་བཅུད་ཤོར་ཞིང་སེམས་ཀྱི་སྤྲོ་སྣང་བརླགས་པའི་རྒས་འཁོགས་ལ་འགྱུར་བའི་དོན་དངོས་དེ་དྲན་པས། ཁོ་ལ་ཡོད་ཚད་རྨི་ལམ་དང་འཁྲུལ་སྣང་ཡིན་པའི་སྣང་བ་འགྲེལ་མི་ཤེས་པ་ཞིག་སྐྱེས་ཤིང་། སྟོང་ལྷང་ལྷང་གྱི་ཚོར་སྣང་དེ་སྔར་བས་ཀྱང་ཤུགས་ཇེ་ཆེར་ཕྱིན་པས། རེ་ཞིག་འདོན་མཚམས་དང་གོམ་མཚམས་ཆད་སོང་བ་མ་ཚོར།
སྐབས་དེར་བུད་མེད་ལོ་སུམ་ཙམ་ལོན་པ་གཉིས་གླེང་མོལ་བྱེད་ཀྱིན་ཐོན་བྱུང་བ་དང་། ཁོ་གཉིས་སྤོ་བོ་ཉི་མའི་འཁྲིས་ནས་འགྲོ་དུས། གཅིག་གིས“རྩེད་མོ་མ་རྩེ། ཡང་དུག་ལོག་འདྲལ་བསམ་འདུག”ཅེས་སྐད་ཤུགས་ཆེན་པོས་འཐེན་རེས་འབྱར་རེས་བྱེད་བཞིན་པའི་བྱིས་པ་ཚོ་ལ་སྡིགས་རུང་། ཁོ་ཚོས་མོ་ལ་ལྟ་ཙམ་ཡང་མི་བྱེད་པར་སྔར་ལྟར་དགོད་བཞིན་རྩེ་བཞིན་ལྷ་རྒྱལ་རིའི་རི་གདོང་ནས་ནས་ཡོལ་སོང་ལ། ཕྲན་ཙམ་གྱི་རྗེས་སུ་བུད་མེད་དེ་གཉིས་ཀྱང་རྒྱབ་སྤོ་བོ་ཉི་མ་ལ་བསྟན་ནས་རི་གདོང་དེ་ནས་ཡལ་སོང་།
ཁོང་ཚོ་ཡལ་རྗེས། བྱིས་པ་ཚོས་བསྐོར་བའི་ལག་སྒྲིལ་མང་ཤོས་ཀྱི་འཁོར་མཚམས་ཆད་ཟིན་ཞིང་། ད་དུང་འགུལ་བཞིན་པ་རེ་གཉིས་ལ་ཧ་ལམ་སྒྲ་མེད་པས། ཁོར་ཡུག་ཧྲིལ་བོ་སྔར་ལྟར་འཇམ་ཐིང་ངེར་དང་ལྷིང་འཇགས་སེར་གྱུར། སྤོ་བོ་ཉི་མས་གློ་བུར་དུ་ཅི་ཞིག་དྲན་པ་བཞིན་“ཨོམ་་”ཞེས་འདོན་པ་བཏོན་པ་དང་འཁར་བ་མདུན་དུ་བཙུགས་ཏེ་འགྲོ་འགོ་བརྩམས། ཁོར་ཡུག་ནང་སླར་ཡང་ལག་སྒྲིལ་འཁོར་བའི་ཙིར་སྒྲ་དང་འུར་སྒྲ་འདྲེས་པའི་སྒྲ་ཡ་མཚན་ཅན་དེ་གྲགས་བྱུང་།
དྲུག་པ།
སྤོ་བོ་ཉི་མ་ལྷ་རྒྱལ་རིའི་རྒྱབ་བམ་རི་གདོང་གི་ནུབ་ངོས་སུ་འབྱོར་དུས། ཕྱི་དྲོའི་ཉི་མ་ག་ལེར་ནུབ་ཀྱི་མཁའ་མཐའ་ནས་རྒྱང་རིང་གི་རི་བོ་ནག་ཤུར་ཤུར་དེ་དག་གི་ཕྱོགས་སུ་མར་མར་བཞུད་ཀྱིན་མཆིས་ལ། རི་གཤམ་གྱི་རྡ་ཤོད་གྲོང་རྡལ་དང་། དེའི་ལྕགས་ཤོག་དམར་པོ་དང་ལྗང་ཁུ་ཅན་གྱི་ཁང་བརྩེགས་རྣམས། ད་རུང་རྒྱང་རིང་གི་ཀཱང་ར་རྫོང་དང་། དེའི་ཉེ་འཁོར་ན་ཡོད་པའི་རི་བོ་དམའ་བོ་དག་སོགས་མདོར་ན་ཡོད་ཚད་དུ་ཞག་སྲབ་མོ་ཞིག་གིས་གཡོགས་ནས་སྣུམ་ཚོན་རི་མའི་ནང་གི་ཡུལ་ལྗོངས་ཤིག་ལྟར་སྣང་། ལག་པ་གཉིས་ཀ་འཁར་བར་བརྟེན་ནས་ངལ་གསོ་རེ་བྱེད་པའི་ཞོར་དུ་སྤོ་བོ་ཉི་མས་མགོ་བོ་དགྱེ་སྟེ་རྒྱང་ལྟ་རེ་བྱེད་དུས། དགོང་དྲོའི་རྣམ་པ་དེས་ཁོའི་སེམས་ལ་འགྲེལ་མི་ཤེས་པའི་སྐྱོ་སྣང་མཐོལ་པ་ཞིག་བྱིན།
གྲྭ་པ་འགའ་དང་། སྐྱ་བོ་ཁྱུ་གཅིག ད་དུང་དེ་མིན་གྱི་སྐོར་ར་བ་གཅིག་རེའམ་གཉིས་རེ་གཅིག་རྗེས་གཉིས་མཐུད་ཀྱིས་སྤོ་བོ་ཉི་མའི་རྒྱབ་ཕྱོགས་ནས་ཐོན་ཞིང་མདུན་དུ་ཆས་སོང་། རེ་གཉིས་ཀྱིས་ཁོ་ལ“སྤོ་བོ་བཀྲ་ཤིས་བདེ་ལགས”སམ་“དགོང་དྲོ་བདེ་ལེགས”ཞེས་འཚམས་འདྲི་སྟབས་བདེ་རེ་བྱས་པར། ཁོས་ཀྱང་དེ་མཚུངས་ཀྱི་ལན་ཐུང་ངུ་རེ་བྱིན།
དེ་ལྟར་དལ་བུར་ཡར་ཙམ་འགོས་རྗེས། སྤོ་བོ་ཉི་མ་སྐོར་ལམ་གྱི་ཟུར་དུ་བཙུགས་པའི་ལྕགས་ཀྱི་རྐུབ་སྟེགས་ལྗང་ཁུའི་ཐོག་བསྡད་དེ་ངལ་གསོས། ཁོས་ད་དུང་ཡང་འཁར་བ་རྐང་པའི་འཁྲིས་ཀྱི་ས་སྟེང་དུ་བཙུགས་པའི་ཐོག ལག་ཟུང་འཁར་བའི་མགོའམ་ཡུ་བ་གུག་གུག་སྟེང་གཅིག་ཐོག་གཅིག་བཞག་ནས་ཁོག་སྟོད་ཚུར་འཁར་བར་ཁེན་འདུག ལག་པ་གཡོན་པའི་ནང་ཉིས་ཁུག་བྱས་ནས་བཟུང་བའི་ཕྲེང་བ་ནག་པོའི་ལུང་ཁུག་ཅིག་འཁར་བར་ཐུག་ནས་མར་ཕྲན་ཙམ་ལུག་འདུག་པས། ཚིལ་དྲིག་ཆགས་ནས་ནག་པོར་གྱུར་བའི་སྐུད་གྲིམ་ཞིག་ཀྱང་མཐོང་བཏུབ།
སྤོ་བོ་ཉི་མ་རྐུབ་སྟེགས་ཐོག་བསྡད་དེ་ཕྲན་ཙམ་ཕྱིན་པ་ན། མགོ་བོ་དགྱེ་ཕྱོགས་ཤིག་གིས་མདུན་གྱི་བར་སྣང་དུ་ཕོ་རོག་འགའ་ཤས་འཕུར་ལྡིང་རྩེན་གྱིན་པ་མཐོང་བས། གློ་བུར་དུ་ཁོས་ལོ་ངོ་ལྔ་བཅུ་ཙམ་ལ་གཏིང་བརྗེད་དུ་སོང་བའི་བྱིས་པའི་དུས་ཀྱི་འདས་དོན་ཞིག་ཁྲ་ལྷམ་མེར་དྲན་བྱུང་། དེ་དུས་ཁོ་རང་ལོ་བཅུུ་ཡས་མས་ལས་སོན་མེད། ཉི་མ་སེར་གྱིར་ལེར་ཤར་བའི་སྔ་དྲོ་ཞིག་ལ། ཀྲོ་ནགས་སྦ་ཚང་གི་སྦྲ་གཞོགས་སུ་ཕྱར་བ་གྲུ་བཞི་བདུན་བརྒྱད་ཙམ་བཏིངས་པའི་ཐོག་ཏུ་ལག་པས་བཙིར་ནས་ཞིབ་ཞིབ་བཟོས་པའི་ཕྱུར་བ་ཉི་མར་བསྐམས་ཡོད། སྤོ་བོ་ཉི་མའམ་བྱིས་པ་ཉི་མ་ཅི་ཞིག་གི་ཆེད་དུ་སྦྲ་སྒོ་ནས་ཕྱི་ལ་དོན་དུས། ཕོ་རོག་འགའ་ཕྱུར་ཐང་(ཕྱུར་ར་ཉི་མར་སྐེམ་པ་ལ་ཟེར)སྟེང་བབས་ཡོད་པ་མ་ཟད། རྭ་མཆུ་ནག་པོ་ཕྱུར་བའི་གསེང་དུ་བཙུགས་ནས་ཕྱུར་བ་རྐུ་བཞིན་པ་མཐོང་། ཁོས་ལམ་སེང་སྦྲ་སྒོའི་འགྲམ་ནས་རྡོ་ཞིག་བསྒྲུགས་ནས་ཕོ་རོག་ཚོའི་ཐད་དུ་རྒྱུགས་པ་དང་། ལག་ནང་གི་རྡོ་དེ་ཤུགས་ཀྱིས་ཕོ་རོག་ཚོ་ལ་དམིགས་ཏེ་འཕངས། སྟབས་ཡག་པའམ་སྡུག་པ་ཞིག་ལ། ཁོས་འཕངས་པའི་རྡོ་དེ་ཡོ་འཁྱོག་མེད་པར་ཏག་ཏག་རྒྱུག་མ་འཕུར་གྱིས་འབྲོ་བཞིན་པའི་ཕོ་རོག་ཚོའི་གཅིག་གི་མགོ་ལ་ཐེབས་སོང་། ཕོ་རོག་གཞན་རྣམས་བར་སྣང་དུ་ལྡིང་ནས་རྒྱང་རིང་དུ་འཕུར་སོང་མོད། འོན་ཀྱང་རྡོ་ཕོག་པའི་ཕོ་རོག་དེ་མགོ་རྟིང་ལོག་ནས་སླར་ཐང་ཐོག་ཏུ་ལྷུང་བ་དང་། ཐང་ཐོག་ནས་གཤོག་ཟུང་སྨྱོ་བ་ལྟར་དྲག་ཏུ་རྡེབ་བཞིན་ཕར་ཙམ་བྲོས་རྗེས་ལྷེམ་སེ་འགྱེལ་སོང་། བྱིས་པ་ཉི་མ་རྒྱུགས་ཏེ་འཁྲིས་སུ་འབྱོར་དུས། ཕོ་རོག་དེའི་རྭ་མཆུའི་སྣ་ཁུང་གཉིས་ནས་ཁྲག་ཕྲན་ཙམ་བཞུར་བ་དང་སྡེར་མོ་གཉིས་ཕན་ཚུན་འབྱར་ནས་གན་རྐྱལ་དུ་ལོག་འདུག་པ་དང་། སྲན་རྡོག་དང་མཚུངས་པའི་མིག་ནག་ཆུང་གཉིས་ལ་རྡེབ་འཚུམ་མ་མཆིས།
སྤོ་བོ་ཉི་མས་རྡ་སའི་བར་སྣང་དུ་ལྡིང་འཁོར་རྒྱག་བཞིན་པའི་ཕོ་རོག་དེ་དག་ལ་བལྟས་ཏེ་རང་གིས་ཕོ་རོག་བསད་པའི་གནས་ཚུལ་དེ་དྲན་ལ། དེ་ནས་ཕོ་རོག་བསད་པའི་ཉིན་དེར་ཕ་མ་གཉིས་ཀྱིས་སྔར་གཏན་ནས་གཏོང་མ་མྱོང་བའི་གཤེ་གཤེ་དང་སྡིགས་མོ་བྱས་པ་མ་ཟད། ཁྱིམ་མི་ཚོ་ཉིན་གུང་ཟ་མར་རོལ་བའི་སྟ་གོན་བྱེད་པའི་ཚེ་ན། ཁོང་གཉིས་ཀྱིས“སྡིག་རྒན་ཁོས་ཕོ་རོག་བསད་འདུག ཕོ་རོག་གི་ཤ་ཟ་བསམས་ཡིན་རྒྱུ་རེད། ཟ་མ་ཁམ་གང་སྟེར་མི་དགོས”ཞེས་གཅེན་པོ་དང་གཡོག་པོ་ཚོ་ལ་ནན་གྱིས་བཤད་དེ་ཁོ་ཕྱི་ལ་ཕུད་པ་དྲན་ཞིང་། ཡང་དེར་མཐུད་ནས་ད་རུང་ཁོས་ཁྱིམ་མི་ཚོས་གུང་ཟས་ཟོས་ཚར་ནས་གང་འཚམ་ཕྱིན་རྗེས། གཅེན་པོ་འབྲེང་བས་ལྐོག་ནས་ཁོ་ལ་མར་སྤག་ཕོར་པ་ཕྱེད་དང་ཁོ་རང་དགའ་ཤོས་བྱེད་པའི་ལུག་ལྕེ་ཁྱེར་ཡོང་བ་མ་ཟད། ཁོ་གཉིས་ཀྱིས་དེ་ཟོས་རྗེས། ཕྱི་དྲོ་ཧྲིལ་བོ་རྩེད་མོ་སྣ་ཚོགས་རྩེས་ཏེ་མགོ་འཁོར་བས་མུན་རུབ་དུས་སེམས་ཁྲལ་བྱེད་ཀྱིན་ཁྱིམ་དུ་ལོག་པ་སོགས་གཅིག་རྗེས་གཉིས་མཐུད་དུ་དྲན་བྱུང་། (ཁོས་ཕ་མ་གཉིས་ཀྱིས་གཅེན་པོ་འབྲེང་བ་ཆེད་དུ་ཁོ་ལ་ཟ་མ་བྱིན་པར་བཏང་བ་གཏན་ནས་ཤེས་མེད།)
དེ་ལྟར་ཕ་མ་གཉིས་དང་གཅེན་པོ་ཚོ་ལ་འབྲེལ་བའི་དྲན་འཆར་གཅིག་གིས་གཉིས་དང་། གཉིས་ཀྱིས་གསུམ་དྲངས་ནས་མཐར་སྤོ་བོ་ཉི་མས་རང་ཉིད་ཀྱི་གཅེན་པོ་བརྒྱད་ཀ་དགྲ་ལག་ཏུ་ཤོར་བའི་ཉིན་མོ་དེ་དྲན་བྱུང་། ཉིིན་དེའི་སྐོར་བསལ་བློ་གཏོང་དུས། སེམས་ནང་ཐོག་མར་ཉིན་དེའི་གནམ་ཤིས་དང་ཁོར་ཡུག་གི་རྒྱུན་ལྡན་མ་ཡིན་པའི་ལྷིང་འཇགས་དེ་འཁོར་བྱུང་། ༦༩སྟོན་ཁའི་སྔ་དྲོ་དེའི་ནམ་མཁའ་ཤིན་ཏུ་སྔོ་བ་དང་བལ་སྤུངས་པ་ལྟ་བུའི་སྤྲིན་དཀར་མཐུག་པོ་འགའ་འཁྱིལ་འགྲོས་ཀྱི་རྒྱུ་བཞིན་མཆིས། ཉི་འོད་སེར་པོ་འབྲི་རུ་རྫོང་གི་མཐའ་འཁོར་གྱི་འབྲེག་ལ་ཉེ་བའི་ཞིང་ཁའི་སྟེང་འཕྲོས་ནས་གསེར་རྩི་བྱུགས་པ་ལྟར་སྣང་ལ། (དེ་དུས་ད་ལྟ་ནང་བཞིན་ཐོག་བརྩེགས་ཀྱི་ཁང་ཆེན་མེད་པར་མང་ཤོས་ཞིང་ཁ་ཡིན།) གོ་རིམ་མེད་པའི་སྤྲིན་གྱི་གྲིབ་མ་རེ་གཉིས་ཞིང་ཁའི་ཐོག་དང་། ནགས་ཆུ་ཕར་ཁའི་(རྫོང་གི་སྲིབ)རི་ངོས་ནས་དལ་བུར་བཞུད་ཀྱིན་འདུག
སྔ་དྲོ་དེར་འབྲི་རུའི་སུམ་སྟོང་བརྒྱད་བརྒྱའི་ཡུལ་དམག་གིས་ལོ་ཤས་སྔོན་དུ་བཙུགས་པའི་རྫོང་གི་དམག་སྒར་ལ་ཡུད་ཙམ་རྒྱང་ལྟ་བྱས་ཏེ་ཕལ་རྒོལ་བྱེད་པའི་སྟ་གོན་བྱེད་སྐབས། ཁོང་ཚོ་ཚང་མའི་སེམས་ལ་ང་རྒྱལ་དང་གདེང་ཚོད་ཀྱིས་ཁེངས་ཡོད། རྒྱུ་མཚན་ནི་གཅིག་ན་བླ་མ་ཉི་མ་འདྲ་བ་རྣམས་ཀྱིས་ད་ཐེངས་ཀྱི་རྒྱལ་ཁ་ཁོ་ཚོ་ལ་དབང་ཞེས་ཞལ་ཚ་མོས་གསུངས་ཡོད་པ་དང། གཉིས་ན་ཉིན་ཤས་གོང་དུ་ཁོ་ཚོས་མོ་བ་ཐང་གི་དམག་སྒར་གཏོར་ནས་དམག་མི་རྣམས་བསད་དེ་རྒྱལ་ཁ་ཆེན་པོ་ཞིག་བླངས་པས་ཡིན། ཁོང་ཚོ་མང་ཤོས་ཀྱིས་འབྲི་རུའི་དམག་སྒར་གཏོར་ནས་སླར་ཡང་དཔའ་རྟིང་མ་དགུང་ལ་གྲགས་པ་ཞིག་ལེན་རྒྱུར་རྔམས་ཡོད་པ་ལས། སུ་གཅིག་གི་སེམས་སུ་ཉིན་དེར་ནགས་ཤོད་འབྲི་རུའི་བུད་མེད་ཕལ་ཆེ་བ་ཡུགས་སར་ལུས་པ་དང་། བྱིས་པ་མང་ཤོས་དྭ་ཕྲུག་ཏུ་གྱུར་འགྲོ་བ་དྲན་མེད། (དེ་རྗེས་ཀྱི་ལོ་བཅུ་ཙམ་གྱི་རིང་ལ་ནགས་ཤོད་འབྲི་རུའི་ནང་ཞིང་འབྲེག་མཁན་དང་བཤའ་རྒྱག་མཁན་པའི་དཀའ་ངལ་ཕྲད།)
སྤོ་བོ་ཉི་མས་ཕ་ཡུལ་གྱི་སྤུན་ཟླ་བརྒྱ་ཕྲག་དུ་མ་སྡེབ་གཅིག་ཏུ་ཤོར་བའི་ཉིན་དེའི་སྐོར་ལ་ཕྱིར་དྲན་ནམ་བགྱིད་ལ། རྒྱུན་པར་ཁོའི་སེམས་སུ་འཁོར་ཡོང་བ་ནི་ཉིན་དེའི་ཐོག་མའི་རྒྱུན་ལྡན་མ་ཡིན་པའི་ལྷིང་འཇགས་ཡིན་པ་ལྟར། དེ་རིང་དགོང་མོ་ཁོས་སྐོར་ལམ་ཟུར་གྱི་རྐུབ་སྟེགས་ལྗང་ཁུའི་ཐོག་བསྡད་དེ་ལོ་དུ་མའི་སྔོན་དུ་བྱུང་བའི་ཕམ་ཁ་ཆེན་པོ་དེ་ལ་ཆེས་མཐའ་མའི་ཕྱིར་དྲན་བྱེད་སྐབས་ཀྱང། ཁོས་ཉིན་དེའི་ཐོག་མའི་རྒྱུན་ལྡན་མ་ཡིན་པའི་ལྷིང་འཇགས་དེ་དྲན་བྱུང་།
སྤོ་བོ་ཉི་མས་གཅེན་པོ་རྒན་ཤོས་ཐོག་རྒྱལ་དང་བསམ་འཕེལ་གཉིས་ཀྱིས་ཁོ་ཚོ་ཆུང་བ་རྣམས་ལ་གཞན་གྱི་རྒྱབ་ཏུ་འདུག་དགོས་པ་ལས་སྔོན་དུ་ཤོར་མི་ཆོག་པའི་བཀའ་ཕབ་པ་མ་ཟད། ལྷག་ཏུ་བུ་འབྲིང་བ་ཚེ་རྒྱལ་ལ་ཁོ་རང(ཆུང་ཤོས)སྲུང་སྐྱོབ་ཡག་པོ་བྱེད་དགོས་པའི་མངགས་ཆ་ནན་ཏན་བགྱིས་པ་དྲན་ལ། དེ་ནས་ཁོ་གཉིས་བོད་བོའུ་དང་ཁུ་ཚུར་ཁྱེར་བའི་འབྲི་རུའི་ཡུལ་གཞན་དག་འགའ་དང་ལྷན་དུ་སྔོན་ལ་རྒྱུགས་དུས། ཐོག་མར་དམག་སྒར་ནང་ཧ་ལམ་མི་གཅིག་ཀྱང་མེད་པ་ལྟར་ལྷིང་འཇགས་སེ་དང་ཁུ་སིམ་མེར་ཡིན་པ་དྲན། འོན་ཀྱང་ཁོ་ཚོ་དམག་སྒར་གྱི་གཞོགས་ན་ཡོད་པའི་ཞིང་ཁ་ཕལ་ཆེར་བརྒལ་ཚར་ནས་ཁང་པའི་འགྲམ་དུ་སླེབ་པར་གོམ་པ་བཅུ་ཙམ་ལས་མེད་པའི་དུས་སུ། གང་ན་བཙུགས་ཡོད་པ་མི་མཐོང་བའི་རྒྱང་བསྒྲགས་ཤིག་གི་ནང་ནས“འབྲི་རུའི་ཟིང་འཁྲུག་སློང་མཁན་ཉེས་ཅན་པ་གཅིག་ཀྱང་མ་ལུས་པ་ཚར་ཆོད་ཅིག”ཅེས་འབྲི་རུ་ལུང་པ་ཧྲིལ་བོའི་ནང་བྲག་ཅ་འཁོར་བ་ཞིག་བསྒྲགས་པ་དང་། དམག་སྒར་གྱི་སོ་ཁུང་རེ་རེ་ནས་སྔ་མོ་ནས་མཆུ་ཏོ་ཁོ་ཚོར་བཏད་པའི་མེ་མདའ་སྦག་སྦག་རྣམས་དུས་གཅིག་ཏུ་སེར་བ་ལྕགས་ཤོག་ཐོག་བབས་པ་བཞིན་“ཁོབ་ཁོབ་ཁོབ”གྲག་འགོ་བརྩམས་སོང་།
མེ་མདའི་སྒྲ་གྲགས་པའི་སྐད་ཅིག་མ་དེའི་ནང་། སྔོན་དུ་ཤོར་བའི་ཡུལ་དམག་བཅུ་ཕྲག་མང་པོ་གློག་ཟོར་གྱིས་ཞིང་བྲེག་པ་བཞིན་ཐང་དུ་འགྱེལ་བ་མ་ཟད། དེ་དག་གི་རྗེས་ནས་རྒྱུག་བཞིན་པ་འགའ་ཤས་ཀྱིས་ལག་ནང་གི་བོད་བོའུ་དང་རལ་གྲི་བར་སྣང་དུ་གཡུགས་ནས་ཁ་སྤུབ་བམ་གན་རྐྱལ་དུ་ལོག་སོང་། གཞུག་ནས་ཡོང་བཞིན་པའི་ཡུལ་དམག་ཚོའི་ཁྲོད་ནས་ཕོ་གསར་ཉི་མས་ཡོས་བརྔོ་བ་ལྟ་བུའི་མེ་མདའི་ཁོབ་སྒྲ་གོ་བ་མ་ཟད། དམག་སྒར་གྱི་གྱང་རྩར་སླེབ་གྲབས་ཡོད་པའི་མི་རྣམས་སྡེབ་གཅིག་ཏུ་འགྱེལ་ཞིང་། མདུན་གྱི་མི་རྣམས་སྦྱང་ཀི་ལུག་ཁྱུའི་ནང་རྒྱུག་པ་བཞིན་ཟིང་ཐར་རེར་གྱུར་བ་མཐོང་། གློ་བུར་གྱི་བསམ་ཡུལ་ལས་འདས་པའི་གནས་ཚུལ་དེས་རེ་ཞིག་ཁོ་རང་ཧོན་ཐོར་ནས་ལུས་པའི་སྐབས་དེར། མི་ཞིག་གིས“ཕྱིར་བྲོས། ཕྱིར་བྲོས”ཟེར་བ་དང་སྦྲགས་ཁོའི་ལག་མགོ་ནས་ཐེན་བྱུང་། ཁོ་ཁ་ཕྱིར་འཁོར་དུས་དེ་ནི་གཅེན་པོ་འབྲིང་བ་ཚེ་རྒྱལ་རེད་ལ་ཁོའི་ངོ་གདོང་ཐལ་མདོག་ཏུ་གྱུར་འདུག
ཁོ་གཉིས་དམག་གི་གཞུག་གྲལ་ན་ཡོད་རུང་ཞིང་ཁའི་དཀྱིལ་ཙམ་བསླེབས་ཟིན་པས། ཕྱིར་བྲོས་ནས་སྲོག་མགོ་ཐོན་ཐབས་བྱེད་པ་ལས་གབ་ས་གཡོལ་ས་ཞིག་མེད། དེ་བས་ཁོ་གཉིས་ཀྱིས་ལྷ་བླ་མ་དང་ནགས་ཤོད་བསྟན་པའི་སྒྲོན་མེ་རྣམ་གསུལ་ལ་གསོལ་བ་འདེབས་བཞིན་གཞུག་ཏུ་ཡོད་པའི་མི་གཞན་དག་དང་ལྷན་དུ་ཕྱིར་བྲོས། འཇིགས་སྐྲག་གིས་ཡོངས་སུ་ཟིན་པའི་ཁོ་གཉིས་ལ་ས་བྲོས་གནམ་བྲོས་བྱེད་པ་ལས་གཡས་གཡོན་དུ་ཅི་ཞིག་འབྱུང་བཞིན་པར་ལྟ་བའི་དུས་ཚོད་མེད་མོད། བྲོས་ཞོར་དུ་ཕོ་སར་ཉི་མས་བར་མཚམས་མི་ཆད་པའི་མེ་མདའི་ཁོག་སྒྲ་དང་། གཡས་གཡོན་ནས་རྒྱུ་བའི་མདེའུ་སིན་སྒྲ ད་དུང་མི་རྣམས་ཀྱིས་གསོལ་འདེབས་བྱེད་པ་དང་སྨྲེ་ངག་འདོན་པའི་འུར་ཟིང་ཐོས་པ་མ་ཟད། གཡས་གཡོན་གྱི་ཞིང་ཁའི་སྙེ་མར་མདེའུ་ཡི་སེར་བ་ཕོག་ནས་སེར་ཚུབ་ཚུབ་འཐོར་བ་དང་། མཉམ་དུ་བྲོས་བཞིན་པའི་མི་འགའ་གློ་བུར་དུ་འགྱེལ་ནས་རྒྱབ་ཏུ་ལུས་སོང་བ་མཐོང་།
ཁོ་བུ་སྤུན་གཉིས་ཞིང་ཁའི་མཐའ་ན་ཡོད་པའི་ཡུར་བ་དེའི་ནང་ཐོན་དུས། དབུགས་ཧལ་ཧལ་དུ་གྱུར་བ་དང་བྲང་ཁ་ཚ་ནས་འཆི་ལ་ཁད་བྱེད། ཁོ་གཉིས་ཀྱིས་རྒྱབ་དང་མགོ་ཡུར་བར་བསྙེས་ནས་དབུགས་འབྱིན་རྔུབ་ཡང་ཡང་བྱེད་སྐབས། རྒྱབ་ཕྱོགས་སུ་ད་དུང་མེ་མདའི་ཁོབ་སྒྲ་མཚམས་མི་ཆད་པར་གྲགས་བཞིན་མཆིས་ལ། མི་ཡང་མཚམས་མི་ཆད་པར་ཡུར་བའི་ནང་མཆོངས་བྱུང་བའི་ཁྲོད་ནས་མང་པོ་ཞིག་གི་ལུས་ཀྱི་ཆ་ཤས་གང་རུང་ལ་མདེའུ་ཕོག་ནས་ཁྲག་དམར་བཞུར་བཞིན་འདུག ཁ་ཤས་ཀྱིས་ན་ཟུག་བསྲན་མི་ཐུབ་པར་འཁུན་སྒྲ་འབྱིན།
ཅུང་ཙམ་གྱི་རྗེས་སུ་གཅེན་པོ་ཚེ་རྒྱལ་གློ་བུར་དུ་ཡར་དགྱེ་བ་དང་། ལུས་པོ་སྒུར་སྒུར་གྱིས་ཡུར་བའི་ནང་ཡར་མར་རྒྱུག་བཞིན་“སྤུན་ཡ་རིག་ཨེ་སོང་། སྤུན་ཡ་ཚོ་རིག་ཨེ་སོང་”ཞེས་མི་ཚང་མར་དྲིས་ལ། ཉི་མས་ཀྱང་རིག་པ་བསྒྲིམས་ནས་ཡུར་བའི་ནང་འབྱོར་བའི་མི་རྣམས་ཀྱི་ཁྲོད་དུ་གཅེན་པོ་ཚོ་ཨེ་འདུག་མིག་ཉུལ་བྱས། འོན་ཏེ་སུ་གཅིག་གིས་ཁོ་གཉིས་ཀྱི་གཅེན་པོ་ཚོ་མཐོང་མི་འདུག་སྟེ། ཁོ་ཚོའང་ས་བྲོས་གནམ་བྲོས་བྱས་ནས་དེར་འབྱོར་བ་ཤ་སྟག་རེད་ལ། མང་ཤོས་ཤིག་ཁོ་གཉིས་ཀྱིས་ངོ་མི་ཤེས། གཅེན་པོ་ཚེ་རྒྱལ་སླར་སྒུར་སྒུར་གྱིས་ཉི་མའི་འཁྲིས་སུ་ལོག་ཅིང་། ཡུར་བའི་མུ་ཟུར་ནས་སྐེ་བསྲེངས་ཏེ་རྒྱབ་ཀྱི་ཞིང་ཁའམ་འཇིགས་རུང་གི་གཡུལ་སའི་ཕྱོགས་སུ་མིག་ཉུལ་བྱས་སོང་། སྤོ་བོ་ཉི་མའང་ཉིན་དེའི་ན་གཞོན་ཉི་མས་ཀྱང་གཅེན་པོ་ཚོ་འཚོལ་དགོས་སྙམ་ནས་མགོ་བོ་ཡར་དགྱེ་གྲབས་བྱེད་པ་ན། ཚེ་རྒྱལ་གྱིས་“མར་གོབ”ཅེས་བཤད་དེ་ལག་པ་གཡོན་པས་ཁོའི་ཕྲག་མགོ་གཡས་པ་ནས་མར་མནན་ཏེ་བསྡད་པས། ཁོས་རྒྱབ་ཕྱོགས་ཀྱི་བར་མཚམས་མི་ཆད་པའི་མེ་མདའི་ཁོབ་སྒྲ་ལ་ཉན་ནས་འདུག་རྒྱུ་ལས་མ་འདས། ཁོས“བར་ཆད་ལམ་སེལ”བཏོན་ཏེ་སེམས་བསམ་པ་གཏིང་ནས་གཅེན་པོ་ཚོ་ལ་སྐྱོན་ཆག་མེད་པའི་གསོལ་བ་བཏབ།
མེ་མདའི་ཁོབ་སྒྲ་ད་དུང་ཡང་མཚམས་མ་ཆད་པར་གྲགས་ཤིང་ཡུར་བའི་ནང་སླེབ་མཁན་ཇེ་ཉུང་ནས་ཇེ་ཉུང་དུ་ཕྱིན་སོང་ལ། རེ་གཉིས་བསླེབས་པ་རྣམས་ཀྱི་ལུས་ལ་ཁྲག་དམར་འགོས་པ་དང་ཡུར་བའི་ནང་མར་མཆོང་མ་འགྱེལ་གྱིས་ལོག་འགྲོ ཚེ་རྒྱལ་གྱིས་མུ་མཐུད་ལག་པ་གཡོན་པ་ཉི་མའི་ཕྲག་པར་བཞག་སྟེ་གཡུལ་སའི་ཕྱོགས་སུ་སོ་ལྟ་བྱས། སྐབས་དེར་ཉི་མས་སྐེ་ལ་རླན་ཆག་ཆག་ཅིག་ཚོར་ཞིང་ལྟ་དུས་དེ་ནི་ཁྲག་རེད་འདུག ཁོས་ཁྲག་དེ་གང་ནས་འགོས་པ་ཡིན་ནམ་སྙམ་བཞིན་ཧང་སང་བའི་ངང་ཞིབ་ཏུ་བལྟས་པ་ན། གཅེན་པོ་ཚེ་རྒྱལ་གྱི་འཕྲུག་ལཱའི་ཕུ་ཐུང་གཡོན་པའི་སྣེ་མོ་ཁྲག་གིས་སྦགས་ནས་སྣུམ་ཤིག་གེར་གྱུར་བ་དང་ཁྲག་ཐིགས་འཛག་པ་མ་ཟད། ལག་གཡོན་པའི་མཛུབ་བར་རྣམས་ཁྲག་གིས་དམར་པོར་བསྒྱུར་འདུག་པ་མཐོང། ད་གཟོད་གཞི་ནས་ཁོས་གཅེན་པོ་ཚེ་རྒྱལ་གྱི་ལུས་སྟེང་དུ་མདེའུ་ཕོག་པ་རྟོགས། ཁོས་ཚེ་རྒྱལ་ལ“ཁྱོད་རྨས་འདུག མདེའུ་གང་དུ་ཕོག་སོང་།”ཞེས་རྟབ་རྟོབ་པོར་དྲིས་ནས་རྨ་ཁ་འཚོལ་བར་རྩོམ་པའི་ཚེ། ཚེ་རྒྱལ་གྱིས་གློ་བུར་དུ“ཁྱོད་འདིར་གབ་ནས་ཅི་ཞིག་བྱུང་ཡང་ཕྱིར་མ་དོན་ཨ།”ཞེས་སྨྲས་རྗེས། རིངས་པོར་ཡར་ལངས་ནས་ཡུར་བའི་ཁ་རུ་དོན་ཞིང་གཡུལ་སའི་ཕྱོགས་སུ་རྒྱུགས་སོང་། ཚེ་རྒྱལ་ཡུར་བའི་ཁ་ནས་མི་སྣང་བར་གྱུར་མ་ཐག་ཉི་མས་ཚེ་རྒྱལ་ལྟ་སའི་ཡུར་ཁ་ནས་སྐེ་བསྲིངས་ཏེ་ལྟ་དུས། ཞིང་ཁའི་ནང་མི་གྲངས་མེད་ནར་རེར་འགྱིལ་ཡོད་པ་དང་། མང་པོ་ཞིག་གོག་ནུད་དང་སྒུར་སྒུར་བྱས་ནས་ཡར་མར་འབྲོ་བཞིན་ཡོད་པ་མཐོང་། ཁོས་ད་དུང་ཐག་མི་རིང་བའི་ས་ན་གཅེན་པོ་ཐོག་རྒྱལ(ཆེ་ཤོས)འཐེང་གིན་ཡར་མར་འགྲོ་བ་མཐོང་། མདེའུ་ཡི་དྲག་ཆར་ཁྲོད་དུ་ཁོས་བོད་བོའུ་ལག་རྟེན་བྱས་ཏེ་འགྱེལ་བའི་རོ་འགའ་ཁ་བསློགས་ནས་ལྟ་བ་དང་། དངངས་སྐྲག་གིས་ཟིན་ཏེ་སྒུར་སྒུར་གྱིས་འབྲོ་བཞིན་པའི་མི་རྣམས་ཀྱི་སྔོན་བླངས་ཏེ་སྐད་ཆ་འདྲི་བའི་ཚུལ་ལ་བརྟགས་ན། ཁོས་ཉི་མའང་གཅེན་པོ་ཆུང་ཤོས་འཚོལ་བཞིན་པ་རྟོགས་བཏུབ།
དེ་ནས་ཡུར་བའི་ཁ་ནས་ལྟ་བཞིན་པའི་ཉི་མས་གཅེན་པོ་འབྲིང་བ་ཚེ་རྒྱལ་ཆེ་བ་ཐོག་རྒྱལ་གྱི་འཁྲིས་སུ་ཐོན་པ་མཐོང་ལ། ཁོ་གཉིས་ཀྱིས་ཚིག་གཅིག་གཉིས་ཤིག་ཤོད་རེས་བྱས་རྗེས་ཚེ་རྒྱལ་གྱིས་ཐོག་རྒྱལ་བསྐྱོར་ནས་ཡུར་བའི་ཕྱོགས་སུ་ཡོང་འགོ་བརྩམས། ཁོ་གཉིས་དེ་ལྟར་གོམ་པ་འགའ་ཤས་སྤོས་རྗེས། ཐོག་རྒྱལ་གྱི་རྐང་པས་ཚོ་མི་ཕེར་བར་ཧ་ལམ་ཐང་སྟེང་དུ་འདྲུད་བཞིན་འདུག ལག་པས་ཀྱང་ཚེ་རྒྱལ་གྱི་སྐེ་ལ་སྡོམ་མི་ནུས་པར་ལུས་པོ་མར་མར་ལྷུང་། དེ་བས་ཚེ་རྒྱལ་གྱིས་ཐོག་རྒྱལ་ལུས་པོ་དེ་སྒྲོ་བ་ཞིག་ལྟར་ཕྲག་གཡོན་པར་གཡུགས་རྗེས། གོམ་པ་རྩིང་པོས་ཉི་མ་གབ་སའི་ཡུར་བའི་ཕྱོགས་སུ་རྒྱུགས། འོན་ཀྱང་ཡུར་བའི་ཁ་རུ་སླེབ་པར་གོམ་པ་བཅའ་བཅུ་ཙམ་ལས་མེད་དུས། ཁོའི་གོམ་ཁ་གློ་བུར་དུ་ཤོར་ནས་འཁྱར་འཁྱོར་དུ་གྱུར་ཞིང་ཕྲག་སྟེང་ལ་ཁུར་བའི་གཅེན་པོ་ཐང་དུ་ལྷུང་བའི་ཐོག ཁོ་རང་ཡང་ཁ་སྦུབ་ཏུ་འགྱེལ་སོང་། ཡུར་ཁ་ནས་ཉི་མས་གཅེན་པོ་གཉིས་ཀར་མེ་མདའ་ཕོག་ནས་འགྱེལ་བ་མཐོང་བས། སྙིང་ཁར་གྲི་བཙུགས་པ་ལྟ་བུའི་ན་ཟུག་ལངས་པ་དང་ལམ་སེང་ཡུར་བ་ནས་ཐོན་ཏེ་གཅེན་པོ་གཉིས་ཀྱི་ཐད་དུ་རྒྱུགས། ཡུར་བ་དང་གཅེན་པོ་གཉིས་འགྱེལ་སའི་བར་ལ་གོམ་པ་བཅའ་བཅུ་ཙམ་ལས་མེད་སྟབས། ཁོས་གཅེན་པོ་གཉིས་ཀའི་ལུས་པོ་ཡོངས་རྫོགས་ཁྲག་གིས་ཚོས་ཤིང་། མཛུབ་བར་ཁྲག་འཁྱིལ་བའི་ལག་པ་གཡུག་བཞིན“ཚུར་མ་ཡོང་། ཚུར་མ་ཡོང་”ཞེས་འཇིགས་སྣང་ཆེན་པོ་འབོད་པ་མཐོང་བ་དེ་ནི། ཁོས་ཚེ་འདིར་གཅེན་པོ་གཉིས་སམ་ཁྱིམ་མི་རྣམས་མཐོང་བ་ཆེས་མཐའ་མ་དེ་རེད། རྒྱུ་མཚན་ནི་ཁོ་གཅེན་པོ་གཉིས་ཀྱི་འགྲམ་དུ་མ་སླེབ་ཙམ་ལ་ཁོ་གཅེན་པོ་གཉིས་ཀྱི་འཁྲིས་སུ་སླེབ་གྲབས་ཡོད་ཙ་ན། འགྲམ་པ་གཡོན་པར་སག་སྒྲ་འདྲ་བ་ཞིག་གྲགས་པ་དང་མཚན་མོར་གློག་བསད་པར་ལྟར་ནག་འཐོམས་མེར་གྱུར་ཞིང་། སླར་དྲན་པ་སོས་དུས་ངོས་མི་ཟིན་པའི་རི་ཁུག་ཅིག་ལ་རྒྱུས་མེད་པའི་ངོ་གདོང་འགས་(གཅིག་ཁོ་ན་ཐོག་རྒྱལ་གྱི་གྲོགས་པོ་ཡིན་པ་ངོ་ཤེས།)ཁོའི་མཐའ་བསྐོར་ནས་ཡོད་པ་མཐོང་བ་ལས་གཅེན་པོ་ཚོ་མཐོང་ཡུལ་དུ་མ་མཆིས། དོན་དངོས་ནི་ཁོའི་འགྲམ་པ་གཡོན་པར་མདེའུ་ཕོག་ནས་དྲན་མེད་དུ་བརྒྱལ་རྗེས་གཅེན་པོ་གཅེན་པོ་གཉིས་ཀྱིས་མདེའུ་བརྡོལ་བའི་ལུས་སྟེང་ལས་ལྷག་པའི་ཆེས་མཐའ་མའི་ནུས་ཤུགས་བཏོན་ཏེ་ཁོ་ཡུར་བའི་ནང་ཁུར་ཞིང་། དབུགས་ཀྱི་རྒྱུ་བ་ཆད་ཁར་དེར་ཡོད་པའི་རྣམས་ལ་ཉི་མ་འཆི་གསོན་ཐག་མ་ཆོད་བར་ལྟ་སྐྱོང་བྱེད་པའི་ཞུ་བ་བྱས་པ་ཞིག་རེད།
“གཅེན་པོ་ཚོའི་དགྲ་ཤ་ནི་ལོན་མ་སོང་བས་ཉིན་དེར་གཅེན་པོ་ཚོ་དང་ལྷན་དུ་ཤི་སོང་ན་མ་འགྲིག་པ་ཅི་ཡོད་ཨང་། ཉིན་དེའི་གནས་ཚུལ་དྲན་པ་ནི་ཉིན་དེའི་གནས་ཚུལ་སླར་མྱོང་བ་ལྟར་རེད་འདུག” སྤོ་བོ་ཉི་མས་ཉིན་དེའི་འཇིགས་སྐྲག་དང་སྡུག་བསྔལ་ལ་ཕྱིར་དྲན་བྱེད་ཀྱིན་གློ་བུར་དུ་འདི་ལྟར་དྲན་བྱུང་། ངོ་མ་ལོ་ཟླ་ཇི་ཙམ་ཕྱིན་རུང་གཅེན་པོ་གཉིས་ཀྱི་སྣང་བརྙན་དེ་སྤོ་བོ་ཉི་མའི་སེམས་ནས་རྩ་བ་ནས་ཡལ་མྱོང་མེད་ལ། ཚེ་སྨད་ཀྱི་ཁེར་རྐྱང་ལོ་ཟླའི་ཁྲོད་དུ། ཐེངས་ཅི་འདྲའི་མང་པོ་ཞིག་ལ་གཅེན་པོ་གཉིས་ཀྱི་མཛུབ་བར་ཁྲག་འཁྱིལ་བའི་ལག་པོ་གཡུག་བཞིན་“ཚུར་མ་ཡོང་། ཚུར་མ་ཡོང་”ཞེས་འབོད་པ་རྨིས་ནས་ཧར་སད་བྱེད་མྱོང་བ་ཁོ་རང་ཁོ་ནས་མ་གཏོགས་སུ་གཅིག་གིས་མི་ཤེས། (གཅེན་པོ་གཞན་དག་ཇི་ལྟར་ཤི་བ་མ་མཐོང་བས་འཆར་རྒྱུ་ཞིག་མེད།) སྤོ་བོ་ཉི་མས་མུ་མཐུད་དེ་བསམ་གཞིགས་བགྱིས་པར། “དེ་ཉིན་གཅེན་པོ་ཚོ་དང་ལྷན་དུ་ཤི་ཡོད་ན་མ་མཐར་ཕྱིར་དྲན་གྱི་ན་ཟུག་དང་སྡུག་བསྔལ་འདི་མྱོང་མི་དགོས། གཅེན་པོ་གཉིས་ལ་རྨས་སྐྱོན་ཚབས་ཆེན་དེ་ལྟ་བུ་ཐེབས་འདུག་པས། ཇི་ལྟར་ང་ཡུར་བའི་ནང་ཁྱེར་བ་ཡིན་ནམ། སྐོར་ར་བ་འདི་འདི་འདྲའི་མགྱོགས་པ་ཞིག་རྒྱུགས་ནས་ཅི་བྱེད་བསམ་ཡིན་ནམ། ཨ་ཙི་ད་མ་སོང་ན་མུན་རུབ་ནས་ནང(རྒས་གསོ་ཁང་།)དུ་སེླབ་མི་ཡོང་།”
སྤོ་བོ་རྐུབ་སྟེགས་ལྗང་ཁུའི་ཐོག་ནས་ཡར་ལངས་ཤིང་ལྷ་རྒྱལ་རིའི་རྒྱབ་བམ་ནུབ་ནས་ཡར་གྱེན་དུ་ཐེན་པའི་སྐོར་བ་དེ་གཅིག་པུར་འཛེགས་འགོ་བརྩམས ཁོའི་ཕྲག་པ་དང་འགྲམ་པ་གཡོན་པ། ད་དུང་འགྲམ་པ་གཡོན་པའི་སྟེང་གི་གསལ་ལ་མི་གསལ་བའི་རྨ་ཤུལ་ལ་དགོང་ཁའི་ཉི་ཟེར་གྱི་དམར་མདངས་འཕྲོས་འདུག་ལ། འཁར་བ་ཁྱེར་བའི་གྲིབ་མ་གུག་གུག་ཅིག་ཀྱང་དལ་གྱིས་ཁོ་དང་ལྷན་དུ་ཡར་འགོས་སོང་།
བདུན་པ།
དགོང་མོ་དེའི་ནམ་ཕྱེད་ཡོལ་ཙམ་ལ། སྤོ་བོ་ཉི་མའི་དབུགས་ཀྱི་རྒྱུ་བ་ཆད་དེ་བྲང་ཁའི་འཕར་ལྡིང་གཏན་དུ་འཇགས་སོང་། མྱུར་སྐྱོབ་སྨན་པ་ཚོས་མ་གཞི་ཁོའི་གཟུགས་པོ་སྐྱོ་བའི་ཐོག ནང་འཁྲུལ་ལ་རྨས་སྐྱོན་ཐེབས་པའི་སྐྱོབ་ཐབས་བྲལ་སོང་ཟེར།
ཕྱི་ཉིན་ཞོགས་པ་ནས་སྔ་ནུབ་འབྱོར་བའི་རྒས་གསོ་ཁང་གི་ལས་བྱེད་གཉིས་ཀྱི་རོགས་པར། ལས་བྱེད་པ་གཞན་གཉིས་ཡོང་ནས་སྤོ་བོ་ཉི་མའི་ཕུང་པོ་རྒས་གསོ་ཁང་དུ་ཁྱེར་བ་དང་། དེར་ཉིན་གཉིས་ཙམ་ཉར་ནས་མཆོད་མེ་སྤར་བ་དང་། རྒན་འཁོགས་རྣམས་ཚོགས་ཁང་ནང་འཛོམས་ནས་མ་ནི་བགྲངས་ནས་བསྔོ་སྨོན་བགྱིས་རྗེས། ཉིན་གསུམ་པར་རྡ་སའི་ཉེ་འཁོར་གྱི་དུར་ས་ཞིག་ན་ཁོའི་ཕུང་པོ་མེ་ལ་བསྲེགས་ཤིང་ཐལ་བར་གྱུར་བ་དང་། ཉིན་དེའི་དགོང་མཚན་མོའི་རླུང་བུས་ཐལ་བ་ཕྱོགས་གང་སར་ཁུར་སོང་།
རྒས་གསོ་ཁང་གི་ལས་བྱེད་པ་ཚོས་སྤོ་བོ་ཉི་མའི་མི་ཡུལ་དུ་ལུས་པའི་ལྕགས་སྒམ་ཆུང་ཆུང་དེའི་ཁ་ཕྱེ་ནས་སྔོག་དུས། ལྟེབ་རྩེག་བརྒྱབས་པའི་གྱོན་ཆས་ཚོའི་འོག་ཏུ་འགྱིག་ཁུག་ཅིག་ཡོད་པ་དང་། འགྱིག་ཁུག་དེའི་ནང་སྤོ་བོ་ཉི་མའི་དམག་མིའི་ལག་འཁྱེར་དང་། ཁོ་རང་དམག་མིིའི་སྐབས་དང་དེ་རྗེས་སུ་བླངས་པའི་འདྲ་པར་འགའ། ་དེ་མིན་གྱི་ཡིག་ཆ་ཁ་ཤས་དང་སྨན་དེབ་བཅས་འདུག་པ་མ་ཟད། དུས་སྒྱང་བྱས་ནས་ཡུན་རིང་མ་ཕྱིན་པའི་སྐྱབས་བཅོལ་ལག་དེབ(R.C)ཀྱང་ལྷན་དུ་གཅུད་་འདུག ངོ་མ་སྐྱབས་བཅོལ་ལག་དེབ་ཀྱི་དུས་ཚོད་མ་ཡོལ་སྔོན་དུ། སྤོ་བོ་ཉི་མའི་ཚེ་ཚད་རྫོགས་འགྲོ་བ་སུ་ཞིག་གི་ཞེ་ལ་འཁོར་སྲིད།
ལྕགས་སྒམ་དེའི་གཤམ་ན། ད་རུང་ཁ་བཏགས་ཀྱིས་བཏམས་པའི་དངུལ་གྱི་འཁོར་རྡོ(གའུ)ཆུང་ཆུང་ཞིག་ཀྱང་འདུག འཇིག་རྟེན་འདིའི་བྱ་དངོས་ཡོད་ཚད་ལ་སོ་སོའི་གཏམ་རྒྱུད་རེ་ཡོད་པ་བཞིན་འཁོར་རྡོ་དེ་ལའང་ལོ་རྒྱུས་ཐུང་ངུ་ཞིག་ཡོད་དེ། སྤོ་བོ་ཉི་མ་དམག་ཏུ་འགྲོ་བའི་ཞོགས་པ་དེར་ཨ་ཕས་རྒྱུན་པར་ཁོ་ཚང་གི་མཆོད་སྒྲོམ་ནང་དུ་བཅུག་པའི་འཁོར་རྡོ་དེ་བླངས་ནས་ཁོའི་སྐེ་རུ་བསྐོན་ཞིང་། དེ་ནི་ཁོའི་ཨ་ཕས(སྤོ་བོ་ཉི་མའི་ཨ་མྱེ)གཡག་མར་རྒྱབ་དང་བཅས་པ་ཞིག་བྱིན་ནས་སྟོད་ཉི་མ་ལྷ་ས་ནས་བླུས་ཡོང་བའི་ཐོག ནང་དུ་ནགས་ཤོད་བསྟན་པའི་སྒྲོན་མེ་རྣམ་གསུམ་གྱིས་གཙོས་པའི་བླ་མ་རྩ་ཆེན་གང་མང་ཞིག་གི་བྱིན་རྟེན་ཡོད་པས། དམག་ཏུ་འགྲོ་སྐབས་ལུས་དང་འབྲལ་མེད་བྱེད་དགོས་པའི་བཀའ་མངགས་གནང་། སྤོ་བོ་ཉི་མས་ཀྱང་ཨ་ཕའི་བཀའ་མངགས་བཞིན་དུས་རབས་ཕྱེད་ཙམ་གྱི་རིང་ལ་རང་ཉིད་གང་སོང་གར་བསྡད་ལ་འཁོར་རྡོ་དེ་ཁྱེར་ནས་ད་བར་ཡོང་མོད། འོན་ཀྱང་ཕྱི་མའི་ཡུལ་དུ་རང་གི་གཅེས་པའི་ལུས་ཀྱང་འཁྱེར་ཐབས་བྲལ་སྟབས། མི་རབས་གསུམ་གྱི་ཁྱིམ་རྒྱུད་ནོར་བུ་དེ་དེ་ལྟར་བདག་པོ་མེད་པར་འཇིག་རྟེན་མི་ཡུལ་དུ་ལུས་འདུག
རྒས་གསོ་ཁང་གི་འབྲེལ་ཡོད་ལས་བྱེད་པ་རྣམས་ཀྱིས་སྤོ་བོ་ཉི་མའི་སྐྱབས་བཅོལ་ལག་དེབ་དང་། དེ་མིན་གྱི་ཡིག་ཆ་རྣམས་མེ་ལ་བརྒྱབས་པ་དང་། གྱོན་ཆས་ཅུང་ལོ་བ་རྣམས་རྒན་འཁོགས་གཞན་ལ་སྟེར་རྒྱུར་ཉར་ཞིང་མི་ལོ་བ་རྣམས་སྙིགས་སྣོད་ནང་གཡུགས་རྗེས། དངུལ་གྱི་འཁོར་རྡོ་དེ་༧གོང་ས་མཆོག་ལ་འབུལ་རྒྱུ་ཟེར།
གང་ལྟར་སྤོ་བོ་ཉི་མ་ཤི་ནས་བདུན་གཅིག་གཉིས་ལས་མ་སོང་བར། རྒས་གསོ་ཁང་གི་ལས་བྱེད་པ་དང་རྒན་འཁོགས་ཚོས་ཁོ་དེར་འཚོ་མྱོང་བ་རྗེད་འགོ་བརྩམས་པ་མ་ཟད། གཙུག་ལག་ཁང་གི་རྒྱལ་སྒོའི་མདུན་ནས་ཐུར་དུ་རྒྱུ་བའི་ལམ་ཐོག་ཏུ་ནག་ཤུར་རེ་ཐེན་པའི་འཁོར་ལོ་དྲུད་རྗེས་དེ་མ་ཡལ་གོང་དུ། སྤོ་བོ་ཉི་མ་ཞེས་པ་ཞིག་འཇིག་རྟེན་འདིར་ཡོང་མྱོང་བའི་རྗེས་ཤུལ་ཐམས་ཅད་ཡལ་ཟིན། ཡང་སྙིང་སྤོ་བོ་ཉི་མ་ཞེས་པ་ཞིག་འཇིག་རྟེན་འདིར་ཡོང་ནས་བུད་སོང་བ་རེད་དམ་ཡང་ན་ཁོ་ནི་ང་ཚོའི་རྨི་ལམ་ནང་དུ་རྨིས་པའི་རྒན་པོ་ཞིག་རེད།།
༅༅། དཀོན་མཆོག་རབ་བརྟན་གྱི་རང་རྩོམ་འདི་རིང་བ་དང་གོ་དོན་གང་ཡང་མེད་པ་ཞིག་འདུག་
ཅི་ཞིག་དཀའ་ལས་བརྒྱབ་པ་ཡིན། ཡང་ན་ཆོས་མེད། ཡང་ན་སྲིད་མེད། སྟོང་པ་སྟོང་རྐྱང་རེད་འདུག་