སློབ་དཔོན་འཇིགས་མེད་བློ་གྲོས་རྒྱལ་མཚན།
སྤོབས་པ་མཐའ་ཡས་ལགས་སུ། ཉིད་ཀྱི་དྲི་བ་དེ་ཉིན་ཤས་སྔོན་ནས་མཐོང་སོང་ཡང་། དེ་རིང་གི་བར་དུ་ལན་འབུལ་རྒྱུའི་དུས་ཚོད་མ་བྱུང་བར་དགོངས་པ་མ་ཚོམས་རོགས་ཞུ། དེ་བཞིན་ལ་སྟོད་བུ་ལགས་ཀྱིས་མཆན་འདེབས་མཁན་རྣམས་ལ་མཐོང་ཆུང་མ་བྱེད་པར་ལན་འདེབས་རོགས་གསུངས་འདུག་ཀྱང་། མཐོང་ཆུང་ག་ལ་ཡིན་ཏེ་ཉིན་འདི་དག་གི་རིང་ཐ་ན་ངལ་གསོ་ཡག་པོ་ཞིག་ཀྱང་རྒྱག་ལོངས་མ་བྱུང་བས་ལན་འབྲི་རྒྱུའི་དུས་ཚོད་བྱུང་མ་སོང་ལགས། དེ་རིང་གཟའ་སྤེན་པ་ཡིན་ཡང་ཞོགས་པའི་ཆུ་ཚོད་བརྒྱད་པ་ནས་ཡིག་ཆ་ཞིག་གི་ཆེད་དུ་གཞུང་གི་ལས་ཁུངས་ཁག་ཏུ་སོང་སྟེ་ཉིན་གང་པོར་བསྒུགས་པ་དང་། དགོང་མོའི་ཆུ་ཚོད་དྲུག་པའི་ཐོག་གཟོད་ཁྱིམ་དུ་སླེབས་ཐུབ་པ་ཙམ་བྱུང་། ཁར་སང་ཁར་ཉིན་ཡང་གཅིག་མཚུངས་ཡིན། ཁོ་བོའི་གྲོགས་པོ་རྨ་ཆུའི་དར་རྒྱས་ངའི་སར་ཕེབས་པ་ལ་སྣེ་ལེན་ཡག་པོ་ཞིག་བྱེད་ལོངས་མ་བྱུང་བར། ཉིན་གཉིས་གསུམ་ལ་ཁོང་དང་ངའི་བུ་ཆུང་གཉིས་གཅིག་པུར་ཁྱིམ་དུ་བཞག་ནས་ཕྱི་ལོགས་སུ་འགྲོ་དགོས་བྱུང་སོང་། དེ་བས་ཐོག་མར་ལན་དུས་ཐོག་ཏུ་འབུལ་མ་ཐུབ་པར་དགོངས་སེལ་ཞུ་བ་ཡིན།
དེ་ནས་དངོས་གཞིའི་ལན་ནི། རང་རེ་དམ་ཚིག་མ་ཉམས་པའི་རྡོ་རྗེའི་མཆེད་གྲོགས་རྣམས་ཀྱི་ནང་དུ་རྫོགས་ཆེན་དང་བྱང་སེམས་སོགས་ཀྱི་གོ་བསྡུར་གང་འདོད་ལྟར་ལོས་བྱེད་དེ། འོན་ཀྱང་དེ་རིང་འདིར་ཁྱེད་ལ་མང་པོ་ཞིག་ཞུ་རྒྱུ་མི་འདུག་ལགས། རྒྱུ་མཚན་ནི། ཁྱེད་ཀྱིས་གསུངས་པ་དང་ཁོ་བོས་བྲིས་ཡོད་པ་གཉིས་གཅིག་མཚུངས་རེད་འདུག་པས་ད་ནི་ཅི་ཞིག་བཤད་དགོས་ཀྱང་ཤེས་ཀྱི་མི་འདུག ཟླ་བ་གྲགས་པས། སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང་།། བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ་ཞེས་སྙིང་རྗེ་དང་། གཉིས་སུ་མེད་པའི་བློ་དང་། བྱང་ཆུབ་ཀྱི་སེམས་གསུམ་པོ་དགོས་པར་ཞལ་གྱིས་བཞེས་ཟིན་པ་ལ། ད་དུང་སྙིང་རྗེ་དང་། གཉིས་སུ་མེད་པའི་བློ་དང་། བྱང་ཆུབ་ཀྱི་སེམས་གསུམ་པོ་མི་དགོས་པའི་རྒྱལ་སྲས་ཞིག་གང་དུ་ཡོད་ཅེས་རྒོལ་ན་ལན་ཅི་ཞིག་རྒྱག་དགོས་སམ། ཧ་ལམ་མཆོག་ཉིད་ཐུགས་ཉམས་འུར་ནས་ཁོ་བོས་བྲིས་པའི་སྙིང་རྗེའི་སྐོར་དེའི་ཚིག་དོན་ལ་དོ་སྣང་མེད་བཞིན་དུ་བཀླགས་པ་འདྲ་བས། ཡང་བསྐྱར་ཐེངས་གཅིག་ཀློག་རོགས་ཞུ་བ་ཡིན་ལགས། གལ་ཏེ་དེ་འདྲ་མིན་པར་སྙིང་ཐིག་པ་ཞིག་གིས་རྫོགས་ཆེན་སྤང་དགོས་པར་བཤད་ཀྱི་འདུག་ཟེར་བ་དང་། རྫོགས་ཆེན་གྱི་ཉམས་ལེན་སྙིང་རྗེ་དང་མ་འབྲེལ་བ་ཞིག་ཡིན་པར་བཤད་ཀྱི་འདུག་ཟེར་བ་དང་། ཡང་སྙིང་རྗེ་ཆེན་པོ་ནི་རྫོགས་ཆེན་གྱི་ལྟ་སྒོམ་སྤྱོད་གསུམ་གྱི་གང་ཡང་མིན་པར་བཤད་ཀྱི་འདུག་ཟེར་བ་ལྟ་བུའི་གླེང་ཕྱོགས་འདྲ་བཟོ་དགོངས་པ་ཡིན་ན་ནི་ཅི་འདོད་མཛོད་དང་། དོན་ལ་རྟོན་མཁན་ཞིག་ཡིན་ན་ཡིག་ཐོག་ཏུ་བྲིས་ནས་དྲ་ཐོག་ཏུ་བཞག་ཡོད་པ་ཁོ་རང་གིས་བདེན་དཔང་བྱེད་ཀྱི་རེད།
མདོ་འགག་ནི་རྫོགས་ཆེན་གྱི་གྲུབ་མཐའ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་དང་། སྙིང་རྗེ་ཆེན་པོ་རྫོགས་ཆེན་གྱི་སྦྱོར་དངོས་རྗེས་གསུམ་གང་ལ་འབྲལ་མེད་དུ་འགྲོགས་ཡོད་པ་ཞིག་ལོས་ཡིན། དེར་བརྟེན་ངས་ཀྱང་དེ་ཀ་རང་དུ་བྲིས་ཡོད། ཁྱེད་ཀྱིས་གསར་དུ་གཟིགས་པའི་ལུང་དེ་དག་ཁོ་བོས་རང་གིས་ཞུས་ཤིང་གཞན་ལ་བཤད་དེ་ལོ་ངོ་བཅུ་བཅོ་ལྔ་ལྷག་ཕྱིན་ཟིན་པ་ཡིན་ལགས། འོན་ཀྱང་ཉམས་སུ་ལེན་ཚུལ་གྱི་དབང་དུ་བྱས་ན་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་ནི་རྫོགས་པ་ཆེན་པོའི་མན་ངག་གི་རིག་པ་ངོ་སྤྲད་པའི་སྔོན་འགྲོ་དང་རྨང་གཞི་ཡིན་པས་ཐོག་མར་སྙིང་རྗེའི་ཉམས་ལེན་བྱེ་བྲག་ཏུ་བཤད་དགོས་ཤིང་། དངོས་གཞི་རིག་པ་རྩལ་གྱི་དབང་བསྐུར་བའི་སྐབས་སུ་ཡང་དྲན་གསོ་བྱེད་དགོས་པ་ཡིན།
དཔེར་ན། བསྐྱེད་རིམ་ཐུན་གཅིག་བསྒོམ་ཡང་ཏིང་འཛིན་རྣམ་གསུམ་གྱིས་ཁོག་དབུབ་ཀྱི་ཡོད་ལ། སྙིང་རྗེ་སྒྱུ་མའི་མངོན་རྟོགས་ནི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ལས་ལོགས་སུ་སྒོམ་གྱི་ཡོད་པ་ལས། དེ་བཞིན་ཉིད་ཀྱི་ཏིང་འཛིན་སྟོང་ཉིད་སྙིང་རྗེ་ཟུང་འཇུག་ཅིག་ཡིན་ཟེར་ནས་དེས་འཐུས་པར་བྱེད་ཀྱི་མེད། འདི་ནི་སྙིང་རྗེའི་རྩལ་སྦྱོང་བའི་མན་ངག་གི་ཁྱད་པར་རེད། དེ་བཞིན་རྫོགས་པ་ཆེན་པོའི་རིག་པ་ངོ་འཕྲོད་ན་སྙིང་རྗེའི་སྙིང་པོ་ཡར་ལྡན་དུ་ཡོད་ཟེར་ནས། ཐོག་མ་ཉིད་ནས་སྙིང་རྗེའི་དམིགས་རྣམ་ཡལ་བར་དོར་དེ་དངོས་གཞིའི་མན་ངག་ལ་འཇུག་པའི་ཕྱག་སྲོལ་མེད། རྒྱལ་པོ་ཨིནྡྲ་བྷུ་ཏི་དང་། སྤང་མི་ཕམ་མགོན་པོ་ལྟ་བུ་ནི་རྟོགས་གྲོལ་དུས་མཉམ་ཡིན་པས། འདིའི་རིགས་ཀྱིས་ཐབས་སྙིང་རྗེ་ཆེན་པོའི་མན་ངག་སོགས་ལ་སྐྱེ་བ་སྔོན་མ་རྣམས་སུ་གོམས་པ་མཐར་ཕྱིན་པར་བྱས་ཟིན་པར་གསུངས་ཏེ། མངའ་རིའི་པཎ་ཆེན་གྱིས།། རབ་མཆོག་སྦྱངས་པ་མཐར་སོན་སྐལ་ལྡན་དེ།། དབང་བསྐུར་ཐོབ་པས་སྡོམ་གསུམ་གཅིག་ཆར་སྐྱེ།། རྟོགས་གྲོལ་དུས་མཉམ་ཨིནྡྲ་བྷུ་ཏི་བཞིན་ཞེས་གསུངས་ཡོད།
དེས་ན་སྤྱིར་རྫོགས་པ་ཆེན་པོའི་གདུལ་བྱ་དཀྱུས་མ་ཞིག་གི་དབང་དུ་བྱས་ན། སྙིང་རྗེའི་ཉམས་ལེན་སྔོན་དུ་མ་སོང་བར་རྫོགས་ཆེན་བསྒོམ་སྐད་ནི་གཅིག་བྱས་ན་ལམ་གོལ་དུ་མི་འགྲོ་བའི་ངེས་པ་ཡང་མེད་དེ། ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས།། ཆོས་རྫོགས་པ་ཆེན་པོ་ཟབ་ན་ཡང་།། གཞི་བྱང་ཆུབ་སེམས་དང་མི་ལྡན་ན།། ཐེག་ཆེན་གྱི་གྲས་སུ་ཚུད་དཀའ་བས།། བྱང་ཆུབ་ཀྱི་སེམས་ལ་ནན་ཏན་མཛོད།། ཅེས་གསུངས་པ་ལྟ་བུ་ཡིན། མདོར་བསྡུ་ན། སྟོང་ཉིད་རྟོགས་ན་སྙིང་རྗེ་རང་ཤུགས་ཀྱིས་འབྱུང་བར་གསུངས་པ་ལྟར། རྫོགས་པ་ཆེན་པོའི་རིག་པ་ངོ་འཕྲོད་ཅིང་སྣང་བཞི་མཐར་རུ་ཕྱིན་ན་སྙིང་རྗེ་རྒྱུན་ཆད་པའི་སེམས་ཁྲལ་མེད་མོད་ཀྱང་། རྟོགས་པ་མཐོན་པོར་སླེབས་ན་སྙིང་རྗེ་རང་ཤུགས་ཀྱིས་འབྱུང་བ་ཡིན་པས་ཐོག་མ་ཉིད་ནས་དངོས་གཞི་ལ་འཇུག་དགོས་ཟེར་བའི་ཕྱག་བཞེས་མེད་པ་དང་། བྱམས་སྙིང་རྗེ་སོགས་ཐུན་མོང་དང་ཐུན་མིན་གྱི་སྔོན་འགྲོ་རྣམས་ཀྱི་རྩ་བ་བརྟན་པོ་བྱས་ནས་གཟོད་རྫོགས་པ་ཆེན་པོའི་མཐར་ཐུག་གི་མན་ངག་ནོད་དགོས་པ་བརྒྱུད་པའི་ཕྱག་བཞེས་ཡིན། ཕྱག་བཞེས་འདི་ཡང་ལུགས་སྲོལ་རྒྱུན་སྐྱོང་ཙམ་མིན་པར་མན་ངག་གི་གལ་གནད་ཆེན་པོ་ཞིག་ཡིན་པས། དཔེར་ན། བོད་དུ་རྫོགས་པ་ཆེན་པོ་མན་ངག་སྡེའི་བརྒྱུད་པའི་རྩ་བ་ནི་སློབ་དཔོན་ཆེན་པོ་དང་། བི་མ་ལ་གཉིས་ཡིན་ལ། བི་མ་སྙིང་ཐིག་གི་མན་ངག་གི་བཅུད་ཕྱུངས་པ་བླ་མ་ཡང་ཏིག་ཡིན། བླ་མ་ཡང་ཏིག་ལ་ཁ་བྱང་འོད་གསལ་སྙིང་པོ་དང་ཉི་མའི་སྙིང་པོ་གཉིས་སུ་ཆོས་ཚན་གྱི་གྲངས་ཅུང་མི་འདྲ་བར་བྱུང་ཡང་ད་སྐབས་དངོས་སུ་བཞུགས་པ་ལ་ཆོས་ཚན་རེ་དྲུག་ཡོད་པ་དང་། སྔོན་འགྲོ་སེམས་སྦྱོང་བདུན་གྱི་དོན་ཁྲིད། དངོས་གཞི་འོད་གསལ་སྙིང་པོའི་དོན་ཁྲིད། ཁྲེགས་ཆོད་ཡེ་བབས་སོར་བཞག་གི་དོན་ཁྲིད་བཅས་དོན་ཁྲིད་སྐོར་གསུམ་པོ་འདི་བླ་མ་ཡང་ཏིག་གི་མན་ངག་ཀུན་གྱི་གཙོ་བོ་ཡིན། དེ་ཡང་། ཁ་བྱང་གཉིས་ཀྱི་གང་གི་ནང་ཡིན་བལྟ་ཁོམ་མ་བྱུང་ཡང་། ཁ་བྱང་གཅིག་གི་ནང་དུ། སྔོན་འགྲོ་སེམས་སྦྱོང་བདུན་གྱི་དོན་ཁྲིད་ཀྱིས།། གོང་མའི་དོན་ལ་འཇུག་པའི་རྐང་སྟེགས་བྱེད།། དངོས་གཞི་འོད་གསལ་སྙིང་པོའི་དོན་ཁྲིད་ཀྱིས།། བདེ་གཤེགས་སྙིང་པོའི་དོན་ལ་དངོས་སུ་སྦྱོར།། ཁྲེགས་ཆོད་ཡེ་བབས་སོར་བཞག་དོན་ཁྲིད་ཀྱིས།། གཤིས་ཀྱི་ངང་དེར་མཐར་འཛིན་སྒྲོ་འདོག་གཅོད་ཅེས་བྱུང་བ་དང་། ཡང་སྙིང་ཐིག་གོང་འོག་གཉིས་ཀྱི་མན་ངག་གི་བཅུད་བསྡུས་པའི་མཐར་ཐུག་གི་ཁྲིད་ཡིག་ཡེ་ཤེས་བླ་མའི་དབང་པོ་རབ་ཀྱི་ངོ་སྐལ་གྱི་ཁྲིད་ཀྱི་སྐབས་སུ། སྔོན་འགྲོ་སྐུ་གསུམ་གྱི་སྣ་ཁྲིད་པ་དང་། རིག་པའི་སྣ་ཁྲིད་པ། འབྱུང་བཞིའི་སྣ་ཁྲིད་པ་རྩལ་སྦྱོང་དང་བཅས་པ་སོགས་བྱུང་བ་ཡིན། དེ་ལྟར་ན་ཚེ་མི་རྟག་པ་སོགས་ཐུན་མོང་གི་སྔོན་འགྲོ་དང་། བྱམས་པ་སོགས་ཐུན་མོང་མ་ཡིན་པའི་སྔོན་འགྲོ། རིག་པའི་སྣ་ཁྲིད་པ་སོགས་ཁྱད་པར་གྱི་སྔོན་འགྲོ་རྣམས་དངོས་གཞིའི་མན་ངག་གི་རིག་པ་ངོ་སྤྲོད་པའི་སྔ་རོལ་ཏུ་ཉམས་སུ་ལེན་དགོས་པས། ཁོ་བོས་རྫོགས་པ་ཆེན་པོའི་མན་ངག་བསྒོམ་པའི་སྔོན་དུ་བྱམས་སྙིང་རྗེ་བསྒོམ་དགོས་པ་གཙོ་བོར་བཤད་པ་ཡིན། དེ་ཡང་ཆོས་སྒོར་ཞུགས་པ་ཞིག་ཡིན་ཕྱིན་ཚེ་མི་རྟག་པ་དང་། འཁོར་བའི་ཉེས་དམིགས་སོགས་ཤེས་ཡོད་པའི་ཁུལ་ཡིན་པ་དང་། ཁྱད་པར་གྱི་སྔོན་འགྲོ་ནི་རྫོགས་ཆེན་གྱི་ངོ་སྤྲོད་རང་གི་སྐབས་སུ་བྱུང་བ་ཡིན་ཞིང་། ཐེག་ཆེན་ལམ་གྱི་གཞུང་ཤིང་བྱམས་སྙིང་རྗེ་ནི་དེའི་བར་ཞིག་ལས་ལྷག་འགྲོ་བར་མཐོང་བས་སྙིང་རྗེའི་ཉམས་ལེན་བྱེ་བྲག་ཏུ་བཤད་པ་ཡིན། མ་མཐའ་ཡང་རྫོགས་ཆེན་གྱི་རྐྱལ་པ་ཡིན་ཟེར་མཁན་ཞིག་གི་རྒྱུད་ལ་རྟོགས་པ་མཐོ་སྐད་ཙམ་མ་གཏོགས། སེམས་ཅན་སྤྱི་དང་ཐ་ན་རང་གི་མིག་མདུན་དུ་རྒྱུ་མ་ས་ཐོག་ཏུ་ལུག་ནས་སྡོད་མཁན་ཞིག་བྱུང་ཡང་། མིག་ཟུར་ཙམ་ཞིག་གིས་མི་བལྟ་བར་ཐོག་ནས་མཆོང་འགྲོ་མཁན་ཞིག་ཡིན་ན། རྫོགས་ཆེན་གྱི་ཞབས་འདྲེན་ཡིན་པས་རྫོགས་ཆེན་བསྒོམ་པའི་སྔོན་དུ་སྙིང་རྗེའི་བག་ཆགས་གཏིང་ཟབ་མོ་འཇོག་དགོས་པ་བླ་མ་རྣམས་ཀྱི་ལས་འགན་ཡིན།
ཡང་ཀ་དག་ཁྲེགས་ཆོད་ཀྱི་མངོན་སུམ་ཅར་ཕོག་ཏུ་ངོ་སྤྲད་པའི་མན་ངག་དང་། ལྷུན་གྲུབ་ཐོད་རྒལ་གྱི་ཐོད་རྒལ་སྤྱི་ལ་གཅེས་པའི་ཆིངས། གནད་མངོན་དུ་སྟོན་པའི་ཐབས། རྟགས་སྣང་བ་བཞིའི་ས་མཚམས། མཐའ་རྟེན་གྱི་མན་ངག་སོགས་ཀྱི་གང་གི་སྐབས་སུ་མར་ཤེས་དྲིན་དྲན་སོགས་བྱམས་རྙིང་རྗེའི་མན་ངག་རྣམས་མི་འབྱུང་བས། འདི་དག་ཐོག་མར་ཅིས་ཀྱང་སྦྱོང་དགོས་པ་སེམས་ཉིད་ངལ་གསོ་དང་ཡོན་ཏན་མཛོད་སོགས་བསྟན་པ་ཡོངས་རྫོགས་བསྟན་བཅོས་གཅིག་ཏུ་ཚང་བའི་གཞུང་རྣམས་ལ་བལྟས་ཀྱང་ཤེས་ངེས་དང་། བོད་ཀྱི་རྫོགས་ཆེན་པ་རྣམས་དང་ནུབ་ཕྱོགས་ཀྱི་རྫོགས་ཆེན་པ་རྣམས་ཀྱི་བར་ལ་སེམས་ཅན་གྱི་ལུས་སྲོག་ལོངས་སྤྱོད་ལ་འཚེ་མི་འཚེའི་ཁྱད་པར་ཅི་ཙམ་ཡོད་པ་འདིས་ཀྱང་མྱོང་བའི་ཐོག་ནས་ཤེས་ཐུབ་པས། སྔོན་འགྲོ་མེད་པ་ཞིག་ལ་དངོས་གཞིའི་ཁྲིད་འདེབས་རྒྱུ་མེད་པ་ཧ་ཅང་གསལ་པོ་རེད། ད་དུང་ནུབ་ཕྱོགས་པ་རྣམས་ལ་ཐོག་མར་སྙིང་རྗེའི་ཉམས་ལེན་གཙོ་བོར་མ་བཤད་ན། ཁྲིད་ཐོབ་རྗེས་དེ་ཙམ་མ་གཏོགས་ཆོས་གཞན་མི་དགོས་པའམ། ཡང་ན་གཞན་རྣམས་ཆོས་མིན་པ་ལྟ་བུར་སེམས་ཀྱི་འདུག་པས། ཧ་ལམ་མི་ཚེ་གང་པོར་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཐུན་གཅིག་བསྒོམ་རྒྱུའི་སྐལ་བ་མེད་པར་སྣང་སྟེ། དེ་ལྟར་ན་ནང་པའི་ཆོས་པ་སྤྱིའི་ཞབས་འདྲེན་ཡང་ཆགས་ཀྱི་འདུག་ལགས།
དེ་ནས་ཉིད་ཀྱིས་སྙིང་རྗེ་དང་མ་འབྲེལ་བའི་རྫོགས་ཆེན་ཞེས་པ་ཞིག་སུས་བཤད་འདུག སྙིང་རྗེ་དང་མ་འབྲེལ་བའི་རྫོགས་ཆེན་རྐྱང་བ་ཞེས་པ་ཞིག་ཉམས་སུ་བླངས་ནས་སུ་ཞིག་ཕུང་སོང་བ་རེད་གསུངས་པ་སོགས་ཀྱི་ལན་ནི། དུས་རབས་ཉེར་གཅིག་པའི་ཐེག་ཆེན་པ་ཞིག་གི་གཏམ་ཞེས་པ་དེའི་ཕྱེད་ཕྱི་མ་རུ་ཡོད་པས། དྲ་བདག་རྣམས་ཀྱིས་ག་དུས་དྲ་ཐོག་བཞག་ན་དེ་དུས་གཟིགས་རོགས་ཞུ་བ་ལགས། དེ་ཡང་སྙིང་རྗེའི་བསྟན་བཅོས་འདི་ཅུང་རིང་བས་དུམ་བུ་གཉིས་མ་བྱས་པར་མ་ཤོངས་པ་ཡིན་འདུག ཡང་སྙིང་རྗེ་ལ་སྦྱངས་ན་རྫོགས་ཆེན་འདོར་དགོས་པ་དང་རྫོགས་ཆེན་ཉམས་སུ་བླངས་ན་སྙིང་རྗེ་བོར་སོང་བ་ཞིག་མ་རེད་ཅེས་ཞུ་བཞིན་ཡོད་གསུངས་པ་ལ། དེ་དེ་བཞིན་ནོ་ཞེས་ཞུ་རྒྱུ་དང་། རྫོགས་ཆེན་གྱི་ཚབ་ལ་སྙིང་རྗེ་ཉམས་སུ་ལོངས་ཟེར་བ་དེ་འདྲ་ཁོ་བོས་གང་དུ་ཡང་བྲིས་མེད་པས་གོང་དུ་ཞུས་ཟིན་པ་ལྟར་ཡང་བསྐྱར་གཟིགས་རོགས་ཞུ་རྒྱུ་ཡིན་ལགས།
ད་ནི་མཆན་འདེབས་མཁན་གཞན་རྣམས་ཀྱི་ནང་ནས་དྲ་གྲོགས་ཕན་ཚུན་ལ་དྲིས་པ་མིན་པར་ཁོ་བོ་ལ་ཐད་ཀར་དྲི་བ་གནང་བ་རྣམས་ལ་ལན་ཉུང་ཙམ་ཞུ་རྒྱུར།
༡༽ རྫོགས་པ་ཆེན་པོའི་ཚིག་ཀ་དག་དང་ལྷུན་གྲུབ་སོགས་ཀྱི་སྐོར་ལ་ཡང་ཚིག་འགྲེལ་ཞིག་བསྐྱོན་གནང་རོགས་ཞུ། དེ་དག་ཀྱང་སྙིང་རྗེ་དང་འབྲེལ་བ་ཆེ་ཤས་ཤིག་ཡིན་ཚོད་ཡོད་རབས་ཤིག་ཐོས་མོད། ཅེས་པ་ལ། ཀ་དག་ནི་ཡེ་གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པའི་དོན་དེ། ངེས་ཤེས་སྒྲོན་མེ་ལས། འཕགས་ཡུལ་དཔལ་ལྡན་ཟླ་བ་དང་།། བོད་ན་རོང་ཟོམ་ཆོས་བཟང་གཉིས།། དགོངས་པ་གཅིག་དང་དབྱངས་གཅིག་གིས།། ཀ་དག་སྟོང་པ་ཆེན་པོར་བསྒྲུབས།། ཞེས་དང་། ཀ་དག་གདར་ཤ་ཆོད་པ་ལ།། ཐལ་འགྱུར་ལྟ་བ་མཐར་ཕྱིན་དགོས།། སྤྲོས་བྲལ་ཙམ་གྱི་ཆ་ནས་ནི།། འདི་གཉིས་ཁྱད་པར་མེད་དོ་གསུངས།། ཞེས་སོགས་གསུངས་པ་ལྟ་བུ་ཡིན། ལྷུན་གྲུབ་ཐོད་རྒལ་གྱི་ལྷུན་གྲུབ་ནི། གང་ཞིག་མངོན་དུ་གྱུར་བའི་རང་བྱུང་གི་ཡེ་ཤེས་སམ་རང་བཞིན་འོད་གསལ་བའི་ཡེ་ཤེས་དེ་ཉིད་ལམ་རྐྱེན་གྱིས་གསར་དུ་བསྐྱེད་པ་མིན་པར་གདོད་ནས་གཞི་ལ་ལྷུན་གྲུབ་བམ་རང་ཆས་སུ་བཞུགས་པའི་དོན་དེ། ཡིད་བཞིན་མཛོད་ལས། ཇི་ལྟར་ཉི་ཟླ་སྤྲིན་དང་བྲལ་བ་བཞིན།། ཁམས་ཀྱི་སྒྲིབ་པ་ཀུན་དང་བྲལ་བ་ན།། བྱང་ཆུབ་ཅེས་བྱ་ལྷུན་གྲུབ་ཡོན་ཏན་སྣང་།། ཞེས་དང་། ཡེ་ཤེས་བླ་མ་ལས། གདོད་ནས་ངོ་བོ་འགྱུར་བ་མེད་ལ་གློ་བུར་དྲི་མའི་དག་བྱ་ཅན།། ཞེས་སོགས་གསུངས་པ་ལྟར་ཡིན་ལ། འདིའི་ཐོག་ནས་གསར་རྙིང་གཉིས་ལ་བདེ་གཤེགས་སྙིང་པོའི་རྣམ་གཞག་འཇོག་སྟངས་མི་འདྲ་བར་བྱུང་བས། རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་།། ཞེས་སོགས་ཀྱི་ཐད་ལ་འགྲེལ་ཚུལ་མི་འདྲ་བ་མང་པོ་བྱུང་ཞིང་། དེ་ཡང་བཀའ་བརྒྱུད་དང་དགེ་ལྡན་སོགས་ཕྱོགས་འདྲ་དང་། ཇོ་ནང་དང་རྙིང་མ་སོགས་ཕྱོགས་འདྲ་བྱུང་བ་ཡིན། འདིའི་སྐོར་ཞིབ་ཏུ་ཞུ་རྒྱུའི་དུས་ཚོད་མི་འདུག་པས་དེ་ཙམ་གྱིས་འཐུས་པར་བྱེད། ཤེས་འདོད་དག་གིས་འཇུ་མི་ཕམ་པའི་བདེ་གཤེགས་སྙིང་པོའི་སྟོང་ཐུན་ཆེན་མོ་དང་། དོལ་པོའི་རི་ཆོས་དང་རྒྱུད་བླའི་འགྲེལ་བ། བུ་སྟོན་གྱི་བདེ་གཤེགས་སྙིང་པོའི་སྤྱི་དོན། རྒྱལ་ཚབ་རྗེའི་རྒྱུད་བླའི་འགྲེལ་བ་སོགས་ལ་གཟིགས་མཛོད། ཐོད་རྒལ་གྱི་དོན་ནི་ལྷུན་གྱིས་གྲུབ་པའི་ཡེ་ཤེས་དེ་ཉིད་ལམ་རིམ་གྱིས་མངོན་དུ་གྱུར་བ་ལ་མ་ལྟོས་པར། བཞུགས་སྟངས་དང་གཟིགས་སྟངས་ཀྱི་གནད་ཀྱིས་གཅུན་ཏེ་བཙན་ཐབས་ཀྱིས་མངོན་དུ་གྱུར་བར་བྱེད་པའི་དོན་ཡིན་ཞིང་། དཔེར་ན་སྐས་ཐེམ་དང་པོ་ལས་སྐས་ཐེམ་གཉིས་པ་མ་བརྒྱུད་པར་གསུམ་པ་འམ་ལྔ་བར་སྤོས་པ་ལྟ་བུའི་དོན་ཡིན་པས། རིག་འཛིན་འཇིགས་གླིང་གིས། བཞུགས་སྟངས་གསུམ་དང་གཟིགས་སྟངས་རྣམ་གསུམ་གྱིས།། གཅུན་ཏེ་སྣང་བཞི་ཆོས་ཟད་གདོད་མའི་སར།། ལྷུན་གྲུབ་རྫོགས་པ་ཆེན་པོའི་ས་ལ་སྐྱོལ།། ཞེས་གསུངས་པ་ལྟ་བུ་ལགས།
༢༽ ཡང་སློབ་དཔོན་འདི་བ་ཚང་ལའང་རྒད་པོ་མགོ་སེར་ཞིག་གིས་སྙིང་རྗེ་དེ་ཡང་འདོད་ཆགས་ཡིན་ནོ་ཞེས་ལན་བརྒྱབ་ན་འདི་པས་རྩོད་སྤོང་ཇི་ལྟར་བྱེད་རྒྱུ་ཡིན་ན། ཞེས་པར། སྤྱིར་ཡིན་ན་སྐད་ཆ་དེའི་རིགས་བཤད་མཁན་ལ་ལན་རྒྱག་མི་དགོས་པར། ལགས་སོ་ཞེས་འཛུམ་ཙམ་བྱས་ཏེ་བསྡད་ན་ཆོག ཅིས་ཀྱང་ལན་དགོས་ན་རྒད་པོ་དེ་ལ་ཁྱོད་ཀྱི་ཕ་རྒན་ལོ་བརྒྱད་ཅུ་ལོན་པ་ཞིག་རླངས་འཁོར་གྱིས་བརྡབས་ནས་ཤི་མ་གསོན་དུ་ལུས་ཡོད་ན། ཁྱོད་ཕ་རྒན་ལ་སྙིང་རྗེ་འམ། སྙིང་རྗེ་ན་དེ་འདོད་ཆགས་དང་འབྲེལ་བ་ཡོད་དམ་ཞེས་དྲིས་ཤིག རྣམ་པ་གཅིག་ཏུ་ན་སེམས་ཅན་བློས་མི་གཏོང་བའི་སྙིང་རྗེ་འདོད་ཆགས་དང་འབྲེལ་བ་ཡོད་པར་བཤད་ས་ཡང་ཡོད་དེ། ཇོ་བོ་རྗེས། འཇིག་ཚོགས་ལ་བལྟ་བ་སངས་རྒྱས་ཀྱི་གདུང་ཡིན་པར་གསུངས་པ་དང་། ད་དུང་འདོད་ཆགས་ཁོ་རང་ཡང་སྔགས་ཙམ་མ་ཟད་མདོ་ལས་ཀྱང་དེ་ཙམ་དགག་བྱ་མེད་པར་གསུངས་པ་ཡོད་དེ། བསླབ་བཏུས་ལེའུ་བརྒྱད་པར་ཉེ་བར་འཁོར་གྱིས་ཞུས་པའི་མདོའི་ལུང་དྲངས་པ་ལས། ཉེ་བར་འཁོར། དེ་ལ་ཉོན་མོངས་པ་གང་སེམས་ཅན་སྡུད་པར་འགྱུར་བ་དེ་ལ་ནི་བྱང་ཆུབ་སེམས་དཔའ་འཛེམས་པའང་མེད། འཇིགས་པ་ཡང་མེད་དོ།། དེ་བཞིན་དུ་སྦྱར་ཏེ། ཉེ་བར་འཁོར། དེ་ལྟ་བུས་ན་ཁྱོད་ལ་འདོད་ཆགས་དང་ལྡན་པའི་ལྟུང་བ་ཐམས་ཅད་ནི་ལྟུང་བ་མ་ཡིན་པར་བཤད་དོ།། ཅེས་སོགས་དང༌། སྔགས་ཀྱི་སྐབས་སུ་མཐར་ཐུག་འདོད་ཆགས་གནས་གྱུར་པ་སེམས་ཅན་བློས་མི་གཏོང་བའི་མེ་ལོང་ལྟ་བུའི་ཡེ་ཤེས་སུ་འགྱུར་བར་གསུངས་པ་ཡིན།
༣༽ དབུ་མ་ཆེན་མོ། ཕྱག་རྒྱ་ཆེན་མོ། རྫོགས་པ་ཆེན་པོ་སོགས་ཀྱི་ཁྱད་པར་ལ་ལུང་རིགས་ཀྱིས་ཅུང་ཟད་དཔྱད་ཐུབ་ན་ཤིན་ཏུ་ནས་ལེགས་སོགས་ལ། དབུ་མ་ཆེན་པོ་ཞེས་པའི་དབུ་མ་ནི་དབུས་ཀྱི་དོན་དང་། དེ་ཡང་དབུས་ཟེར་བ་རྟག་ཆད་གཉིས་ཀྱི་མཐའ་ལ་མི་གནས་པའི་དོན་ཡིན། འདི་ལ་དགེ་ལྡན་པའི་ཕྱོགས་ནས་རྟག་ཆད་གཉིས་ཀྱི་མཐའ་བསལ་བའི་དབུས་ལ་གནས་དགོས་པར་གསུངས་པས། དཔའ་རིས་རབ་གསལ་གྱིས་འཇུ་མི་ཕམ་ལ། དབུས་མེད་དབུ་མར་སྨྲ་བ་དབུ་འཁོར་ནས།། ཞེས་སོགས་གསུངས་ཤིང་། ཡང་མདོ་ལས། མཁས་པ་དབུས་ལའང་གནས་པར་ཡོངས་མི་བྱེད།། ཅེས་བྱུང་བ་བཞིན་གསང་སྔགས་རྙིང་ལུགས་ལ་མཐའ་དབུས་གང་དུ་མི་གནས་པ་ཞེས་འཛིན་སྟངས་གང་ཡང་མེད་པའི་དོན་དུ་གསུངས། གང་ལྟར་དབུས་ལ་གནས་དགོས་པར་གསུངས་པ་དང་། དབུས་ལ་ཡང་གནས་མི་རུང་བར་གསུངས་པ་གཉིས་ཀ་མདོ་ཡི་དགོངས་དོན་ཡིན། ཕྱག་རྒྱ་ཆེན་པོ་ཞེས་པའི་ཕྱག་རྒྱ་ནི། བདེ་བ་ཆེན་པོའི་ཡེ་ཤེས་རྣམ་པ་ཐམས་ཅད་པའི་གཟུགས་དང་ཟུང་དུ་འཇུག་པའམ་དབྱེར་མི་ཕྱེད་པ་དེའི་ཀློང་ལས་འཁོར་འདས་ཀྱི་ཆོས་ཀུན་འདའ་ས་མེད་པས་ཕྱག་རྒྱ་དང་། དེ་ལ་སྤངས་རྟོགས་སེམས་པ་ཆེན་པོ་གསུམ་དང་ལྡན་པས་ཆེན་པོ་ཞེས་ཞུ། རྫོགས་པ་ཆེན་པོ་ཞེས་པའི་རྫོགས་པ་ནི། སེམས་ཀྱི་རང་བཞིན་ལ་ངོ་བོ་སྟོང་པ། རང་བཞིན་གསལ་བ། ཐུགས་རྗེ་ཀུན་ཁྱབ་སྟེ་སྐུ་གསུམ་གདོད་ནས་རྫོགས་པས་རྫོགས་པ་དང་། དེ་ཉིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་གནས་ལུགས་ཡིན་པས་ཆེན་པོ་ཞེས་ཞུ། འདི་དག་རྣམས་ལ་མན་ངག་ཉམས་བཞེས་ཀྱི་ཁྱད་པར་མི་འདྲ་བ་ལས། དོན་ནི་འབབ་ས་གཅིག་ལས་གཞན་མེད་དེ། རིག་འཛིན་འཇིགས་གླིང་གིས་ཡོན་ཏན་མཛོད་ལས་རྫོགས་པ་ཆེན་པོའི་གཞི་བཤད་པའི་སྐབས། རྒྱལ་བའི་འཁོར་ལོ་བར་བ་རྣམ་ཐར་གསུམ།། བསྟན་བྱའི་སྙིང་པོ་སོ་སོ་རང་རིག་པ།། སེམས་ཅན་ཁམས་ལ་བདེ་གཤེགས་སྙིང་པོ་རུ།། བཞུགས་པར་བཤད་ལ་རྫོགས་པ་ཆེ་ཞེས་གྲགས།། ཞེས་དང་། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས། ཕྱག་རྒྱ་ཆེན་པོ་དང་དབུ་མ་ཆེན་པོ་རྫོགས་པ་ཆེན་པོ་སོགས་ཀྱི་མཚན་སྨྲོས་རྗེས། ཉམས་མྱོང་ཅན་གྱི་རྣལ་འབྱོར་བས།། དཔྱད་ན་དགོངས་པ་གཅིག་ཏུ་འབབ།། ཅེས་གསུངས་པ་ལྟ་བུའོ།།
༤༽ རྫོགས་པ་ཆེན་པོ་ཞེས་པའི་ཚིག་འདི་རྒྱ་གར་ནས་བྱུང་ངམ་བོད་ནས་བྱུང་བ་ཡིན་སོགས་ལ། རྫོགས་པ་ཆེན་པོའི་མཚན་གྱི་ཐ་སྙད་འདི་རྒྱ་གར་ནས་བྱུང་བ་ལ་དོགས་པ་མེད་དེ། དེ་ཡང་ལེགས་སྦྱར་ལས་རྫོགས་པ་ཆེན་པོ་ལ་མ་ཧཱ་སནྟི་ཞེས་བྱུང་ཞིང་། ཤྲཱི་སེངྷ་དང་བཻ་རོ་ཙ་ནས་བསྒྱུར་པའི་ཀུན་བྱེད་རྒྱལ་པོའི་རྒྱུད་ལས། རྒྱ་གར་སྐད་དུ། སརྦ་དྷརྨཱ་མ་ཧཱ་སནྟི་བོ་དྷི་ཙིཏྟ་ཀུ་ལ་ཡ་རཱ་ཛ། བོད་སྐད་དུ། ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ཞེས་དང་། ཡང་ཤྲཱི་སེངྷ་དང་བཻ་རོ་ཙ་ནས་བསྒྱུར་པའི་རྫོགས་པ་ཆེན་པོ་འཁོར་བ་རྩད་གཅོད་ཀྱི་རྒྱུད་ལས། རྒྱ་གར་སྐད་དུ། སརྦ་དྷརྨཱ་མ་ཧཱ་སནྟི་བོ་དྷི་ཙིཏྟ་སཾ་སཱ་ར་མཱུ་ལ་ཙྪེ་ད་ན་ས་མུ་དྲ་ས་མཱ་བི་ལ་ཏནྟྲ། བོད་སྐད་དུ། ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་འཁོར་བ་རྩད་ནས་གཅོད་པ་རྒྱ་མཚོ་དང་མཉམ་པ་རྙོག་པ་མེད་པའི་རྒྱུད་ཅེས་དང་། ཡང་ཤྲཱི་སེངྷ་དང་བཻ་རོ་ཙ་ནས་བསྒྱུར་པའི་རྫོགས་པ་ཆེན་པོ་འཁོར་བ་རྩད་གཅོད་ཀྱི་ཉི་ཟླ་དང་མཉམ་པ་དྲི་མ་མེད་པའི་རྒྱུད་ལས། རྒྱ་གར་སྐད་དུ། སརྦ་དྷརྨཱ་མ་ཧཱ་སནྟི་བོ་དྷི་ཙིཏྟ་སཾ་སཱ་ར་མཱུ་ལ་ཙྪེ་ད་ན་སཱུརྱ་ཙནྡྲ་ས་མཱ་ལ་ཏནྟྲ། བོད་སྐད་དུ། ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་རྫོགས་པ་ཆེན་པོ་འཁོར་བ་རྩད་ནས་གཅོད་པ་ཉི་ཟླ་དང་མཉམ་པ་དྲི་མ་མེད་པའི་རྒྱུད་ཅེས་བྱུང་བ་ལྟ་བུ། ལོ་པཎ་མི་འདྲ་བ་མང་པོས་བསྒྱུར་པའི་སེམས་ཀློང་མན་ངག་གི་སྡེའི་རྒྱུད་སྡེ་མི་འདྲ་བ་ཆེས་མང་པོར། རྫོགས་པ་ཆེན་པོ་ཞེས་པའི་ཚིག་འདི་ལེགས་སྦྱར་ལས་བྱུང་བ་རྙིང་རྒྱུད་ཁག་ཏུ་བཞུགས་པ་ལྟར་ཡིན་པས་བློ་གཟུ་བོར་གནས་པ་ཞིག་ཡིན་ཕྱིན་འདི་ལས་ལྷག་པའི་ཁུངས་ཤིག་ག་ལ་དགོས། ཐར་བ་ལོ་ཙཱ་བས་ད་དུང་རྒྱ་གར་ན་རྙིང་མའི་རྒྱུད་སྡེ་མང་པོ་བསྒྱུར་རྒྱུ་འདུག་གསུངས་པ་ཡང་གཙོ་བོ་ཆོས་ཀྱི་ཐ་སྙད་ཚུན་ཆད་མི་འདྲ་བའི་ཡོ་ག་སྡེ་གསུམ་གྱི་རྒྱུད་སྡེ་རྣམས་ལ་གསུངས་པ་ཡིན།
༥༽ གསུང་འདི་ལ་ཅུང་ཟད་བསམ་བློ་གཏོང་དགོས་པ་སྟེ། གཞན་གྱིས་ལས་བསགས་པ་དེ་གཞན་གྱིས་གང་ལྟར་བཞེས་ཐུབ་ཀྱི་ཡོད་ན། གལ་སྲིད་བཞེས་ཐུབ་ན་ལས་འབྲས་ཀྱི་རྣམ་བཞག་དང་མཐུན་གྱི་ཨེ་ཡོད་ན། ཞེས་པའི་དྲི་བ་འདི་ཡི་དོན་གོ་མ་སོང་བས་ལན་ཞུ་ཐབས་བྲལ་ལགས། སྤྱིར་ཡིན་ན། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུད་ཅིང་།། འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ཞིང་།། ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཡང་།། ཆོས་ཉིད་ཞི་བ་བསྟན་པས་གྲོལ་བར་འགྱུར་ཞེས་སེམས་ཅན་གྱི་ལས་གང་ཟག་གཞན་གྱིས་བཞེས་མི་ཐུབ་པར་གསུངས་ཡོད་ལ། ལས་ཟད་པའི་རྒྱུ་ཡང་བཤགས་སྟོབས་དང་། མྱོང་སྟོབས་དང་། ཆོས་ཉིད་ཀྱི་དོན་རྟོགས་པ་རྣམས་ལས་གཞན་གྱིས་བཞེས་སྟོབས་ཟེར་བ་ཞིག་མེད་ཅིང་། ཕྲན་གྱི་སྙིང་རྗེའི་ཉམས་ལེན་གྱི་དེབ་དེའི་ནང་ལ་སེམས་ཅན་གྱི་ལས་གཞན་གྱིས་བཞེས་ཚུལ་ཞིག་བྲིས་མེད་ལགས། ཡང་རིག་པ་ཚད་ཕེབས་ཀྱི་སྐབས་སུ་སེམས་ཅན་མང་པོ་བཙན་ཐབས་ཀྱིས་སྒྲོལ་ནུས་པར་གསུངས་པ་སོགས་ནི་མན་ངག་གི་བསྟན་བཅོས་དམིགས་བསལ་བའི་དགོངས་དོན་ཡིན་པས་འདིར་རེ་ཞིག་བཞག སྤྱིར་དྲི་བ་འདིའི་དོན་གོ་མ་སོང་བས་དགོངས་པ་མ་ཚོམས་རོགས།
༦༽ ཁ་སྐད་མང་དྲགས་ཏེ་གོ་ཐུབ་ཀྱི་མི་འདུག་ཅེས་དང་། སྔོན་གྱི་ལོ་པཎ་རྣམས་ལ་ཁ་མིག་ཡར་བལྟ་བྱས་ཏེ་ཡི་གེ་འབྲི་ཚུལ་ལའང་ཐུགས་སྣང་གནང་ན་ཞེས་པར། སྤྱིར་ཁོ་བོ་རང་ཡང་བོད་ཀྱི་སྤྱི་སྐད་མ་གཏོགས་ཁ་སྐད་བཀོལ་བ་ལ་དགག་པ་བྱེད་མཁན་གཙོ་བོ་ཞིག་ཡིན་པས། བོད་ཀྱི་སྤྱི་སྐད་ཀྱི་ཐོག་ལ་དེབ་ཡག་པོ་ཞིག་བྲིས་ཡོད་པ་སྔོན་མ་ནོར་གླིང་ནས་པར་སྐྲུན་གནང་སོང་། རྗེས་སུ་དྲ་ཐོག་ཏུ་འགོད་ཆོག ཡིན་ན་ཡང་ད་རེས་ཀྱི་དུས་རབས་ཉེར་གཅིག་པའི་ཐེག་ཆེན་པ་ཞིག་གི་གཏམ་ཞེས་པ་འདི་ཐོག་མ་ཉིད་ནས་དབྱིན་བསྒྱུར་གྱི་ཆེད་དུ་བྲིས་པ་ཞིག་ཡིན་པས། བསྒྱུར་སླ་བའི་ཆེད་དུ་གཏམ་བཤད་ལྟ་བུའི་འབྲི་ཐབས་སྤྱད་ནས་བྲིས་པ་ཡིན་ལགས།
༧ ༽ ཡང་རང་གི་རྩོམ་གྱི་འོག་གི་དྲ་ཞབས་པ་རྣམས་ལ་ལན་འདེབས་ཀྱི་མི་འདུག་ཅེས་པ་ལ། སྔོན་མ་དྲ་ཞབས་སུ་མཆན་རེ་འདེབས་ཀྱི་ཡོད། ཡིན་ན་ཡང་དེང་སང་གཅིག་ནས་དུས་ཚོད་མང་པོ་མི་རག་པ་དང་། གཉིས་ནས་དྲ་གྲོགས་རྣམས་ཀྱིས་རང་རེ་བོད་ཡིག་འབྲི་རྩོམ་གྱི་ཁོར་ཡུག་གཅིག་ན་སྐྱིད་སྡུག་གཅིག་བྱས་ནས་སྡོད་མཁན་ཚོ་ནང་ཕན་ཚུན་ལ་བརྩེ་བ་དང་། ཤ་ཞེན། ངོ་ཚ་ཞིག་མ་སླེབས་བར་དུ་དྲ་ཞབས་སུ་ཡོང་ན་ཡང་ཉོན་མོངས་པ་འཕེལ་བའི་རྒྱུ་ལས་གང་ཡང་མི་འདུག་པས། སྐབས་གཅིག་གི་རིང་དྲ་ཞབས་སུ་མི་འཛུལ་བའི་དམ་བཅའ་བྱས་པ་ཡིན། ཕྱིས་སུ་ཡང་བགྲོ་གླེང་བ་རེ་རེ་ལ་ལན་རེ་རེ་འབུལ་དགོས་ན་ཆུ་ཚོད་ཉེར་བཞི་ལ་དྲ་ཐོག་ཏུ་འདུག་དགོས་པར་འདུག་པས་དེ་འདྲ་ཡོང་ཐབས་མི་འདུག་ལགས། ད་དུང་དེ་རིང་འདིར་དྲ་གྲོགས་འགའ་ཞིག་ལ་དྲིས་ལན་མདོ་ཙམ་ཕུལ་བ་ཡིན་མོད། སང་ཉིན་འདི་ལས་ཀྱང་མང་བ་སླེབས་ཡོང་ངེས་ཡིན་པས་ལན་ཞུ་ཐབས་བྲལ་བ་ཡིན། འོན་ཀྱང་རྩོམ་ཡིག་རེ་བྲིས་དུས་དེབ་བཟོ་མི་ཐུབ་པའི་རྐྱེན་གྱིས་དྲ་ཐོག་ཏུ་གཏོང་གི་ཡོད། ཁྱེད་རྣམས་ཀྱིས་དྲང་ལྡོག་ཅི་རིགས་ཀྱིས་དགོངས་ཚུལ་གསུངས་པ་རྣམས་ཀྱིས་ཕན་ཐོག་ཆེན་པོ་འབྱུང་བཞིན་འདུག་པས་ཐུགས་རྗེ་ཆེ་ཞུ་བ་ཡིན། ལར་རྫོགས་པ་ཆེན་པོའི་གྲུབ་མཐའ་ལ་གོ་བ་རྙེད་པར་འདོད་ན་ཐེག་མཆོག་མཛོད་དང་། གཉུག་སེམས་སྐོར་གསུམ་སོགས་ལ་གཟིགས་དང་དེ་ལས་ལྷག་ཅིག་ག་ལ་དགོས། དྲ་ཐོག་ཅིག་ཏུ་དྲ་གྲོགས་ཚོ་བྲེལ་ཚུབ་ཀྱི་བར་ནས་ལེགས་བཤད་ཆེན་པོ་ཞིག་རྙེད་དཀའ། འོན་ཀྱང་མ་འོངས་པར་རྫོགས་པ་ཆེན་པོའི་གདམས་པ་དངོས་སུ་ནོད་དགོས་བསམ་མཁན་ཞིག་ཡིན་ན། གདམས་པ་མ་ཐོབ་གོང་དུ་ཁྲིད་ཡིག་ཡེ་ཤེས་བླ་མ་སོགས་ལ་མ་བལྟས་ན་བཟང་སྟེ། སྒོམ་བྱ་ཤོར་ལ་ཁྱིས་མི་རེ་ཟེར་བའི་ཞལ་རྒྱུན་ཡོད་པ་ཡིན།
༨༽ ཡང་དྲ་གྲོགས་འགའ་ཞིག་གིས་ངས་སྔགས་པའི་གཟན་དཀར་གྱོན་པ་ལ། སངས་རྒྱས་སྟོང་གི་རིང་ལ་མ་དར་བའི་ཆོས་གོས་དཀར་པོ་འདི་སུའི་ལུགས་ཡིན་ཟེར་བ་དང་། དུས་རབས་ཉེར་གཅིག་པའི་ཐེག་ཆེན་པ་ཞིག་གི་གཏམ་ཞེས་བྲིས་པ་ལ། ཐེག་ཆེན་པ་ཡིན་ན་ས་བརྒྱད་པ་ལ་གནས་པ་ཁོ་ན་ཞིག་ཡིན་པར་དགོངས་ནས་ས་བརྒྱད་པ་ལ་གནས་པའི་སེམས་དཔའ་ཞིག་ཡིན་པར་ཞལ་གྱིས་བཞེས་པ་ཡིན་ནམ་སོགས་དང་། དེ་བཞིན་སློབ་དཔོན་གྱི་མཚན་འདི་གང་ནས་རག་པ་ཡིན་དང་། སློབ་དཔོན་གྱི་མཚན་བེད་སྤྱོད་བྱས་ན་ཁོང་རྣམས་ངོ་ཚ་གི་འདུག་ཅེས་གསུངས་པ་སོགས་ལ། དགོངས་པ་མ་ཚོམས་ཞུ་རྒྱུ་ལས་ལན་གཞན་མེད་ལགས།
དེ་ནས་སྤོབས་པ་མཐའ་ཡས་ལགས་ཀྱིས། སློབ་དཔོན་ཁོང་ཉིད་ཀྱང་དེང་དུས་སུ་མཁས་པའི་སྙན་པ་ཆེ་བའི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་སློབ་མ་ཡིན་པར་ཞལ་གྱིས་བཞེས་པ་སོགས་གདེངས་སྤོབས་དང་འབྲེལ་བའི་ཞལ་ཕོ་ཡང་ཆེ་ཙམ་འདུག་པ་ལ་ཞེས་པར། ཁོ་བོ་ལྟ་བུ་ཞིག་མཁན་པོ་མཆོག་གི་སློབ་མ་ཡིན་ཟེར་ན་འདྲེན་པ་ཆེན་པོ་འདིའི་ཞབས་ནས་མར་འཐེན་སྤྱད་ཅིག་ལས་མི་འདུག་ཀྱང་། སྐྱེས་རབས་ལས། འཇིག་རྟེན་ན་སྐྱེས་བུ་དམ་པ་འབྱུང་དཀའ་བ་དང་། དེ་བས་ཀྱང་སྐྱེས་བུ་དམ་པ་དང་འཕྲད་པར་དཀའ་ཚུལ་ཡང་ཡང་གསུངས་པ་སོགས་ལ་བསམས་ན། ས་སྒང་འདིར་མཁྱེན་རབ་དང་བྱམས་བརྩེ་དྲང་བདེན་བཅས་ཀྱི་བདེན་དཔང་དུ་གྱུར་པ། རོང་ཟོམ་གཉིས་པར་གྱུར་པའི་ཆོས་རྗེ་ཀུན་མཁྱེན་ཆེན་པོ། འདྲེན་མཆོག་ཐུགས་རྗེ་ཅན་འདིའི་ཞལ་མཇལ་ཐུབ་པ་དང་། གསུང་ཐོས་ཐུབ་པའི་སྐལ་བ་ཙམ་ཞིག་བྱུང་བ་ལ་དངོས་གནས་གདེངས་སྤོབས་ཆེན་པོ་སྐྱེ་གི་ཡོད་ལ། ནངས་དགོང་ཀུན་ཏུ། སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་།། འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་།། ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས།། རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག། ཅེས་སྨོན་ལམ་བྱེད་ཀྱི་ཡོད་ལགས།། ཐམས་ཅད་བཀྲ་ཤིས་ཞལ་དྲོ། སླར་མཇལ། ཕྱི་ལོ་༢༠༡༡ཟླ་༡༠ཚེས་༢༢གྱི་དགོང་མོར་བྲིས།
Comments on “སྤོབས་པ་མཐའ་ཡས་སོགས་ཀྱི་དྲིས་ལན།”
Comments are closed.
བཀའ་ལན་ཡག་པོ་གནང་འདུག ཡག་བྱུང་ཟེར་རྒྱུ་ཡིན་མོད། རྫོགས་ཆེན་ཞེས་པའི་ཐ་སྙད་དེའི་བྱུང་ཁུངས་ཐོག་མ་དེ་རྒྱ་གར་ལ་གཏུགས་ཡོད་པ་དེ་ཁུངས་ལུང་གསལ་པོ་མི་འདུག ཡིན་ན་ཡང་བཀའ་ལན་གནང་བར་ཐུགས་རྗེ་ཆེ།
ལན་ཡག་པོ་གནང་འདུག ཐུགས་རྗེ་ཆེ། སློབ་དཔོན་འཇིགས་མེད་བློ་གྲོས་རྒྱལ་མཚན་གྱི་མཁྱེན་དཔྱོད་ལ་མངོན་པར་བསྟོད་དོ།
་་་་། མདོར་བསྡུ་ན། ༼ཐེག་པ་ཆན་པོའམ། ཐེག་ཆེན་རིགས་ཅན་གྱིས༽སྟོང་ཉིད་རྟོགས་ན་སྙིང་རྗེ་རང་ཤུགས་ཀྱིས་འབྱུང་བར་གསུངས་པ་ལྟར། ་་་་་་ དེ་མིན་ན་ཉན་རང་སོགས་ལ་ཡང་སྙིང་ཆེ་ཆེན་པོ་ཡོད་དགོས་པར་ཐལ་ལོ། །
ང་ལ་དགོས་རྒྱུ་འདི་ནི།
་་་། རྫོགས་པ་ཆེན་པོ་ཞེས་པའི་རྫོགས་པ་ནི། སེམས་ཀྱི་རང་བཞིན་ལ་ངོ་བོ་སྟོང་པ། རང་བཞིན་གསལ་བ། ཐུགས་རྗེ་ཀུན་ཁྱབ་སྟེ་སྐུ་གསུམ་གདོད་ནས་རྫོགས་པས་རྫོགས་པ་དང་། དེ་ཉིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་གནས་ལུགས་ཡིན་པས་ཆེན་པོ་ཞེས་ཞུ། ་་་འདིས་ཡིད་འཚིམས་སོ།
་་་་་། རྒྱ་གར་སྐད་དུ། སརྦ་དྷརྨཱ་མ་ཧཱ་སནྟི་བོ་དྷི་ཙིཏྟ་ཀུ་ལ་ཡ་རཱ་ཛ། བོད་སྐད་དུ། ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ཞེས་དང་། ་་་་འདི་དང་།
ངའི་གཤམ་གྱི་འདི་གཉིས་ཆུ་དང་འོ་མ་འདྲེས་པ་ལྟར་ངོ་བོ་གཅིག་ཏུ་གྱུར་མི་འདུག་གམ།
ཞོར་དུ་རྒན་ལ་དྭགས་འཇམ་དཔལ་ལགས་ཀྱི་དྲི་བའི་ལན་དུ་རང་གི་རྨོངས་འཆར་ཅིག་ཞུ་ན།
རྒྱ་གར་སྐད་དུ། མ་ཧྰ་མུ་ཌ་འདི་ཕྱག་རྒྱ་ཆེན་པོའི་སྐད་དོད་མིན་ནམ། ཡང་། རྫོགས་ཆེན་ཞེས་པའི་ཚིག་འདི་ཐོག་མ་ཞང་ཞུང་ངམ། བོན་པོའི་ཆོས་སྐད་ཅིག་མིན་ནམ་སྙམ། ཕྱིས་སུ་རྙིང་ཆོས་དར་དུས་བསྐྱེད་རིམ་དང་རྫོགས་རིམ་གཉིས་ལས་ཕྱི་མ་”རྫོགས་”པའི་རིམ་པ་”ཆེན་”པོ་དེ་བསྡུས་ཚིག་ལ་”རྫོགས་ཆེན་”ཞེས་ཆགས་པ་མིན་ནམ་དཔྱད་པར་འཚལ། སྔགས་ལུགས་རྫོགས་ཆེན་ཡུན་གནས་དར་རྒྱས་ཤོག །
དངོས་གནས་སྔགས་པའི་གཟན་དཀར་གྱོན་པའི་མཚན་ཉིད་ཚང་བ་ཞིག་འདུག །འདི་ལྟར་ཕྱོགས་རེས་སུ་མ་སོང་བར་རྒྱ་བོད་ཀྱི་གཞུང་ལུགས་དག་ལ་ལྟ་རྒྱ་དང་ཐོས་རྒྱ་ཆེ་ཞིང་། ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བའི་ངང་ནས་ཉམས་ལེན་བྱེད་ན་བསྟན་པའི་མཛེས་རྒྱན་དང་རིག་བཟང་གི་མཁའ་འགྲོ་མས་རྗེས་སུ་འཛིན་ངེས་རེད། སྙིང་རྗེའི་སྐོར་དང་གཞུང་མང་གོ་བསྡུར་གནང་བ་དེ་ལེགས། འོན་ཀྱང་རྫོགས་པ་ཆེན་པོ་སྙིང་རྗེ་དང་མ་འབྲེལ་ཟེར་ན་ཧ་ཅང་ཐལ་ཆེ། དེ་འདྲ་ཞིག་རྫོགས་ཆེན་གྱི་ཁྲིད་ཡིག་གང་ནའང་མེད་པ་རེད། སྙིང་རྗེ་ཆེན་པོ་ནི་སྔོན་འགྲོ་ཁོ་ན་མ་ཡིན་པར་ཐོག་མཐའ་བར་གསུམ་དུ་གལ་ཆེ་བ་ཡིན་པར་དབུ་མ་འཇུག་པ་ལས་གསུངས་ཏེ། ཟླ་བ་གྲགས་པས་ཐོག་མར་སྙིང་རྗེ་ལ་མཆོད་བརྗོད་མཛད་པའི་དགོས་པ་དང་རྒྱུ་མཚན་ནི། ཞིང་ལ་མྱུ་གུ་འབྱུང་བ་ལ་ཐོག་མར་གལ་ཆེ་བ་མྱུ་གུའི་ས་བོན་དང་འདྲ། མྱུ་གུ་སྐྱེ་འཕེལ་བྱེད་པ་ལ་བར་དུ་གལ་ཆེ་བ་ཆུ་ལུད་དང་འདྲ། མྱུ་གུའི་འབྲས་བུ་མང་དུ་ཆགས་ཀྱང་མ་སྨིན་ན་གཞན་ལ་ཕན་མི་ཐོགས་པས་ཐ་མར་གལ་ཆེ་བ་མྱུ་གུ་སྨིན་པ་དང་འདྲ། དེའི་རྒྱུ་མཚན་ནི། ཉན་རང་དགྲ་བཅོམ་པ་ལྟར་ཞི་བའི་དབྱིངས་སུ་གཟིམས་ནས་བཞུགས་ན་སེམས་ཅན་ལ་ཕན་མི་ཐོགས་པས། ཐུགས་རྗེ་ཆེན་པོའི་གཞན་དབང་དུ་གྱུར་བའི་མཐུས་སེམས་ཅན་རང་རང་གི་སྐལ་བ་དང་འཚམས་པར་ཆོས་སྣ་ཚོགས་ཤིག་བསྟན་ནས་འཕགས་པ་གསུམ་གྱི་གང་ཟག་རྒྱུན་མི་ཆད་པར་འབྱུང་བ་དང་འཕེལ་བ་དེ་ཡང་གཙོ་བོ་སྙིང་རྗེའི་བདག་རྐྱེན་ལས་བྱུང་བ་ཡིན་པའི་ཕྱིར། རྟག་ཆད་ཀྱི་མཐའ་དང་བྲལ་བའི་ཆོས་ཡིན་ན། དབུ་མ་ཡིན་པས་མ་ཁྱབ། ཤེས་བྱ་ཆོས་ཅན། དབུ་མའི་སྒྲས་བརྗོད་རུང་ལ་གཞིའི་དབུ་མ། ལམ་གྱི་དབུ་མ། འབྲས་བུའི་དབུ་མ། དབུ་མའི་བསྟན་བཅོས། དབུ་མའི་ལྟ་བ། དབུ་མའི་གྲུབ་མཐའ་སོགས་མང་། བྱང་ས་ལས། ཇི་ལྟར་ཡོད་ཅེ་ན། ཞེས་པ་ནས་། སྒྲོ་སྐུར་སྤངས་པའི་ཚུལ་གྱིས་ཡོད་དོ།།ཞེས་པ་ལྟར་དབུ་མའི་ལམ་ཇི་ལྟར་ཡོད་ཅེ་ན་ཞེས་པ་དང་སྟོང་ཉིད་ཇི་ལྟར་ཡོད་ཅེ་ན་ཞེས་གཉིས་ཀ་ལ་སྦྱར་རུང་བ་དང་།། དེའི་ལན་དུ་སྟོང་ཉིད་དང་དབུ་མའི་ལམ་སྒྲོ་སྐུར་སྤངས་པའི་ཚུལ་གྱིས་ཡོད་དོ།།ཞེས་གཉིས་ཀ་ལ་སྦྱར་རུང་ངོ།།དབུས་ལའང་མི་གནས་པ་ཞེས་པའི་གོ་དོན། མདོ་སྡུད་པ་ལས། གནས་མེད་གནས་ཡིན་འདི་ནི་རྒྱལ་བས་གནས་བར་གསུངས།།ཞེས་པ་ལྟར་སྟོང་ཉིད་ལ་དབུས་ཞེས་འབོད་པ་ལྟར་དེ་ཡང་སྒྲོ་སྐུར་གྱི་མཐའ་དང་བྲལ་བས་སྒྲོ་སྐུར་གྱི་མཐའ་ལ་མི་གནས་པར་གསུངས་པ་རེད། གོང་གི་ཚིག་སྒྲ་ཇི་བཞིན་དུ་ཁས་ལེན་མི་རུང་ངོ།།
བཀླགས་ཟིན། མཁས་པའི་གསུང་དངོས་རེད། སྤོབས་པ་མཐའ་ཡས་དང་སློབ་དཔོན་འཇིགས་མེད་བློ་གྲོས་རྒྱལ་མཚན་ལ་བཀའ་དྲིན་ཆེ་ཞུ། དོགས་པ་སེལ་སོང་། བློ་བསྐྱེད་འཕེལ་སོང་། དྲ་བར་ལྟ་བའི་དོན་པོ་ཆོད་པས་བཀྲ་ཤིས་བདེ་ལེགས་ཞུ། །
སློབ་དཔོན་ཁྱེད་ཀྱིས་མཁས་པས་ལ་བཤད་ལུང་བཤད་མཛད་ཀྱིན་འདུག་མོད། ང་གླེན་པས་ལམ་འགག་གཅིག་ན་བསྒུགས་ནས་བསྡད་ཡོད། ཁྱེད་ཀྱི་ཐེག་ཆེན་པའི་གཏམ་གྱི་ནང་ན་རྫོགས་ཆེན་གྱི་སྔོན་འགྲོ་མེད་པའི་དངོས་གཞི་བཤད་ཀྱིན་འདུག་ལྟ་བུ་བཤད་མ་སོང་། ཁྱེད་ཀྱིས་ཐེག་ཆེན་པའི་གཏམ་ལས་རྫོགས་ཆེན་བཤད་ནས་སྐྱག་ལངས་ལ་བཏང་སོང་ནས་སྙིང་རྗེ་ངོ་ཤེས་མཁན་མི་འདུག་མདོག་མདོག་བཤད་སོང་། རྫོགས་ཆེན་གྱི་ཁྲིད་ཟེར་བ་དེ་སྔོན་འགྲོ་ནས་དངོས་གཞིའི་བར་གྱི་གདམས་ངག་ཡོངས་རྫོགས་འདུས་པའི་མིང་རེད་མ་གཏོགས་སྙིང་རྗེ་ཕར་ཕུད། བྱུང་གནས་འགྲོ་གསུམ་འཚོལ་བ་སོགས་ཕར་ཕུད། རྫོགས་ཆེན་གྱི་ཁྲིད་ཟེར་བའི་རྡོག་རྡོག་ཅིག་ཡོད་པ་མ་རེད་དོ།
ཁྱེད་སྙིང་ཐིག་ཀ་ཐོག་གང་ཡིན་ཡང་རུང་། མཚམས་མཚམས་ལ་ང་རྫོགས་ཆེན་པ་ཡིན་པས་མཁའ་འགྲོ་མ་བཞེས་གི་ཡོད། བུད་མེད་ཀྱི་མོ་མཚན་ལ་འོ་བྱེད་དགོས་པ་དེ་རྫོགས་པ་ཆེན་པོའི་དམ་ཚིག་རེད་ལབ། མཚམས་མཚམས་ལ་རྫོགས་ཆེན་གྱིས་ཕན་ཐོགས་གིན་མི་འདུག་ང་དུས་རབས་ཉེར་གཅིག་པའི་ཐེག་ཆེན་པ་ཡིན་སྙིང་རྗེ་བཤད་དགོས་ལབ། འདི་འདྲ་འདྲ་མིན་མང་པོ་བཤད་བསྡད་ན་ན་ང་ཚོ་མི་མང་པོ་མགོ་འཁོར་འཁོར་འགྲོ་གི་འདུག
དང་པོ་དམ་པའི་སྐྱེས་བུ་མང་ཙམ་བསྟེན། །ཟབ་མོའི་གདམས་ངག་རྒྱ་ཆེར་ཁྱེད་ཀྱིས་ཞུས། །དལ་འབྱོར་རིན་ཆེན་རྙེད་པ་དོན་བཅས་ཡིན། བར་དུ་ཐོས་དང་བསམ་པས་སྒྲོ་འདོགས་བཅད། །སྒོམ་སྒྲུབ་ཟབ་མོས་སྒྲུབ་ལ་བརྩོན་པ་དང་། །རིན་ཆེན་བྱང་ཆུབ་སེམས་ཀྱིས་རྒྱུད་སྦྱངས་ནས། །སྔོན་བྱོན་རྒྱལ་བ་རྣམས་ཀྱིས་བརྩེ་བས་བསྐྱངས། །ཚེ་སྔོན་བསོད་ནམས་བསགས་པའི་རྒྱུ་འབྲས་ཀྱིས། །ཚེ་རབས་ལས་ཀྱི་བླ་མ་མཆོག་ཏུ་རྙེད། །ཟབ་དགུའི་གདམས་ངག་བརྩེ་བས་ཁྱེད་ལ་བསྩལ། །སྒོ་གསུམ་ལྟོས་མེད་བླ་མ་མཆོག་ལ་ཕུལ། །ཁྱད་པར་ཐེག་རྩེ་ཨ་ཏི་ཡོ་ག་ཡི། ཟབ་དོན་མན་ངག་སྙན་བརྒྱུད་རྒྱ་མཚོ་ཀུན། སྦ་གསང་མེད་པར་འཆད་ནུས་བཀའ་དྲིན་མཛད། །སྙིགས་དུས་སེམས་ཅན་ལས་དང་འབྲས་བུ་ཡིས། །སྡུག་བསྔལ་བཟོད་དཀའ་ངན་སོང་སེམས་ཅན་ལྟར། །དམ་པ་རྣམས་ལ་ཤིན་ཏུ་སྡང་ན་ཡང་། །ལུས་དང་སྲོག་ལ་མ་ལྟོས་བྱ་བ་བསྒྲུབས། །རྡོ་རྗེ་འཆང་ཆེན་བཀའ་དྲིན་ཅན་དེ་ཡིས། །སྒྲུབ་བརྒྱུད་གོང་མའི་མན་ངག་འདི་དག་ཀྱང་། །སྐལ་ལྡན་སློབ་བུས་ཉིན་མཚན་དུས་འདའ་བར། རྟག་ཏུ་དེ་ཡི་ཆོས་ཀྱིས་ཚིམ་པར་བྱས། །རིས་མེད་སློབ་དཔོན་དམ་པ་རིན་པོ་ཆེ། །འཇིགས་མེད་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི། །རྒྱལ་བསྟན་སྤྱི་དང་གསང་ཆེན་བསྟན་པ་ཉིད། །འཛིན་སྐྱོང་སྤེལ་བའི་སྐྱབས་མགོན་རྒྱལ་གྱུར་ཅིག །
༡༽ ཕྱག་རྫོགས་དབུ་གསུམ་ནི་ཉམས་ལེན་བྱེད་ཚུལ་ལ་མི་འདྲ་བ་མ་གཏོགས་དོན་གྱི་འབབ་ས་གཅིག་ལས་གཞན་དུ་མེད་ཚུལ་གསུང་པ་ལ་བརྟགས་ན་ཁྱེད་ཀྱིས་ཕྱག་རྫོགས་དབུ་གསུམ་ལྟ་བ་གཅིག་ཡིན་པར་འདོད་ཀྱི་ཡོད་དམ་སྙམ། གལ་སྲིད་དེ་གསུམ་ལྟ་བ་གཅིག་ཡིན་ན། སྣང་བའི་ཆོས་རྣམས་སོ་སོ་རྟོགས་པའི་ཤེས་རབ་ཀྱིས་བརྟག་ཅིང་དཔྱད་པའི་ཚེ་ན་རྙེད་དུ་མེད་པ་རང་བཞིན་གྱིས་གྲུབ་པས་སྟོང་པ་མེད་དགའ་དེ་དབུ་མ་ཐལ་འགྱུར་བའི་ལྟ་བ་མཐར་ཐུག་ཡིན་པ་ཡོངས་གྲགས་ཡིན།
དེ་དང་རྫོགས་པ་ཆེན་པོའི་ལྟ་བ་གཞི་རང་འབྱུང་གི་ཡེ་ཤེས་ཡེ་གདོད་མ་ནས་མ་བཙལ་ལྷུན་གྱིས་གྲུབ་པའི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་བདག་ཉིད་འོད་གསལ་བའི་སྙིང་པོ་རང་རིག་ཡེ་ཤེས་ཀྱི་སྤྱོད་ཡུལ་ཁོ་ན་ལས་སྒྲ་དང་རྟོག་པའི་ཡུལ་ལས་འདས་པའི་རང་གསལ་ཆེན་པོ་གཉིས་གཅིག་ཚུལ་ཇི་ལྟར་ཡིན།
༢༽ སྟོང་ཉིད་རྟོགས་ན་སྙིང་རྗེ་རང་ཤུགས་ཀྱིས་འབྱུང་བར་གསུངས་འདུག་པས་དེ་ལྟར་ཡིན་ན། ཐོག་མར་སྟོང་ཉིད་རྟོགས་ཐབས་ལ་འབད་པ་ལྷུར་ལེན་པ་ལས་ཆེད་དུ་གཉེར་ནས་སྙིང་རྗེ་དང་ཐོག་དགོས་པའི་རྒྱུ་མཚན་གང་ཡིན།
༣༽ རྫོགས་ཆེན་གྱི་སྐད་དོད་ལེགས་སྦྱར་སྐད་ལ་མ་ཧཱ་སནྡྷི་ཞེས་པ་རྙིང་མའི་གཏེར་ཆོས་རྣམས་སུ་བཤད་ཡོད་ནའང་དེའི་རྒྱབ་ལྗོངས་རྒྱ་གཞུང་རྣམས་ལས་མ་ཧཱ་སནྡྷི་ཞེས་པ་མཐོང་རྒྱུ་ཡོད་དམ་མེད། དེ་ལས་གཞན་པའི་རྫོགས་པ་ཆེན་པོའི་ཐུན་མོང་མ་ཡིན་པའི་བརྡ་ཆད་རང་འབྱུང་ཡེ་ཤེས་དང་། རང་རིག་ཡེ་ཤེས། ཐིག་ལེ་ཉག་གཅིག ཡེ་སངས་རྒྱས་པ། འཇའ་ལུས་འོད་སྐུ་སོགས་ཀྱི་སྐད་དོད་ལེགས་སྦྱར་སྐད་དུ་གང་ཟེར་གྱི་ཡོད་དམ་ཞེས་ཞུ་འདོད་བྱུང་།
སློབ་དཔོན་འཇིག་མེད་བློ་གྲོས་རྒྱལ་མཚན་མཆོག་ལ་བཀའ་འདྲི་འགའ་ཤས་ཞུས་པ་དེའི་བཀའ་ལན་ཐུགས་བགྱེས་པ་ཆེན་པོའི་ངང་ནས་གནང་བ་མཁྱེན་མཁྱེན་ཞེས་ཞུ་གི་ཡོད།
འདིའི་ཞོར་དུ་རྗེ་ཙོང་ཁ་པས་རྫོགས་ཆེན་ལ་དགག་པ་མཛད་པའི་ཚུལ་དེ་ཡང་བསམ་དགོས་པར་འདུག དེས་རྫོགས་ཆེན་གྱི་ལྟ་བ་ལ་སྐྱོན་མང་དུ་བཤད་འདུག་པས། ཁྱེད་རྣམས་ཀྱིས་བཤད་པའི་རྫོགས་ཆེན་གྱི་ལྟ་བ་དེ་དོན་ལ་རྫོགས་ཆེན་གྱི་ལྟ་བ་ཡིན་མིན་ཡང་ཤེས་ཐུབ་པ་ཡང་ཤིན་ཏུ་ཕན་པར་མ྇ཐོང་། ཟེར་སྲོལ་ལ། དེང་སང་རྙིང་མའི་རྫོགས་ཆེན་དགེ་ལུགས་པའི་དབུ་མ་ལ་འདྲེས་ཚར་བ་རེད་ཟེར་བ་ཞིག་ཀྱང་གོ་རྒྱུ་འདུག རྙིང་མའི་བླ་མ་འགའ་རེའི་འཆད་སྟངས་ལ་བལྟས་ན་དེ་ཡང་མི་བདེན་རྒྱུ་ཆེར་མི་འདུག་སྙམ་པ་ཞིག་ཡོང་གི་འདུག
ཡུལ་གྱི་མདོ་ལས་སྟོང་ཉིད་བཅུ་དྲུག་བསྟན་པ་སྟོང་གཞིའི་ཆ་ནས་ཡིན་པ་དང་། དེ་ཡང་སྟོང་གཞི་གང་ལ་བྱ་དགོས་པ་ནི་གང་ལ་བདག་ཏུ་འཛིན་པའི་གཞི་དེ་ཉིད་ལ་སྟོང་བ་ཉིད་ཀྱི་སྟོང་གཞི་ལ་བྱ་དགོས་ཏེ། དཔེར་ན་སྟོང་བ་ཉིད་སྟོང་བ་ཉིད་ཅེས་ཟློས་བའི་དོན་དུ་གསུངས་པ་ལྟ་བུ་སྔ་མ་སྟོང་གཞི་དང་ཕྱི་མ་དེའི་སྟེང་གི་ཆོས་ཉིད་དུ་འཇོག་དགོས་ཏེ། སྟོང་ཉིད་བདེན་པར་འཛིན་པ་ལ་སྟོང་ཉིད་བདེན་མེད་དུ་བསྟན་དགོས་པས་སོ། །དེ་ལྟར་མིན་ན་རྗེ་དགེ་འདུན་གྲུབ་པས། འདྲེ་ཤར་སྒོའི་ཕྱོགས་སུ་གནས་པ་ལ།།ཀླུད་ནུབ་སྒོར་གཏོང་བ་དོན་རེ་ཆུང་།།ཞེས་པ་ལྟར་འགྱུར་ངེས་རེད། ཆོས་རྣམས་རང་གི་མཚན་ཉིད་ཀྱིས་ཡོད་པར་འཛིན་པའི་ཡོད་ལྟ་དང་རྒྱུ་འབྲས་ལ་སོགས་པ་མི་རུང་བར་མཐོང་བའི་མེད་ལྟ་གཉིས་ཇི་སྲིད་མི་འདོར་བ་དེ་སྲིད་དུ་འཁོར་བ་ལས་མི་གྲོལ་བར་གསུངས་སྟེ། རིགས་པ་དྲུག་ཅུ་བ་ལས། ཡོད་པས་རྣམ་པར་མི་གྲོལ་ཏེ།།མེད་པས་སྲིད་པ་འདི་ལས་མིན།།ཞེས་གསུངས་སོ།།
དགེ་ལྡན་མཁས་གྲུབ་མང་པོས་རྫོགས་ཆེན་ལ་ཐུགས་གཙིགས་ཆེན་པོ་གནང་སྟེ། རྗེ་རིན་པོ་ཆེའི་ཞུ་ལན་སྨན་མཆོག་བདུད་རྩིའི་ཕྲེང་བ། རྒྱལ་དབང་ལྔ་པའི་རྫོགས་པ་ཆེན་པོའི་ཁྲིད་ཡིག་རིག་འཛིན་ཞལ་ལུང་། ཨ་ལ་ཤ་ངག་དབང་བསྟན་དར་གྱི་ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་ལེའུ་༡༡པ་དང་༡༢པའི་འགྲེལ་བ། བྲག་དཀར་སྤྲུལ་སྐུའི་འོད་གསལ་རྫོགས་པ་ཆེན་པོའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཀུན་ཏུ་བཟང་པོའི་ཐུགས་བཅུད།ཨ་མདོ་དགེ་བཤེས་འཇམ་དཔལ་རོལ་བའི་བློ་གྲོས་ཀྱི་རྫོགས་པ་ཆེན་པོ་འཇམ་དཔལ་ཐུགས་ཏིག དར་གྱི་སྙན་མོ་རིའི་སྤྲུལ་སྐུ་གསུང་རབ་ཀྱི་རྫོགས་སྐོར་སོགས་སྔ་འགྱུར་རིག་པ་འཛིན་པ་དག་གི་གསུང་དང་གཉིས་མེད་པར་བཞུགས་པ་འདི་དག་གིས་གསལ་པོར་མཚོན་ནུས་ལ་ད་ལྟ་ཡང་གོ་ལ་ཧྲིལ་པོར་རྒྱལ་བསྟན་རིན་པོ་ཆེའི་སྣང་བས་ཁྱབ་པར་མཛད་མཁན་༧གོང་ས་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་པ་གང་ཉིད་ཀྱང་རྫོགས་ཆེན་ཉམས་ལེན་གནང་མཁན་ཡིན་པ་ཡོངས་སུ་གྲགས་པ་དེ་རེད།
ཨོ་རྒྱན་མཁའ་འགྲོའི་གླིང་ནས་གདན་དྲངས་པའི་གསང་སྔགས་འགའ་ཞིག་རྒྱ་གར་དུ་ཡང་མ་དར་བས་རྒྱ་སྐད་དུ་མེད་པས་ན། བོད་འགྱུར་ཡིན་ཚད་རྒྱ་གར་སྐད་ཀྱི་སྐད་དོད་གཅིག་གཅིག་གཉིས་གཉིས་ཡོད་དགོས་པའི་ངེས་པ་མེད་ཀྱང་། དོན་ཐོབ་ཀྱི་ཆ་འདྲ་བ་ཞིག་ངེས་པར་དུ་ཡང་ཚང་དགོས་ཏེ། སྔགས་བླ་མེད་ཡིན་པ་གཅིག་མཚུངས་ཡིན་པའི་ཕྱིར་རོ། ཞེས་ན་མི་ཐད་པ་མེད་སྙམ།
རྫོགས་པ་ཆེན་པོ་ལ་བག་ཆགས་ཀྱི་དྲི་ཙམ་ཞིག་ཆགས་སམ་སྙམ་སློབ་དཔོན་བློ་རྒྱ་མཆོག་དང་། དྲྭ་གྲོགས་བློ་གསལ་དོན་གཉེར་དོན་གཉེར་རྣམས་ཀྱི་བྲིས་མཛད་པ་དག་གཡམ་ལ་རྒྱུགས་པ་ལྟ་བུ་ཞིག་གིས་བཀླགས་པ་སྐལ་བ་བཟང་། རིག་པ་བརྟུལ་བས་ཇི་ལྟ་བཞིན་སེམས་ལ་འཆར་དཀའ། སྟོང་ཉིད་ཅེས་པ་མ་ཡིན་དགག་ཡིན་ནམ། མེད་དགག་ཡིན་ཞེས་རྒྱ་གར་དང་བོད་ཀྱི་མཁས་པ་རྣམས་བགྲོ་གླེང་མཛད་པར་རྒྱ་གར་པ་གྲེས་པོ་མཁས་པ་ཞིག་གིས་སྟོང་ཉིད་ལ་མ་ཡིན་དགག་ཀྱང་འོང་དགོས་ཞེས་བཤད་པར་ཁུ་ནུ་པ་བོད་ཀྱི་མཁས་པ་སེམས་དཔའ་རྡོ་རྗེས་སྟོང་ཉིད་ཅེས་པ་མེད་དགག་ཡིན་དགོས་པ་གསུངས་པ་དྲན། གང་ལྟར་ཡང་། བཏགས་དོན་བཙལ་ན་ཅི་ཡང་མ་རྙེད་པའི་ཆ་དེ་དོན་དམ་ཞེས་པ་གྲུབ་སྨྲ་བ་དེ་ལ་གཞན་གྱིས་དེ་ལྟར་ན། དེ་ལྟར་འཛིན་མཁན་དེ། མེད་མཐར་ལྷུང་ངོ་། ཞེས་རྩོད་པ་བཀོད། སློབ་དཔོན་ཞི་བ་འཚོས་རང་རྒྱུད་ཀྱི་རིགས་པ་གཅིག་དང་དུ་བྲལ་གྱིས་རང་སྡེ་དང་གཞན་སྡེས་བཏགས་པ་ཐམས་ཅད་རང་བཞིན་གྱིས་གྲུབ་མེད་པ་དེ་ལ་རྣམ་གྲངས་པའི་དོན་དམ་བདེན་པ་ཡིན་གསུངས། འོན་ཀྱང་ཞིབ་པར་རྟོགས་པ་ལ་བློ་རྣོ་བ་ཞིག་གིས་རྒྱལ་བའི་གསུང་རབ་ལ་ཐོས་བསམ་སྒོམ་ཡུན་རིང་དུ་བྱས་དགོས་པས་བདག་ལྟ་བུས་ག་ལ་ནུས། འོན་ཀྱང་དགོངས་པ་ལོན་པ་ཞེས་པའི་དགོངས་དང་། དུས་ཀྱི་དགོངས་ལ་དིང་སང་གིས་བོད་ཀྱི་མཁས་པ་འགས་ཡང་འཇུག་ས་མེད་པར་འབྲི་པོ་དག་གིས་རྒྱལ་བའི་དགོངས་པ་ཞེས་པའི་ཚིག་འབྱུང་སྟངས་ལོ་རྒྱུས་ལ་བཞེད་པ་གཏང་དགོས་པ་འདུག་ཅེས་མང་དུ་བྲིས་ཀྱང་སླར་འབྲི་་བ་ལ་དཀའ་པོ་ཆེ་ལ་ནན་ཏན་དང་། དམ་པའི་ཆོས་ལ་བརྒྱ་རྩ་འདོན་དགོས་པ་ལྟར་དང་། སློབ་དཔོན་གྱིས་མངའ་རིས་ཀྱི་པཎ་ཆེན་ལ་མངའ་རིའི་པཎ་ཆེན་ཞེས་བྲིས་པ་ནི་ཁོང་ཙམ་མ་ཡིན་པར་གནའ་བོའི་འདོན་ཚུལ་ཉམས་པ་ཚང་མས་བྱེད། དེས་ན་ཡི་གེ་དག་པར་འབྱུང་བ་ལ་སྦྱོར་ཀློག་དེ་བྱིས་པ་རྣམས་ལ་ལོ་ངོ་བདུན་བརྒྱ་ཙམ་སྔོན་དུ། ས་སྐྱ་རྗེ་བཙུན་བསོད་ནམས་རྩེ་མོས་གསུངས་པ་བཞིན་དུ་སློབ་དགོས་པར་མཐོང་། བདག་གིས་ཨ་རི་བོད་རིག་གཞུང་སྐད་སློབ་གཉེར་པ་དག་ལ་དེ་ལྟར་སློབ་པས་ཡི་གེ་དག་པར་ཕན་པ་འདུག་ཅེས་སྤྲོ་བ་ཆེར་བྱེད་པ་དང་། དཔེ་ཆ་བློ་ལ་ཡོད་པ་ཞིག་གིས་འདྲ་བཤུས་བྱེད་དགོས་པར་དཔེ་ཆ་མ་རག་པར་བློ་ལ་ཡོད་པ་གནའ་བོའི་ཀློག་ཚུལ་གྱིས་བྲིས་པས་དག་པོ་བྱུང་བ་དེ་ངོམ་སོ་བྱེད་་བཞིན་བཤད་དོ།། ཡིག་ནོར་དག་ལ་ཞུས་དག་མཛོད།
སློབ་དཔོན་འཇིགས་མེད་བློ་གྲོས་རྒྱལ་མཚན་ལ་ཕྱག་འཚལ་ཞིང་སྐྱབ་སུ་མཆི་འོ།
ཐེག་ཆེན་སོ་སྐྱེ་དང་འཕགས་པ་ཕུང་གསུམ་པའི་གཞི་མཐུན་གྱི་ལགས།
ངས་ནི་ཐེག་ཆེན་པ་ཡིན་ན་ས་བརྒྱད་པ་བ་ཡིན་དགོས་པའི་ཁྱབ་པ་ཁས་བླང་མེད་ཀྱང་དེ་ལྟར་འབྲི་དགོས་
དོན་ནི། སྐུུ་ཉིད་ཀྱིས་དྲཱ་ཐོག་ཏུ་ཀླན་ཀ་སློང་བ་་ཙམ་ལས་དུས་ཐོག་ཏུ་ལན་འདེབས་མ་གནང་སྟབས་རྒྱལ་བ་རྣམས་
ཀྱིས་འགོག་ལས་མ་སླང་ན་དྲཱ་ཐོག་འདིར་སླར་ཡང་འཕེབས་ཐུབ་ཀྱི་མེད་པ་འདྲ་ཞེས་པ་དང་དཔེ་དོན་རྟེན་
འབྲེལ་བཟང་པོ་ཞིག་སྦྱར་བ་ཡིན་པས། ད་གཟོད་གཞི་ནས་འདིར་གདན་འདྲེན་ཞུ་ཐུབ་ཙམ་བྱུང་བ་ཡིན་ཅིང་།
ངའི་དགོས་དོན་ཡང་ཅུང་ཟད་འགྲུབ་པ་ཡིན་ལ་རང་གཞན་རོགས་གསུམ་པོ་ཀུན་ལ་ཕན་འབྲས་ཀྱང་ཐོན་པར་སྲིད་ཅིང་ཐུགས་རྒྱལ་ཡང་འཇོམས་སྲིད་དོ་སྙམ་མོ།
དེ་མིན་དེ་དང་མཚུངས་པའི་དཔེ་མང་པོ་ཡོད་ཀྱང་འདིར་མ་བཀོད་པའི་རྒྱུ་མཚན་དག་མཁྱེན་པར་འཚལ་ལོ་
རངབཞིན་ལྷུན་གྲུབ་ཀྱི་སེམས་དཔའ་ཆེན་པོ་ལགས།
ཀ་རྡོ་རབ་འབྱམས་པ་ལེགས། ཕྱག་རྒྱ་ཆེན་པོ་་དང་། རྫོགས་པ་ཆེན་གྱི་སྐད་དོད་ལེགས་སྦྱར་དུ་ངེས་པར་དུ་ཡོད་ཀྱང་། ད་ལྟ་བོད་དུ་དབུ་མའི་ལྟ་བ་རྐྱང་པའམ་སྙིང་རྗེ་ཆེན་པོ་དང་འབྲེལ་པའི་དབུ་མའི་ལྟ་བ་ལ་མིང་འདོགས་ཚུལ་དེ་ཉིད་ད་ལྟའི་སྐབས་སུ་རྒྱ་གར་ལེགས་སྦྱར་སྐད་དུ་ཡོད་པའི་བསྟན་བཅོས་རྣམས་སུ་མི་གསལ་བས། གཅིག་ན་ཉིད་ཀྱི་གསུངས་པ་དེ་བརྟག་དཔྱད་ཀྱིས་འཚོལ་གཞིགས་ཀྱི་གཞིར་གྱུར་པ་ལགས་སོ།།
སྔགས་སྡོམ་སྲུང་མི་ནུས་པ་ལ་དཀྱིལ་འཁོར་ངོ་སྟོན་ཙམ་ལས་དབང་གོང་མ་བསྐུར་མི་རུང་བར་གསུངས་པ་དང་། ད་ལྟ་བླ་མ་དག་གིས་དབང་བཞི་རྫོགས་པ་བསྐུར་བ་གཉིས་མི་འགལ་ལུགས་གང་ཡིན། རྒྱུད་སྡེ་བཞི་འཇོག་ཚུལ་ལ་མཁས་པ་ཁ་ཅིག་གིས། དུས་འཁོར་གྱི་ཞལ་བཞི་ལས་རྒྱུད་སྡེ་བཞི་གསུངས་པར་བཤད་པ་དང་། ཡང་གྲུབ་ཆེན་ནག་པོ་སྤྱོད་པས་གསང་བའི་དེ་ཁོ་ན་ཉིད་གསལ་བར། དུས་ནི་རྣམ་བཞིའི་དབྱེ་བ་ལས།།རྒྱུད་ནི་རྣམ་པ་བཞིར་འགྱུར་ཏེ།། ཞེས་དུས་བཞི་དང་སྦྱར་ནས་གསུངས་པ་དང་། ཡང་སློབ་དཔོན་ཨ་ལང་ཀ་་ཀ་ལ་ཤས་རྡོ་རྗེའི་ཕྲེང་བའི་འགྲེལ་བར། མི་རིགས་བཞིའི་སྒོ་ནས་རྒྱུད་སྡེ་བཞིར་འཇོག་པར་བཞེད་དེ། བྲམ་ཟེའི་རིགས་ལ་བྱ་རྒྱུད་དང་། རྗེའི་རིགས་ལ་སྤྱོད་རྒྱུད། རྒྱལ་རིགས་ལ་རྣལ་འབྱོར་རྒྱུད། དམངས་རིགས་སམ་གདོལ་བའི་རིགས་ལ་བླ་མེད་ཀྱི་རྒྱུད་གསུངས་པའི་སྒོ་ནས་རྒྱུད་སྡེ་བཞིར་འཇོག་པར་ཡང་བཞེད།
རྗེ་བཙུན་བསོད་ནམས་རྩེ་མོས། འདོད་ཆགས་ཅན་དབང་ཕྱུག་གི་རྗེས་སུ་འབྲངས་ནས་འདོད་པ་ཆོས་སུ་སྨྲ་བ་བླ་མེད་དང་། ཞེ་སྡང་ཅན་ཁྱབ་འཇུག་གི་རྗེས་སུ་འབྲངས་ནས་འཚེ་བ་ཆོས་སུ་སྨྲ་བ་འདུལ་ཕྱིར་མངོན་སྤྱོད་སྟོན་པའི་སྤྱོད་རྒྱུད་དང་། གཏི་མིག་ཅན་ཚངས་བའི་རྗེས་སུ་འབྲངས་ནས་གཙང་སྤྲ་ཆོས་སུ་སྨྲ་བ་འདུལ་ཕྱིར་བྱ་རྒྱུད་དང་། རིགས་མ་ངེས་བ་དེ་གསུམ་ཅི་རིགས་དང་ཕྲད་ན་དེའི་རྗེས་སུ་འབྲངས་ཏེ་གྲུབ་མཐའ་སྨྲ་བར་བྱེད་པའི་རིགསབཞི་རྗེས་སུ་བཟུང་བའི་ཕྱིར་དུ་རྣལ་འབྱོར་རྒྱུད་རྣམས་བསྟན་པས། དེ་ལྟར་ཡང་དེ་ཉིད་བསྡུས་པའི་རྗེས་སུ་འབྲངས་ནས་སློབ་དཔོན་ཀུན་སྙིང་དང་རབ་འབྱོར་སྐྱོང་གིས་གསུངས་པའི་ཕྱིར་ཞེས་བཞེད་དོ། །
ཡང་རྒྱལ་བ་ཀློང་ཆེན་པས། སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་བཞི་དང་སྒོ་བསྟུན། ལྷའི་སྐྱེད་ཆོག་མི་འདྲ་བ་བཞིའི་སྒོ་ནས་དེ་ལྟར་འཇོག་པའི་ཕྱིར།དེ་ལྟར་འཇོག་པ་ཡང་ཡིན་ཏེ། ཉན་ཐོས་གནས་མ་བུ་བའི་སྡེ་བ་དང་། ཤར་ཕྱོགས་པའི་བྱེ་བྲག་ཏུ་སྨྲ་བའི་གྲུབ་མཐའ་སྨྲ་བ་དང་སྒོ་བསྟུན་ནས་རང་ཉིད་དམ་ཚིག་པར་མི་བསྐྱེད་པར་ཁྲུས་དང་གཙང་སྤྲ་སོགས་གཙོ་བོར་བྱས་ཏེ། མདུན་དུ་ལྷ་ཡེ་ཤེས་པ་སྤྱན་དྲངས་ནས། རྗེ་ཁོལ་ལྟ་བུའི་མཆོད་བསྟོད་བཟླས་པ་སོགས་བྱས་པའི་སྒོ་ནས་དངོས་གྲུབ་ལེན་པ་བྱ་བའི་རྒྱུད་དང་། མདོ་སྡེ་བ་དང་ཁ་ཆེའི་བྱེ་བྲག་སྨྲ་བའི་གྲུབ་མཐའ་སྨྲ་བ་དང་སྒོ་བསྟུན་ནས་རང་ཉིད་དམ་ཚིག་པར་བསྐྱེད། ཡེ་ཤེས་པ་དགུག་གཞུག་མི་བྱེད་པར་མདུན་དུ་ལྷ་ཡེ་ཤེས་པ་སྤྱན་དྲངས་ནས་གྲོགས་པོ་ལྟ་བུའི་མཆོད་བསྟོད་བཟླས་པ་བྱས་པའི་སྒོ་ནས་དངོས་གྲུབ་ལེན་པ་སྤྱོད་པའི་རྒྱུད་དང་།འཕགས་པ་རང་སངས་རྒྱས་ཀྱི་གྲུབ་མཐའ་སྨྲ་བ་དང་སྒོ་བསྟུན་ནས་རང་ཉིད་དམ་ཚིག་པར་བསྐྱེད། ཡེ་ཤེས་པ་དགུག་གཞུག་མཆོད་བསྟོད་བཟླས་པ་སོགས་བྱས། མཐར་ཡེ་ཤེས་པ་གཤེགས་གསོལ་བྱེད་པ་རྣལ་འབྱོར་རྒྱུད་དང་། རང་ཉིད་དམ་ཚིག་པར་བསྐྱེད་ཡེ་ཤེས་པ་དགུག་གཞུག་མཆོད་བསྟོད་བཟླས་པ་སོགས་བྱས། མཐར་ཡེ་ཤེས་པ་གཤེགས་གསོལ་མི་བྱེད་པ་རྣལ་འབྱོར་བླ་མེད་ཀྱི་རྒྱུད་དུ་གསུངས་པའི་ཕྱིར་ཏེ། དེ་ལྟར་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལས་ཀྱང་བཤད། མགོན་པོ་ཀླུ་སྒྲུབ་དང་སློབ་དཔོན་ཡེ་ཤེས་ཞབས་སོགས་ཀྱིས་ཀྱང་བཞེད་པའི་ཕྱིར། ཞེས་གསུངས།
རྗེ་ཙོང་ཁ་བ་ཆེན་པོས་རྒྱུད་སྡེ་བཞིའི་སྒོ་ནས་འཇུག་སྒོ་མི་འདྲ་བ་བཞིར་འཇོག་པའི་རྒྱུ་མཚན་ཡོད་དེ། རྡོ་རྗེ་ཐེག་པ་ལ་འཇུག་པའི་གདུལ་བྱའི་གཙོ་བོ་ལ་རིགས་བཞིར་འཇོག་པའི་རྒྱུ་མཚན་གྱིས་རྒྱུད་སྡེ་བཞི་འཇོག་པར་གསུངས་པའི་རྒྱུ་མཚན་ནི། སམ་བྷུ་ཊ་ལས། རྒོད་དང་ལྟ་དང་ལག་བཅངས་དང་།།གཉིས་གཉིས་འཁྱུད་དང་རྣམ་པ་བཞི།།སྲིན་བུའི་ཚུལ་ གྱི་རྒྱུད་བཞིར་གནས།།ཞེས་པ་ལྟར་འདོད་ཡོན་ལ་ཆགས་པ་ལམ་དུ་བྱེད་ཚུལ་མི་འདྲ་བ་བཞི་ཡོད་པ་དང་། དེ་ལྟར་ལམ་དུ་བྱེད་པའི་ལམ་སྟོང་ཉིད་རྟོགས་པའི་ཤེས་རབ་དང་། ལྷའི་རྣལ་འབྱོར་ཟུང་དུ་འབྲེལ་བའི་རྣལ་འབྱོར་གོང་ནང་གོང་དུ་སྐྱེད་པའི་མཆོག་དམན་གྱི་ནུས་པ་ལ་རིགས་མི་འདྲ་བ་བཞི་ཡོད་པའི་རྒྱུ་མཚན་གྱིས་དེ་ལྟར་འཇོག་པའི་ཕྱིར། །
རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་ནི། སློབ་དཔོན་ཁྱད་པར་གསུམ་དང་ལྡན་ཞིང་ཕྱི་ནང་གི་དེ་ཉིད་བཅུ་ལ་མཁས་པ། བླ་མ་ལྔ་བཅུ་བ་ལས་གསུངས་པའི་མཚན་ཉིད་ཚང་བ་ཞིག་དགོས། ཁྱད་པར་གསུམ་ནི། བརྒྱུད་པ་དམ་པ་བར་མ་ཆད་པ་ལས་དབང་ལེགས་པར་ཐོབ་པ། བསྙེན་པ་ལས་རུང་གྲུབ་ཅིང་ལྷས་མ་བཀག་པ། དབང་བསྐུར་གྱི་ཆོ་ག་ལ་མཁས་པ་གསུམ་མོ། །བསྙེན་པ་ལ། མཚན་མའི་བསྙེན་པ། གྲངས་ཀྱི་བསྙེན་པ། དུས་ཀྱི་བསྙེན་པ་གསུམ་ལས། འདིར་ནི་ལྷས་གནང་བའི་མཚན་མ་བྱུང་བའམ་གྲངས་རྫོགས་པ་གང་རུང་ངོ་།
༼ཕྱི་ནང་གི་དེ་ཉིད་བཅུ་ནི༽ བླ་མ་ལྔ་བཅུ་བའི་འགྲེལ་བ་ལས་གསུངས་པ་གཞིར་བཞག་སྟེ་བཀོད་ན། ཕྱིའི་དེ་ཉིད་བཅུ་ནི། རྡོ་རྗེ་སྙིང་པོ་རྒྱན་གྱི་ལེའུ་ཐ་མ་ལས། དཀྱིལ་འཁོར་ཏིང་འཛིན་ཕྱག་རྒྱ་དང་།།སྟངས་སྟབས་འདུག་སྟངས་བཟླས་བརྗོད་དང་།།སྦྱིན་སྲེག་མཆོད་པ་ལས་སྦྱོར་དང་།།སླར་སྡུད་པ་ཡི་རྣམ་པ་ནི།།ཕྱི་ཡི་དེ་ཉིད་བཅུ་ཡིན་ནོ།།ཞེས་པ་ལྟ་ཕྱི་ནང་གི་དཀྱིལ་འཁོར། དང་སྦྱོར་ལ་སོགས་པའི་ཏིང་ངེ་འཛིན། ལྷ་ལ་རྒྱས་འདེབས་སོགས་ཀྱི་ཕྱག་རྒྱ། གཡས་བརྐྱངས་སོགས་ཀྱི་སྟངས་སྟབས། སྐྱིལ་ཀྲུང་སོགས་ཀྱི་འདུག་སྟངས། སྙིང་པོ་སོགས་ཀྱི་བཟླས་བརྗོད། ཞི་རྒྱས་སོགས་ཀྱི་སྦྱིན་སྲེག ཉེར་སྤྱོད་སོགས་ཀྱི་མཆོད་པ། སྲུང་བ་སོགས་ཀྱི་ལས་སྦྱོར། ཉེར་སྡུད་སོགས་ཀྱི་སླར་སྡུད་དོ། །ནང་གི་དེ་ཉིད་བཅུ་ནི། ཕྱིར་བཟློག་གཉིས་ཀྱི་ཆོ་ག་དང་།།གསང་དང་ཤེས་རབ་ཡེ་ཤེས་དང་།།ཁ་སྦྱོར་དབྱེ་བའི་ཆོ་ག་དང་།།གཏོར་མ་རྡོ་རྗེའི་བཟླས་པ་དང་།།དྲུག་ཤུལ་སྒྲུབ་པའི་ཆོ་ག་དང་།།རབ་ཏུ་གནས་དང་དཀྱིལ་འཁོར་སྒྲུབ།།གསང་བའི་དེ་ཉིད་བཅུ་ཡིན་ནོ།།ཞེས་པ་ལྟར་ཕྱིར་ཟློག་གཉིས་ཀྱི་དང་པོ་ཁྲོ་བཅུ་སོགས་བསྒོམས་ནས་བགེགས་སོགས་ཕྱིར་ཟློག་པ། གཉིས་པ་སྲུང་འཁོར་སོགས་བཏགས་ནས་བགེགས་སོགས་ཕྱིར་ཟློག་པ། གསང་དབང་དང་ཤེར་དབང་། བུམ་པ་དང་ཚིག་གི་དབང་། ཞིང་བཅུའི་དགྲ་བོ་སྲུང་མ་དང་ཕྲལ་བའི་ཁ་སྦྱོར་དབྱེ་བ། ཕྱོགས་སྐྱོང་སོགས་འདས་མ་འདས་ཀྱི་གཏོར་མའི་ཆོ་ག། རླུང་དང་སྔགས་གདངས་དབྱེར་མེད་ཀྱི་རྡོ་རྗེའི་བཟླས་པ། ལྷ་ལ་ཕུར་འདེབས་སོགས་ཀྱི་སྤོག་ཆོག་གམ་དྲག་ཤུལ་སྒྲུབ་པའི་ཆོ་ག། ལྷ་ལ་དབང་བསྐུར་བ་སོགས་ཀྱི་རབ་གནས། མདུན་བསྐྱེད་སོགས་ཀྱི་དཀྱིལ་འཁོར་སྒྲུབ་པ་བཅུའོ། །ཡང་ན་དེ་ཁོ་ཉིད་བཅུ་བ་ལས་གསུངས་པ་ལྟར་དབང་བཞི་གཅིག་ཏུ་བགྲང་ནས་ཁ་སྦྱོར་དང་དབྱེ་བ་སོ་སོར་བྱས་ན་རུང་བར་སེམས།
དྲ་གྲོགས་རྣམ་པས་གཤམ་གསལ་དྲི་བ་ཁག་ལ་ལན་བསྐྱོན་རོགས།
༡ བྱ་རྒྱུད་ལ་ཕྱིའི་བྱ་བ་གཙང་སྤྲ་གལ་ཆེ་བ་དང་སྤྱན་འདྲེན་གྱི་མཆོད་པ་ལ་བའི་གཅིན་འབྲས་དང་ཁུག་གི་མཆོད་ཡོན་གསུངས་པ་མི་འགལ་ཚུལ་གང་ཡིན། ༢ དུས་འཁོར་གྱི་དབང་རྡུལ་ཚོན་ལ་བརྟེན་ནས་ངེས་ཅན་བསྐུར་དགོས་པར་གསུངས་པ་དང་ཕྱིས་སུ་དམ་པ་འགས་རས་བྲིས་ལ་བརྟེན་ནས་བསྐུར་བ་གཉིས་མི་འགལ་ལུགས་གང་ཡིན། ༣ རྒྱུད་སྡེ་བཞི་གང་དང་གང་གི་དབང་ཚེ་སྔོན་མར་ཐོབ་པས་རྒྱུད་དེ་དང་དེའི་ཐོབ་པའི་གོ་ཨེ་ཆོད། མི་ཆོད་ན་སྔགས་ལམ་མཐོན་པོར་གནས་པའི་གང་ཟག་སྐྱེས་མ་ཐག་པ་དེ་དབང་མ་ཐོབ་པའི་སྔགས་པར་ཨེ་འཇོག ། ༤ བདག་ཅག་གི་སྟོན་པ་སྐུ་ཚེ་འདིར་དབང་འོག་མ་ཐོབ་པའི་གང་ཟག་ཡིན་ནམ་མིན།
གོང་དུ་དྲ་གྲོགས་གཅིག་གིས་རྫོགས་ཆེན་དེ་ཨུ་རྒྱན་ཡུལ་ནས་ཐད་ཀར་གདན་འདྲེན་ཞུས་པའི་ཆོས་ཤིག་ལ་སོང་དེར་རྒྱ་གར་གྱི་སྐད་དོད་ངེས་པར་དགོས་པའི་ངེས་པ་མེད་གསུངས་འདུག
དེ་ལྟར་ཡིན་ན། ཨུ་རྒྱན་གྱི་ཡུལ་དེ་ག་པར་ངོས་འཛིན་གནང་གི་ཡོད་དམ། ཨུ་རྒྱན་གྱི་ཡུལ་སྐད་ཐོག་བྲིས་པའི་ནང་པའི་དཔེ་ཆ་ཡོད་དམ། དེ་ཐོས་རྒྱ་ཆེ་རུ་གཏོང་བའི་དགོས་པ་མཁོ་ན་ཡིན་པ་ལས། དོན་མེད་རྩོད་རྙོག་བཟོ་བ་མིན་ལགས།
ང་ཚོས་སློབ་དཔོན་པད་མ་འབྱུང་གནས་ཨུ་རྒྱན་ཡུལ་ལ་ཕེབས་པར་ངོས་འཛིན་གནང་གི་ཡོད་པ་དང་། ཨུ་རྒྱན་ཡུལ་དེ་ག་པར་ཡོད་མེད་གསལ་ཆ་ཨེ་ཡོད།
ཐུགས་རྗེ་ཆེ།
སློབ་བློ་་་་་་རྒྱལ་མཚན་ལགས་ལ་གུས་པས་མངོན་པར་བསྟོད་དོ་། འོན་ཀྱང་ རྫོགས་པ་ཆེན་པོ་དེ་བའི་ཚིག་འགའ་ཞིག་རྒྱ་གར་གྱི་སྐད་ལ་ག་འདྲ་ཟེར་བསྒྱུར་དགོས་རེད་། ཞེས་པ་དེ་ལ་། སློབ་དཔོན་པདྨའི་བོད་ལ་ཁྱད་ཆོས་མཐུན་མོང་མ་ཡིན་པ་བྱས་ནས་གསུང་ཚུལ་དང་མཐའ་ཅིག་དུ་རྒྱ་སྐད་ལ་བསྒྱུར་དགོས་མིན་འམ་ཁུང་བཅོལ་དགོས་མིན་ཞིག་། མ་ཐོས་དང་མ་གོ་བ་འགའ་ཞིག་འདུག་མོད་། དེ་དག་ལ་ལན་ཞིག་སྐྱོན་ཐུབ་ན་དོག་སེལ་ཡོང་བས་རེ་འདུན་ཆེ་། སྤྱི་ལོ་༢༠༡༡ ཟླ་༡༠ ཚེས་༢༦ ཕྱག་ཚོད་༡༢་༣༦ ལ་ཕུལ་།།
དབུ་མའི་གཞུང་ལུགས་བོད་དུ་ཇི་ལྟར་དར་ཚུལ་ནི།
མགོན་པོ་ཞི་བ་ལྷས། ཡན་ལག་འདི་དག་ཐམས་ཅད་ནི།།ཐུབ་པས་ཤེས་རབ་དོན་དུ་གསུངས།།དེ་ཡི་ཕྱིར་ན་སྡུག་བསྔལ་དག།ཞི་བར་འདོད་པས་ཤེས་རབ་བསྐྱེད།། ཅེས་དང་། བཞི་བརྒྱ་བ་ལས། བསོད་ནམས་ཆུང་ངུས་ཆོས་འདི་ལ།།ཐེ་ཚོམ་ཟ་བར་ཡང་མི་འགྱུར།།ཐེ་ཚོམ་ཟོས་པ་ཙམ་གྱིས་ཀྱང་།།སྲིད་པ་ཧྲུལ་པོ་བྱེད་པར་འགྱུར།།ཞེས་གསུངས་པ་ལྟར་སྟོང་བ་ཉིད་ནི་རྟོགས་དཀའ་ཞིང་རྟོགས་ན་དོན་ཆེ་བའི་ཚུལ་འདི་ནི་འཁྲུལ་བ་མེད་པར་སྟོན་པའི་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་རྩ་ཤེའི་དོན་གསལ་བར་མཛད་པ་དབུ་མ་འཇུག་པའི་བསྟན་བཅོས་འདི་ཉིད་འཆད་ཉན་གྱི་གཙོ་བོར་གྱུར་ཏེ།
དེ་ཡང་བླ་མ་རེད་མདའ་བ་དང་བླ་མ་དབུ་སྨྲ་བ། གཙོ་བོ་རྗེ་ཙོང་ཁ་བའི་སྐུ་རིང་ནས་དབུ་མའི་གཞུང་ལུགས་ཀྱི་འཆད་ཉན་དར་སྤེལ་བྱུང་བ་དང་། རྗེའི་རྩ་འཇུག་གི་རྣམ་བཤད་གཉིས་དང་ལྷག་མཐོང་ཆེ་ཆུང་། དྲང་ངེས་ལེགས་བཤད་སྙིང་པོ་བཅས་དེ་ལ་ལྟ་བའི་ལེགས་བཤད་ལྔ་ཟེར་བ་དེ་རེད། དེའི་རྒྱུད་འཛིན་གྱི་མཁས་པ་དག་གིས་གཞུང་འགྲེལ་དང་མཐའ་དཔྱོད་ཀྱི་བསྟན་བཅོས་དུ་མ་བརྩམས་ནས་དབུ་མའི་རིང་ལུགས་གསལ་བར་མཛད་ཅིང་། ལོག་རྟོག་གི་མཐའ་བཀག་ནས་སོམ་ཉིའི་མུན་པ་སེལ་བའི་ཚུལ་ནི། རྒྱལ་དབང་ལྔ་བ་ཆེན་པོས། བསིལ་ལྡན་ཁ་བས་བསྐོར་བའི་ལྗོངས་འདིར་འགྲེལ་བྱེད་གཞན་ལ་མ་ལྟོས་བར། བླ་མ་འཇམ་དཔལ་དབྱངས་ལ་དངོས་སུ་ཆོས་གསན་ཏེ། དངོས་བསྟན་སྟོང་པ་ཉིད་ཀྱི་སྒྲ་དབྱངས་སྲིད་རྩེའི་བར་དུ་སྒྲོགས་པའི་ཆོས་ཀྱི་རྒྱལ་པོ་རྒྱལ་བ་ཙོང་ཁ་བ་ཆེན་པོའི་བཞེད་པ་ལྟར། ཚིག་དོན། སྤྱི་དོན། མཐའ་དཔྱོད་གསུམ་གྱི་སྒོ་ནས་གཏན་ལ་འབེབས་པ་ནི། གཞུང་ལུགས་ཀྱི་ཚུལ་འདི་དག་ལ་ཐོས་བསམ་མ་བྱས་པ་དང་། བྱེད་པར་རློམ་ཡང་མ་ཤེས་པར་མུན་ཁུང་སྐྱབས་སུ་འཛིན་པའི་སྦྱོར་བས་མཐོན་པོའི་ཁྲི་དང་། འཁོར་གཡོག་གི་འདུ་འགོད་ཙམ་ལྷུར་ལེན་པ་ལ་སྙིང་པོ་མེད་པར་མཐོང་ནས། ཡོངས་འཛིན་བླ་མའི་དྲུང་དུ་དཀའ་བ་བརྒྱ་ཕྲག་གི་སྒོ་ནས་སྦྱངས་བའི་དོན་ལེགས་པར་གྲུབ་པོ་སྙམ་པའི་ཡིད་དགའ་བ་དང་བཅས་ཏེ་བརྗོད་པར་བྱའོ།། ཞེས་གསུངས་པ་ལྟར་རོ།།
བོད་འདིར་སྟོང་ཉིད་མེད་དགག་ཏུ་འདོད་པ་དགེ་ལྡན་པ་མ་གཏོགས་ཨེ་ཡོད་བསམ། འཇུ་མི་ཕམ་པས། སྟོང་ཉིད་མེད་དགག་འདོད་པ་དགེ་ལྡན་ལུགས།།གསུངས་པ་ལྟར། འཇུ་མི་ཕམ་པ་ལ་དགེ་ལྡན་པའི་ཕྱོགས་ནས་དགག་ཡིག་མང་དུ་བཏང་ཀྱང་གནད་དུ་ཡོད་པ་མ་གཟིགས་ལ་དགེ་བཤེས་དཔའ་རིས་རབ་གསལ་གྱིས་དོགས་གཅོད་དང་དགག་ལན་བསྲིངས་བར་གནད་དུ་གཟིགས་ནས་དགག་ཡིག་དབུ་ཐོག་ཏུ་བཞག་པའི་ལོ་རྒྱུས་ཡོད་པ་རེད། ཐོགས་རེག་བཀག་ཙམ་གྱི་མེད་དགག་ལ་ནམ་མཁའ་བཞག་པ་ལྟར་སྟོང་ཉིད་ཀྱི་དཔེ་ཡང་ནམ་མཁའ་རེད། མ་སྐྱེས་མ་འགག་ནམ་མཁའི་ངོ་བོ་ཉིད།།ཅེས་པ་ལྟར་རོ།།
འདིར་འཇིགས་མེད་བློ་གྲོས་རྒྱལ་མཚན་གྱི་སྤོབས་པ་མཐའ་ཡས་ཀྱི་ལན་འདེབས་ནི་འདྲེ་ཤར་དུ་གནས་པ་ལ་ཀླུད་ནུབ་སྐོར་གཏོང་ཞེས་པའི་དཔེ་རུ་སོང་འདུག
དྲི་བའི་ལན་མ་བཏབས་པར་གཞན་གཏམ་ཉོག་ལུང་བ་གང་་སྐྱོར་འདུག ཅིག་བྱས་ན་མི་འདི་བ་ཚང་ཡར་མར་ཀུན་ལ་གོ་ལོ་ཐོས་ལོ་རེ་བསགས་ཡོད་ཀྱང་ཞིབ་ཚགས་པོ་གཅིག་ཀྱང་མི་ཤེས་མཁན་གྱི་རིགས་དེ་ཡིན་འདྲ། དེ་ཡང་སྔགས་རྒན་ཚོའི་ཕྱག་སྲོལ་རེ་མིན་པའི་ངེས་པ་མེད་དོ།།
རྒོད་དང་ལྟ་དང་ལག་བཅངས་དང་། །
གཉིས་གཉིས་འཁྱུད་དང་རྣམ་པ་བཞི། །
སྲིན་བུའི་ཚུལ་ གྱི་རྒྱུད་བཞིར་གནས།
གསུངས་པ་འདི་ཉིད་ཤིན་ཏུ་ཐད་ལ། བསྙེན་པ་ལ། བསྙེན་པས་མཚན་མ་མཐོང་ན་དུས་དང་གྲངས་གཉིས་གལ་ཆེ་དོན་མེད།
༡ བྱ་རྒྱུད་ལ་ཕྱིའི་བྱ་བ་གཙང་སྤྲ་གལ་ཆེ་བ་དང་སྤྱན་འདྲེན་གྱི་མཆོད་པ་ལ་བའི་གཅིན་འབྲས་སོགས་ནི། དེ་དུས་བྲམ་ཟེའི་ལུགས་སྲོལ་ལ་གཙང་མར་ངོས་འཛིན་པས་མི་གནོད་སྙམ།
༢ དུས་འཁོར་གྱི་དབང་རྡུལ་ཚོན་ལ་བརྟེན་ནས་ངེས་ཅན་བསྐུར་དགོས་པར་གསུངས་པ་དང་ཕྱིས་སུ་དམ་པ་འགས་རས་བྲིས་ལ་བརྟེན་ནས་བསྐུར་བ་ནི། མེད་པ་ལས་ལྷག་ཙམ་དང་མཐུན་རྐྱེན་མ་འཛོམས་པས།
༣ རྒྱུད་སྡེ་བཞི་གང་དང་གང་གི་དབང་ཚེ་སྔོན་མར་ཐོབ་པས་རྒྱུད་དེ་དང་དེའི་ཐོབ་པའི་གོ་ཨེ་ཆོད། མི་ཆོད་ན་སྔགས་ལམ་མཐོན་པོར་གནས་པའི་གང་ཟག་སྐྱེས་མ་ཐག་པ་དེ་དབང་མ་ཐོབ་པའི་སྔགས་པར་ཨེ་འཇོག ། དབང་མ་ཐོབ་པའི་སྔགས་པར་འཇོག་དགོས་སྟེ། རང་འབྱུང་སྔས་རྒྱས་སློབ་དཔོན་རིན་པོ་རྣམ་ཐར་གྱིས་ཤེས་ཐུབ་སྙམ།
༤ བདག་ཅག་གི་སྟོན་པ་སྐུ་ཚེ་འདིར་དབང་འོག་མ་ཐོབ་པའི་གང་ཟག་ཡིན་ནམ་མིན།
སྔགས་ལུགས་ལ་གཞོན་ནུ་དོན་གྲུབ་རྡོར་གདན་བྱང་ཆུབ་ཤིང་དྲུང་དུ་བཞུགས་དུས་ཕྱོགས་བཅུ་སངས་རྒྱས་རྣམས་ཀྱིས་བསྐུལ་ནས་ཡིད་ལུས་ཀྱིས་དག་ཞིང་དུ་ཕེབས་ནས་ལྷ་ཡི་བུ་མོ་ཐིག་ལེ་མཆོག་སྨན་བཀུག་ནས་དབང་བཞི་ཡོངས་སུ་རྫོགས་པ་བསྐུར་ནས་མཐར་སྔགས་ལུགས་ཀྱི་སངས་རྒྱས་ཡོད་པ་གསུངས་ཡོད། འདིའི་སྐོར་ད་དུང་གསལ་ཙམ་དགོས་ན། ངས་ཕྱིས་སུ་དཔེ་ཆར་བསྐྱར་ལྟ་བྱས་ནས་སྙན་སེང་ཞུ་ཆོག
རྒན་ལ་དྭགས་པ་འཇམ་དཔལ་ལགས་ཀྱིས་གསལ་བཤད་ལ་ཐུགས་རྗེ་ཆེ་ལགས།
ངས་བྱས་ན། སྟོང་ཉིད་མེད་འགག་ཡིན་པ་ལ་རྩོད་པ་མེད། འོན་ཀྱང་བོད་བརྒྱུད་གསང་སྔགས་ཉམས་མྱོང་སྐབས་ལ་གསལ་སྟོང་དབྱེར་མེད་དམ། ངོ་བོ་སྟོང་པའི་སྟེང་ནས་རང་བཞིན་གསལ་བ་མཐོང་བ་ལ་མ་ཡིན་འགག་ཡིན་དགོས་འདུག་སྙམ་ནས་དེ་ལྟར་བརྡ་སྦྱར་བ་མང་ཡང་། དེས་དགག་བྱ་བཀག་ཙམ་གྱིས་སྟོང་ཉིད་དེ་མ་ཡིན་འགག་ཏུ་གྲུབ་མི་ཐུབ་སྟེ། དེ་མིན་ན་ཆོས་ཐམས་ཅད་སངས་རྒྱས་ཀྱི་ངོར་མ་ཡིན་འགག་ཏུ་ཐལ་བའི་སྐྱོན་སོགས་ཡོད།
བདག་རང་རྨོངས་དད་ཆེ་ལ་ཤེས་རྒྱ་ཆུང་བའི་ཨུ་རྒྱན་ཡུལ་གྱི་གནས་ད་ལྟའི་དུས་སུ་གར་ཡོད་ཤོད་དཀའ། ཡང་ངོས་རང་མཁའ་ཁོབ་ཡུལ་དུ་ཡོད་པ་དང་བོད་དཔེ་དཀོན་པས་ཨོ་རྒྱན་ཡུལ་གྱི་སྐད་འདི་ལྟ་བུ་རེད་ཅེས་ཚིག་གྲུབ་གཅིག་ཀྱང་ཞུ་རྒྱུས་དབེན་པས་དགོངས་འགལ་མེད་པ་ཞུ་རྒྱུ་ལགས།
མཁའ་འཁོབ་དེ་མཐའ་ཁོབ་ལ་བཅོས།
སྟོང་ཉིད་རྟོགས་ན་སྙིང་རྗེ་རང་ཤུགས་ཀྱིས་འབྱུང་བ་ནི། དབུ་མའི་བསྟན་བཅོས་རྣམས་སུ་གསུངས་ལ། སྙིང་རྗེ་དང་གཉིས་སུ་མེད་བློ་དང་སེམས་བསྐྱེད་གསུམ་པོ་དེ་གོ་རིམ་ལྟར་སྔ་མ་ལ་བརྟེན་ནས་ཕྱི་མ་བསྐྱེད་པར་ངེས་སམ་སྙམ་ན། མཐའ་གཅིག་ཏུ་མ་ངེས་ཏེ། ཐེག་ཆེན་དབང་རྣོན་གྱིས་སྔོན་ལ་ལྟ་བ་བརྙེད། དེའི་རྗེས་སུ་སྙིང་རྗེ་སྐྱེས། དེས་དྲངས་བའི་སེམས་བསྐྱེད་པ་ཡིན་པའི་ཕྱིར། དབུ་མ་རྒྱན་ལས། ཡང་དག་ཤེས་ཚོལ་སྔོན་བཏང་སྟེ།།དོན་དམ་རྣམ་པར་ངེས་གྱུར་ནས།།ཞེས་པ་ལྟར་ཐེག་ཆེན་གྱི་གཞུང་མང་དུ་ཐོས་པས་སྡུག་བསྔལ་གྱི་རྩ་བ་བདག་འཛིན་ལ་ཐུག་པར་ཚད་མས་ཡིད་དྲངས། བདག་འཛིན་དེའི་དབང་གིས་འཁོར་བར་འཁྱམས་པའི་སེམས་ཅན་ལ་སྙིང་རྗེ་བསྐྱེད་པའི་མཐུས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཡིན་པའི་ཕྱིར། དབང་རྟུལ་ལ་མ་ངེས་ཏེ། ཁ་ཅིག །དེ་ཁོ་ན་ཉིད་རྟོགས་པའི་བློའི་ནུས་པ་དམན་པས། དང་པོར་རྗེས་སུ་སེམས་བསྐྱེད། དེའི་རྗེས་སུ་སྟོང་ཉིད་ཀྱི་ལྟ་བ་འཚོལ་བ་ཡང་ཡོད་པའི་ཕྱིར་ཏེ། དབུ་མ་རྒྱན་ལས། ཡང་དག་དད་པའི་རྗེས་འབྲང་བ།།རྫོགས་པའི་བྱང་ཆུབ་སེམས་བསྐྱེད་ནས།།ཐུབ་པའི་བརྟུལ་ཞུགས་བླངས་བྱས་ཏེ།།དེ་ནི་ཡང་དག་ཤེས་འཚོལ་བརྩོན།།ཞེས་གསུངས་པའི་ཕྱིར། བྱང་སེམས་སེམས་དཔའི་རྒྱུད་ཀྱི་གཉིས་མེད་ཀྱི་བློ་དང་སེམས་བསྐྱེད་ཀྱི་རྩ་བ་ནི་སྙིང་རྗེ་ངེས་བར་འགྲོ་དགོས་ཏེ། འདིར་བསྟན་ཆོས་གསུམ་གྱི་སེམས་བསྐྱེད་ནི་སེམས་བསྐྱེད་སྦྱོང་བའི་སྐབས་ཀྱི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་པའི་ཚིག་རྗེས་འབྲངས་བའི་གོ་བ་ཙམ་གྱིས་སེམས་བསྐྱེད་ལ་བྱ་དགོས་ཏེ། སེམས་བསྐྱེད་མཚན་ཉིད་པ་མིན། དེ་ལྟར་མ་ཡིན་ན། སྙིང་རྗེ་སེམས་དང་གཉིས་སུ་མེད་བློ་དང་།།བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ།།ཞེས་རྒྱལ་སྲས་ཀྱི་རྒྱུར་གསུངས་པ་དང་འགལ་བའི་ཕྱིར། གཉིས་མེད་ཀྱི་བློ་དེ་ཡང་གཟུང་འཛིན་གཉིས་མེད་ཀྱི་བློ་ལ་མི་བྱེད་པར་ བྱང་སེམས་ལས་དང་པོ་བས་སྔོན་དུ་འགྲོ་དགོས་པའི་རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བའི་ཤེས་རབ་ལ་བྱེད་པའི་ཕྱིར།
་་་། རྒྱལ་པོ་བི་སུ་ཀལྤ་ཞེས་བྱ་བ་མཚན་ཉིད་ཀྱི་ཐེག་པ་ལ་མཁས་པ་ཞིག་་་་་་གིས་འདོད་ཡོན་ལ་སྤྱོད་བཞིན་དུ་ལམ་བསྒོམས་་་་པས་་་་འབྲས་བུ་ཐོབ་པར་འདོད་པས།
་་་ རྨི་ལམ་དུ་མཁའ་འགྲོ་མས། ཁྱོད་དེ་ལྟ་བུའི་ཐེག་པ་མཆོག་འདོད་ན། འདི་ནས་བྱང་ཕྱོགས་སུ་ཕྱིན་པ་ན། དཔལ་ཨོ་རྒྱན་གྱི་ཡུལ་ཞེས་བྱ་བ་ཧེ་རུ་ཀ་རང་གི་ལྷ་ཁང་ན། དཔལ་གསང་བ་འདུས་པ་ལ་སོགས་པའི་རྒྱུད་སྡེ་རིན་པོ་ཆེ་རྣམས། ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་བདག་བྱས་ནས་ཡོད་པས། དེར་སོང་ལ་ཞུས་ཤིག་ཅེས་ལུང་བསྟན་ནོ། དེར་རྒྱལ་པོས་ཨོ་རྒྱན་གྱི་གནས་སུ་བྱོན། ་་་་
དགེ་བཤེས་མིག་བརྒྱད་པ་མཆོག་གིས་མཆན་ཡིག་བྲིས་པ་རྣམས་ཀུན་ལ་ངེས་པ་སྟེར་བར་མཆོག་ཏུ་གྱུར་པར་མངོན། ལྷག་པར་སྔགས་རྒྱུད་སྡེ་བཞིའི་འཇོག་ཚུལ་ལ་བླ་མ་སོ་སོའི་འདོད་ཚུལ་འཚོལ་སྒྲུབ་མཛད་དེ། དྲ་རྒྱར་མཆན་དུ་འདེབས་པར་མཛད་པར་རྗེས་སུ་ཡི་རང་། འོན་ཀྱང་ཡི་གེའི་དག་ཆར་ལྷག་པར་མིང་མཐའ་འདྲེན་ལ་ལུང་སྐད་ཀྱི་ཤན་ཞུགས་པ་དག་བཀའ་བསྟན་གསུང་འབུམ་དག་གི་སྐད་ལ་གོམས་པས་རང་འགགས་སུ་འགྱུར་སྙམ་མོ།།
ཨོ་རྒྱན་ཡུལ་གྱི་ངོས་འཛིན་ཆེད་དུ་༣༠པའི་མུ་མཐུད་ན། ་་་རྒྱལ་པོ་དེས་ཀླུ་ལས་གྱུར་པའི་རྣལ་འབྱོར་མའི་དྲུང་ནས། དབང་བསྐུར། རྒྱུད་བཤད། གདམས་པ་དངརྗེས་སུ་བསྟན་པ་མཐའ་དག་གནང་ནས་མཁའ་འགྲོ་མ་དེས་གླེགས་བམ་ཡང་གཏད། དེས་ཀྱང་དེའི་དོན་ཉམས་སུ་བླངས་པས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་སོ། འདིས་རྒྱ་གར་ལྷོ་ཕྱོགས་ཨོ་དྷྱེ་ཤ་ནའི་རྒྱལ་པོ་བི་སུ་ཀལྤ་ཞེས་པ་དེས་ཨོ་རྒྱན་ཡུལ་ནས་རྡོ་རྗེ་ཐེག་པ་ཐོག་མ་དར་ཚུལ་ཡང་རེད།
སྔར་ཅིག་གིས་ནང་ཆོས་གསང་སྔགས་ཕྱིས་སུ་བྱས་པ་མིན་ནམ་ཞེས་པའི་ལན་དུ།
ཨོ་རྒྱན་མཁའ་འགྲོའི་གླིང་དུ་འགྱུར་ཚུལ་ནི། སྔོན་བཅོམ་ལྡན་འདས་ཞལ་བཞུགས་དུས། ་་་་་རྒྱལ་པོ་ཨིནྡྲ་བྷུ་ཏིས་ནམ་མཁའ་ལ་ཉན་ཐོས་ཀྱི་དགེ་འདུན་ཤར་ནས་ནུབ་དང་། ཕྱི་དྲོ་ནུབ་ནས་ཤར་དུ་འགྲོ་བ་གཟིགས་ནས་ཅི་ཡིན་དྲིས་པས། སངས་རྒྱས་ཤྰཀྱ་པའི་ཉན་ཐོན་ཟེར་བ་ཐོས་ནས་དད་པ་སྐྱེས། མཆོད་པ་རྒྱ་ཆེན་པོ་བཤམ་སྟེ། བཅོམ་ལྡན་འཁོར་དང་བཅས་པ་བདག་གིགནས་འདིར་གཤེགས་སུ་གསོལ་ཞེས་གསོལ་བ་བཏབ་པས། བཅོམ་ལྡན་འཁོར་དང་བཅས་པ་དེར་བྱོན་པ་ལ་མཆོད་པ་དང་བསྙེན་བསྐུར་གྱིས་མཉེས་པར་བྱས་ནས། བདག་ཀྱང་ཐམས་ཅད་མཁྱེན་པའི་ལམ་ལ་འགོད་པར་ཞུ་ཞེས་ཞུས་པས། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ལ་བསླབ་པ་གསུམ་ལ་སློབས་ཤིག་ཅེས་བཀའ་སྩལ་པ་དང་། བདག་འདོད་ཡོན་ལ་སྤྱོད་བཞིན་དུ་འཚང་རྒྱ་བའི་ཐབས་ཞུ་འཚལ་ཞེས་ཞུས་པས། སྟོན་པས་སྤྲུལ་སྐུའི་སྣང་བ་བསྡུས་ཏེ། དཔལ་གསང་བ་འདུས་པའི་དཀྱིལ་འཁོར་སྤྲུལ་ནས་རྒྱལ་པོ་ཨིནྡྲ་བྷུ་ཏི་སོགས་ལ་སྐལ་བ་ལྡན་པ་རྣམས་ལ་དབང་བསྐུར། དཔལ་གསང་བ་འདུས་པའི་རྒྱུད་བསྟན་ནས། ་་་་་
དེ་དག་གིས་དངོས་གྲུབ་ཐོབ་པར་གྱུར་ནས། རང་བཞིན་གྱིས་གྲུབ་པའི་དཔའ་བོ་དང་རྣལ་འབྱོར་མ་ཞེས་གྲགས་ཤིང་། དེ་ནས་ཨོ་རྒྱན་གྱི་ཡུལ་དེ་སྟོངས་ནས། མཚོ་ཆེན་པོ་ཀླུས་གང་བར་ཅིག་ཏུ་གྱུར། དེ་ནས་ཡང་ཕྱག་ན་རྡོ་རྗེས་རྒྱུད་མཐའ་དག་གླེགས་བམ་ལ་བྲིས་ནས། མཚོའི་ཀླུ་དེ་རྣམས་ལ་གཏད་དེ་སྨིན་པར་མཛད་པས། དེ་རྣམས་རིམ་གྱིས་མིའི་གཟུགས་སུ་བསྒྱུར་ཏེ། མཚོའི་འགྲམ་དུ་གྲོང་ཁྱེར་བྱས་ནས། རྡོད་རྗེ་ཐེག་པ་ཉམས་སུ་བླངས་པས་ཕལ་ཆེར་གྲུབ་པ་བརྙེས་པ་གྱུརད་ཏོ། སྐྱེས་པ་རྣམས་ནི་དཔའ་བོ། བུད་མེད་རྣམས་ནི་མཁའ་འགྲོ་མར་གྱུར་ཏོ། དེའི་ཚེ་བསྒྲུབ་པའི་སྐལ་བ་མེད་པ་རྣམས་གཞན་དུ་དེངས་ཏེ། མཚོ་དེ་ཡང་སྐམ་པར་གྱུར་ནས་དེའི་ཤུལ་དུ་ཧེ་རུ་ཀ་རང་བྱུང་གི་ལྷ་ཁང་ཞེས་བྱ་བ་བྱོན། དེར་ཡེ་ཤེས་ཀྱི་དཔའ་བོ་དང་མཁའ་འགྲོ་རྣམས་བཞུགས་ཤིང་། དེའི་ཚེ་ཕྱག་ན་རྡོ་རྗེས། གསང་བ་འདུས་པ་ལ་སོགས་རིན་པོ་ཆེ་ཞུན་མས་བྲིས་པའི་གླེགས་བམ་དེ་རྣམས་དཔའ་བོ་དང་རྣལ་འབྱོར་མ་དེ་དག་ལ་གཏད་དོ། ཞེས་གསུངས་འདུག
དེས་ན་སངས་ཤཀྱྰ་ཐུབ་པ་རྡོ་རྗེ་འཆང་གིས་རྒྱལ་པོ་ཨིནྡྲ་བྷུ་ཏི་དང་ཕྱག་ན་རྡོ་རྗེས་སྔགས་ཀྱི་རྒྱུད་སྡེ་མཐའ་དག་བསྡུས་ནས་དཔའ་བོ་དང་མཁའ་འགྲོ་མ་རྣམས་ལ་གཏད་པ་ནས། གོང་གི་རྒྱལ་པོ་བི་སུ་ཀལྤ་ལས། བྲམ་ཟེ་སྰ་ཧ་ར་དང་། དེས་ཀླུ་སྒྲུབ་ལ། དེས་ཤ་ཝ་རི་དབང་ཕྱུག་ལ། དེས་ལྰུ་ཧི་པ་ལ། དེས་དྷ་རི་ཀ་པ་ལ། དེས་སློབ་དཔོན་རྡོ་རྗེ་དྲིལ་བུ་པ་ལ། དེས་རུས་སྦལ་ཞབས་ལ། དེས་ཛ་ལནྡྷ་ར་པ་ལ། དེས་ནག་པོ་སྤྱོད་པ་ལ། དེས་གུ་ཧྱ་པ་ལ། དེས་རྒྱལ་ཞབས་ལ། དེས་ཏེེ་ལོ་པ་ལ་བརྒྱུད་པ་ནི་བརྒྱུད་པ་རིང་བརྒྱུད་ཞེས་བྱ་བ་དེ་ཡིན་ལ། ་་་ཞེས་སོགས་སོ།
ཚངས་ལེགས་ཀྱིས། ཨུ་རྒྱན་ཡུལ་དེ་ག་པར་ཡོད་མེད་གསལ་ཆ་ཨེ་ཡོད། ཨུ་རྒྱན་ཡུལ་དེ་་ཀླ་ཀློ་རྣམས་ཀྱི་ཏ་ལི་བན་ཞེས་པའི་དཔུང་དམག་ཡིབས་ནས་བསྡད་ས་ཞིག་ཡིན་འདུག པ་ཀི་སྟན་རྒྱལ་ཁབ་དམག་མིས་ལོ་ཁ་ཤས་སྔོན་དུ་རྩ་གཏོར་བཏང་བ་ཡིན་བཤད་ཀྱང་། ཡིད་བརྟན་དཀའ། དིང་སངཡུལ་དེའི་གནས་སྟངས་ཅི་འདྲ་ཡིན། ཏན་ཏན་ཤེས་པར་དཀའ། ཨུ་ཌི་ཡ་ན་སྟེ། ཨུ་རྒྱན་ངོས་འཛིན་ཕྱིར་དུ། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་་དེབ་གསུམ་པའི་ཤོག་གྲངས་༣༣༩་ནས་༣༤༢གཟིགས་ཐུབ་ན་ལེགས་སོ།།
བཀུར་འོས་རྒན་འཇམ་དཔལ་ལགས།
ཐུགས་རྗེ་ཆེ། དགེ་འདུན་ཆོས་འཕེལ་གྱི་དེབ་འདི་ཡང་སྐྱར་བལྟ་བར་བྱའོ། རྒྱ་གར་གྱི་ལེགས་སྦྱར་ཡིག་མཛོད་ནང་ལ་ཨུ་རྒྱན་ཡུལ་གྱི་སྐོར་ལ་ངོ་སྤྲོད་ཨེ་ཡོད།
རྒན་འཇམ་དཔལ་ལགས།
གུ་རུའི་གསོལ་འདེབས་ཚིག་བདུན་མའི་ནང་ལ། ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས། པད་མ་གེ་སར་སྡོང་པོ་ལ། ངོ་མཚར་མཆོག་གི་དངོས་གྲུབ་བརྙེས་གསུངས་དུས། ཨུ་རྒྱན་གྱི་ཡུལ་དེ་རྒྱ་གར་ལ་ཡོད་པ་བསྟན་གྱི་ཡོད་དམ། ང་ཚོས་གྲུ་རུ་རིན་པོ་ཆེ་མཚོ་པད་མ་ཞུ་བའི་ས་ཆ་དེར་འཁྲུངས་པར་ངོས་འཛིན་ཞུ་བ་ཡིན་སྟབས། ཡུལ་དེ་ཨུ་རྒྱལ་གྱི་ཡུལ་ལ་ངོས་འཛིན་བྱེད་ཀྱི་ཡོད་དམ།
བོད་རྒྱ་ཚིག་མཛོད་ཆེན་མོ་ལས། ཨུ་རྒྱན། ཨོ་ཌེ་ཡ་ན་སྟེ་འཕུར་འགྲོ་ཞེས་པ་ཟུར་ཆག་པ་སྔར་རྒྱ་གར་ནུབ་ཕྱོགས་ཀྱི་རྒྱལ་པོ་ཨིནྡྲ་བྷུ་ཏི་བྱོན་པའི་ཡུལ།
ཡང་།
མངའ་རིས་པ་མཁན་པོ་ཚེ་དབང་རིག་འཛིན་གྱིས་མཛད་པའི་དཔལ་ཨོོཌྰི་ནའི་སློབ་དཔོན་ཆེན་པོའི་རྣམ་ཐར་མཁའ་སྤྱོད་དཔའ་བོའི་གླུ་དབྱངས་ཞེས་བྱ་བ་བཞུགས་སོ། །
དེའི་ནང་ལ། ་་་་་ སྤྱིར་ན་ཨོ་རྒྱན་གྱི་ཡུལ་ལ་འཛམ་གླིང་སུམ་གཉིས་ཡོད་ཅིང་། ཁྱད་པར་ཡུལ་གླིང་དགུ་རུ་ཡོད་པའི་དབུས་སུ་དྷ་ན་ཀོ་ཤའི་གནས་དང་། དེའི་ཕྱོགས་མཚམས་སུ་ཡུལ་གླིང་ཆེན་པོ་བརྒྱད་དུ་གནས་པ་ལས། སློབ་དཔོན་༼སློབ་དཔོན་པདྨ་འབྱུང་གནས༽གྱིས་ཤར་ཕྱོགས་འཛམ་བུ་མུ་ལའི་གླིང་དུ་བྱོན་ཏེ་་་་་་་ ལྷོ་ཕྱོགས་པ་ཏའི་གླིང་དུ་བྱོན་ཏེ་་་་་་ ནུབ་ཕྱོགས་ནྰ་ག་བོ་ཏིའི་གླིང་དུ་བྱོན་ནས་་་་་ བྱང་ཕྱོགས་ཀ་མ་ལའི་གླིང་དུ་བྱོན་ཏེ་་་་ ཤར་ལྷོ་དྲང་སྲོང་གླིང་དུ་བྱོན་ཏེ་་་་་་ ལྷོ་ནུབ་སྲིན་པོའི་ཡུལ་དཔལ་དུས་ཀྱི་འཁོར་ལོའི་ཆོས་སྐོར་རྣམས་གསུངས་ཏེ་་་་་་་་་ ནུབ་བྱང་རླུང་ལྷའི་ཡུལ་དུ་་་་ བྱང་ཤར་བགེགས་ཀྱི་ཡུལ་དུ་དམོད་པ་དྲག་སྔགས་ཀྱི་ཆོས་འཁོར་བསྐོར་ནས་ལྐལ་བ་དང་ལྡན་པ་མང་པོ་རིག་པ་འཛིན་པའི་ས་ལ་སྦྱོར་བར་མཛད། དེའི་རྗེས་སུ་དབུས་ཕྱོགས་དྷ་ན་ཀོ་ཤའི་གླིང་དུ་བྱོན་པ་ན་ད་དུང་ཡང་གདུལ་བྱ་དུས་ལ་མ་བབས་པར་གཟིགས་ནས་སླར་བྷང་ག་ལའི་ཡུལ་དང་། ཁ་༼འདིས་ཨུ་རྒྱན་ཡུལ་དེ། དེང་གི་ཨཕྷ་ གྷན་ནིས་ཐན་ལ་དགེ་ཆོས་ལགས་ཀྱིས་ངོས་འཛིན་གནང་བ་གཉིས་ཐག་ཉེ་རིང་དཔྱད་འོས་སུ་མཐོང་༽ཆེའི་ཡུལ་རྣམས་སུ་བྱོན་ནས་སྐྱེ་འགྲོ་རྣམས་ཀྱི་དོན་རྒྱ་ཆེན་པོ་མཛད། ་་་ཅེས་སོགས་སོ།
ཡང་། ས་ཧོ་རའི་རྒྱལ་པོ་ཛ་ཡི་སྲས་ཤ་པྲ་པུ་ཏྲིསྟེ་༼གལ་སྲིད་རྒྱལ་བརྒྱུད་གཅིག་པ་ཡིན་ན་དེ་ཡང་ཡུལ་གྱི་ཁུངས་ཅིག་གསལ་༽ཨིན་ནྡྲ་བོ་དྷོའི་ཆུང་བར་གྲགས། དེའི་སྲས་ཆོས་རྒྱལ་གོ་མ་དེ་བྱི། དེའི་སྲས་མཁན་པོ་ཞི་བ་མཚོ་འབྱུང་ངོ་། གསུངས་འདུག
ཡ་མཚར་མཆོག་གི་དངོས་གྲུབ་བརྙེས། །གསུངས་པ་ལས། འཁྲུངས་ཞེས་གསུངས་མེད་ལ། མཚོ་པདྨ་ནི། དེའི་གྲོང་བརྡལ་མིང་ལ་དུས་ད་ལྟ་ཡང་ཧིན་སྐད་དུ་Mandiམཎ་ཌི་ཞེས་ཟེར་ཞིང་ཡུལ་འདིའི་མིང་དེ་ཡང་ལྷ་ལྕམ་༼ཁོང་གི་བཙོན་དོང་དུས་ད་ལྟ་ཡང་ཕྱི་ནང་གཉིས་ཀའི་གནས་ལ་བརྩིས་ནས་ཆིན་སྐད་དུ་Rani-Kunwaརའ་ནྰི་ཀུ་འུ་ཝ་སྟེ་བཙུན་མོའི་ཁྲོམ་པ་ཞེས་རྒྱགས་ཆུའི་འགྲམ་དང་རྒྱ་སའི་དཀྱིལ་ཉེ་བར་འདུག༽མཎ་ཌ་ར་བའི་མིང་གི་ཟུར་ཆག་པ་མངོན་ཡབ་གཙུག་ལག་འཛིན་དང་བློན་པོས་སློབ་དཔོན་ཡབ་ཡུམ་གཉིས་གསོན་བསྲེག་གནང་སའི་གནས་ཆེན་ཡིན་པ་ལས། འཁྲུངས་ས་མ་རེད། སློབ་དཔོན་འཁྲུངས་ཡུལ་ནི། ་་་སིནྡུའི་རྒྱ་མཚོའི་མཚོ་གླིང་དུ་རྫུས་སྐྱེས་ཡིན་པར་གསུངས། ལོ་རྒྱུས་ལ་ཡོ་བསྲང་དང་ཚིག་སྦྱོར་ལ་ཞུ་དག་གནང་ན་དགའ་བསུ་ཡོད།
ཨོ་དེ་ལྟར་གོ་དུས་སྟོན་པ་གཤེན་རབས་ཀྱིས་རྣམ་ཐར་དེ་དང་ཨ་ན་མ་ན་འདུག
ད་བོན་རྙིང་གཉིས་ཀྱི་འབྱུང་ཁུངས་ཁ་ཆེ་ཡི་ཡུལ་ཡིན་པ་འདྲ།
སྤྱིར་མུ་ལ་ཞེས་པ་ནི་ཁ་ཆེ་ཡི་སྐད་ཡིན་འདུག་ཅིང་དེ་ཡང་མུ་ལ་ཞེས་པ་ནམ་མཁའ་ཡིན་པ་རེད།
དེར་མ་ཟད་ཞང་ཞུང་གི་སྐད་དུའང་མུ་ལ་ཞེས་པ་ནམ་མཁའ་ལ་བརྗོད་ཀྱིན་འདུག
མཚོ་པདྨ་ནི་གུ་རུ་རིན་པོ་ཆེའི་འཁྲུངས་ཡུལ་མ་རེད། བཀའ་ཐང་ལས། ཟ་ཧོར་རྒྱལ་པོས་གསོན་བསྲེག་མཛད་པའི་ཚེ།།འབྱུང་བ་མེ་ཡིས་མ་ཚིགས་གྲུབ་རྟགས་བསྟན།།ཞེས་པའི་གནས་དེ་རེད། ཨོ་རྒྱན་ཡུལ་ནི་པ་ཀི་སི་ཏན་དང་ཨ་ཧྥི་གྷ་ནེ་སི་ཏན་གྱི་ཕྱོགས་སུ་ངོས་འཛིན་མཁན་ཡང་ཡོད་ལ། དུས་ཀྱི་འཕོ་འགྱུར་དབང་གིས་དེང་སང་ས་མིང་སོགས་ཀྱང་འཛམ་གླིང་རྒྱས་བཤད་ལྟར་མི་གནས་བར་འགྱུར་བ་ཕྱིན་ཚར་བ་རེད། སྔོན་ཆད་ཡུལ་དེར་ནང་པའི་བསྟན་པ་དར་ཞིང་། ཀླ་ཀློའི་དབང་བསྒྱུར་འོག་ནས་བསྟན་པ་རྨང་མེད་དུ་གྱུར་བར་མ་ཟད། རྒྱ་གར་གྱི་ནཱ་ལན་ཊའི་དགོན་པ་དང་གནས་ཆེན་ཁག་ཤུལ་མེད་དུ་བཏང་ཟིན་པ་དང་གུ་ཏའི་རྒྱལ་རྒྱུད་སྐབས་ལོ་ངོ་བརྒྱ་ཁྲག་དུ་མར་ཀླ་ཀློ་དང་ཕན་ཚུན་འཛིངས་བའི་མཇུག་འབྲས་སུ་རྒྱ་གར་གྱི་ནང་བསྟན་ཕལ་ཆེར་བསྣུབས་ཚར་བ་དང་། སིག་གི་ཆོས་ལུགས་དར་སྤེལ་གཏོང་མཁན་གུ་རུ་ནཱ་ནག་སྐུ་ཕྲེང་དང་པོ་པ་ཀི་སི་ཏན་ནས་སྐུ་འཁྲུངས་ཤིང་ཆུང་དུས་ནས་གྲི་རྩལ་ལ་མཁས་ཤིང་དམག་གི་དཔུང་བསྡུས་ནས་ཀླ་ཀློ་དང་འཐབ་འཛིངས་ཀྱིས་ཀླ་ཀློ་རྣམས་ཕམ་ཉེས་བཏང་བའི་ལོ་རྒྱུས་གེ་སར་སྒྲུང་ནང་བཞིན་ཡོད་ཟེར། འདི་གུ་རུ་རིན་པོ་ཆེའི་སྤྲུལ་བ་ཡིན་ཟེར་མཁན་ཡང་འདུག །མ་འོངས་བར་རྣམ་འདྲེན་ལྔ་པ་རྗེ་བཙུན་བྱམས་པ་མགོན་པོས་འཛམ་བུའི་གླིང་དུ་ཆོས་འཁོར་བསྐོར་བའི་ཚེ་འདི་དག་གི་ལོ་རྒྱུས་རེ་རེ་བཞིན་གསུང་ངེས་རེད། དེ་དུས་ང་ཚོས་ཉན་ཆོག་གི་རེད། དེ་མིན་སོ་སྐྱེས་ཕལ་བ་ཞིག་གིས་གང་ཟག་གི་རྒྱུད་ཚོད་ཟིན་པ་ཁག་པོ་རེད་ལ། དེ་བས་ཀྱང་དེ་སྔའི་ལོ་རྒྱུས་ཡིག་ཐོག་ཏུ་མ་འཁོད་པ་བགྲང་ལས་འདས་པ་ཞིག་ང་ཚོའི་རྣམ་ཤེས་རྟ་རྔ་ཙམ་པོ་འདིའི་སྤྱོད་ཡུལ་ཞིག་ག་ལ་ཡིན། །
འཛམ་གླིང་རྒྱས་བཤད་ལས། མུ་སཱལ་མཱན་གྱི་ཆོས་ལུགས་ལྟར་ན། སྐར་རྩིས་དང་གཤེན་རྩིས་དང་བག་རྩིས་སོགས་མི་བྱེད་པ་དང་། དབྱིབས་དང་ཁ་དོག་ཡོད་པ་དབང་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་བ་ལ་ཕྱག་མི་འཚལ་བ་དང་། ན་སྨན་མི་བསྟེན་པ་དང་། རིམ་གྲོ་སོགས་མི་བྱེད་པ་ཁོང་རྣམས་ཀྱི་དམ་ཚིག་ཡིན་ལ། ཁྱད་པར་འཚེ་བ་ཆོས་སུ་ཁས་ལེན་ཅིང་། དུས་འཁོར་རྒྱུད་ནས་གསུངས་པའི་ཀླ་ཀློ་ནི་གོང་དུ་བཤད་པའི་མཱུ་སཱལ་མཱན་ཡིན་ལ། དེ་ནི་ཀླ་ཀློ་དང་མུ་སྟེགས་ཀྱི་གཞི་མཐུན་ཡིན་པ་པཎ་ཆེན་བློ་བཟང་ཡེ་ཤེས་སོགས་ཀྱིས་གསུངས། མཚན་གཞི་ནི། པར་སུག་པ། དུ་རུཥྐ་པ་དང་། ཐོ་དཀར་བ། རྒྱ་གར་ན་ཡོད་པའི་མཽ་གལ་དང་པ་ཐཱན། ས་ཡཻ་ཏ། སེ་ཤ་སོགས་དང་། རྒྱ་ནག་ན་ཡོད་པའི་ཧུས་ཧུས་སོགས། མདོ་སྡེ་ནས་བཤད་པའི་ཀླ་ཀློ་ནི། དགེ་མི་དགེ། རུང་མི་རུང་། ཆོས་དང་ཆོས་མིན་གྱི་དབྱེ་བ་མི་འབྱེད་པ་ཞིག་ལ་ངོས་འཛིན་པ་ཡིན་ལ། མཚན་གཞི་ནི། བོད་ཡུལ་གྱི་ཉེ་སར་ཡོད་པའི་ཀློ་བ་ཁ་ཁྲ་སོགས་དང་། ཕ་མ་སོགས་ཀྱི་དྲིན་ལན་གཞལ་བར་རློམ་སྟེ་གསོད་པ་དང་། ནང་ཕན་ཚུན་བསད་དེ་ཟ་བ་སོགས་ཀྱང་ཡིན། རིག་བྱེད་ནས་བཤད་པའི་ཀློ་ཀློ་ནི་རྒྱ་ནག་པ་དང་བོད། ཧོར་སོག མཱུ་སཱལ་མཱན་སོགས་ཀྱང་ཀློ་ཀློ་ཡིན་ཟེར། ཞེས་གསུངས་པ་ལྟར་ན་ཀླ་ཀློ་ནི་ཁ་ཆེ་ཡིན་པའི་ངེས་པ་མི་འདུག་ལ། རིག་བྱེད་ནས་བཤད་པ་ལྟར་རྒྱ་དང་བོད་པ་ཀླ་ཀློ་ཡིན་པའི་རྒྱུ་མཚན་ནི་ཧ་གོ་མ་སོང་། རྒྱ་མི་རྣམས་ཀྱིས་བོད་པ་ཀླ་ཀློར་ངོས་འཛིན་པ་དང་བོད་པ་རྣམས་ཀྱིས་རྒྱ་གར་མུ་སྟེགས་པ་རྣམས་ཀླ་ཀློར་ངོས་འཛིན་པ་སོགས་རྒྱུ་མཚན་གང་ཡིན་མི་ཤེས། སྤྱིར་ན་ཀླ་ཀླའི་གོ་དོན་བླང་དོར་མི་ཤེས་པའི་མི་བླུན་རྨོངས་ཅན་དང་ཡུལ་འཐའ་འཁོབ་ཏུ་སྐྱེས་པའི་མི་ལ་ངོས་འཛིན་པ་དང་། ཕྱི་གླིང་བས་ཤེས་རིག་དར་མེད་པའི་མི་ལ་ངོས་འཛིན་པ་སོགས་མང་། barbarian ཞེས་པའི་དབྱིན་ཇིའི་མ་ཚིག་barbཞེས་པ་ནས་བྱུང་བ་ཡིན་ལ། དེའི་དོན་ལྕགས་ཀྱི་གཟེ་མ་ར་མགོ་ཞེས་པ་དེ་རེད། གདུག་རྩུབ་ཆེ་བ་ལའང་ཀླ་ཀློ་ཟེར་གི་ཡོད་པ་འདྲ། ཧུས་ཧུས་ཟེར་བ་དེང་སང་རྒྱ་མི་ཁ་ཆེ་དེ་ཚོ་ལ་ཟེར། རྒྱ་གར་གྱི་མཽ་གལ་དང་པ་ཐཱན། ས་ཡཻ་ཏ། སེ་ཤ་སོགས་མིང་ཚིག་གི་དོན་དག་ཅི་ཡིན་འགྲེལ་བཤད་གནང་རིགས་ཞུ།
ཚངས་དབྱངས་ལེགས། རྒྱ་གར་གྱི་ལེགས་སྦྱར་ཡིག་མཛོད་ནང་ལ་ཨུ་རྒྱན་ཡུལ་གྱི་སྐོར་ལ་ངོ་སྤྲོད་ཨེ་ཡོད། ཅེས་པར་རྒྱ་གར་ལ་ནང་པའི་བསྟན་པ་ཉམས་པའི་རྐྱེན་གྱིས་སྔགས་ཀྱི་གནས་ཉེར་བཞི་སོགས་རང་རེ་བོད་ཀྱི་ཁུངས་དང་། བོད་དང་བལ་ཡུལ་སོགས་ནས་ཕྱིས་སུ་རྙེད་པའི་ལེགས་སྦྱར་དཔེ་ཆ་འགའ་རེ་ལ་ཁུངས་བྱེད་པ་མ་གཏོགས། བརྒྱུད་པ་བར་མ་ཆད་པ་ཞིག་རྒྱ་གར་ལ་མེད་འདུག ཨུ་རྒྱན་ནམ་ཨུཌཌིའ་ཡ་ན་ཞེས་པ་ལ་ད་ལྟ་པ་ཀི་སྟན་གྱི་རོང་ཡུལ་སྭ་ད་ལུང་པ་ཞེས་པ་དེ་ཡིན་ཟེར། བདག་གི་བོད་སྐད་ཀྱི་སློབ་མ་ཞིག་དེར་སོང་ནས། འདྲ་སྤར་གྱི་མཆོད་རྟེན་རྙིང་པ་རེ་བསྟན་སོང། འདི་ལ་དྲྭ་གྲོགས་མིག་བརྒྱད་པ་སོགས་ཀྱིས་གསལ་བཤད་མཛད་པ་བཞིན་ཡིན་འདུག
དད་པའི་རྗེས་འབྲངས་དང་རིགས་པའི་རྗེས་འབྲངས་གཉིས་ལས་དད་པ་ཅན་ལ་གང་ལ་མོས་པ་དེ་གཙོ་བོ་ཆེ་བས། རྒྱ་གར་ཁམས་པ་དག་དག་གིས་གུ་རུ་ན་ན་ཀ་ཞེས་པ་དེ་ཨུརྒྱན་རིན་པོའི་སྤྲུལ་པ་ཡིན་ཟེར། ཚན་རིག་པ་ཡ་རབས་པ་དག་གིས་དད་པའི་རྗེས་འབྲངས་ལ་དགག་པ་མི་བྱེད། སིཁ་སྟེ་སློབ་མ་ཞེས་པའི་ཆོས་ལུགས་ཀྱི་སྟོན་པ་གུ་རུ་ན་ན་ཀ་ཞེས་པ་དེ་སྤྱི་ལོ་བརྒྱ་རབས་བཅུ་དྲུག་པའི་ནང་ལ་བྱུང་བ་དེ་མུ་སུལ་མན་དང་ཧིན་དུའི་ཆོས་ལུགས་གཉིས་ཀ་ལ་དད་གུས་བྱེད་པས། དེ་གྲོངས་པ་ན་མུ་སུ་མན་སྟེ། ཁ་ཆེ་ཆོས་ལུགས་པའི་སློབ་མ་དག་གིས་ཕུང་པོ་ས་ལ་སྦ་དགོས་དང་། ཧིན་དུ་ཡིན་པའི་སློབ་མ་དག་གིས་མེ་ལ་སྤར་དགོས་ཞེས་རྩོད་པའི་སྒང་ལ་ཕུང་པོ་འཇའ་ལུས་ལ་སོང་སྟེ། ཕུང་པོའི་སྒང་ལ་གཏོར་བའི་མེ་ཏོག་ཙམ་ལས་སོ་སོ་ལ་གང་ཡང་རྙེད་མེད་པ་བྲིས་འདུག ཡ་མཚན་པ་ཞིག་ལ་སི་ཁ་ཆོས་ལུགས་པས་ཀྱང་། མཚོ་པད་མ་ལ་དད་གུས་བྱེད་པ་ཐོས།
ཡང་གུ་རུ་ན་ན་ཀ་དེ་མུ་སུ་མན་གྱི་གནས་མ་ཁ་ཞེས་པར་གནས་མཇལ་དུ་སོང་། གཉིད་ལོག་པ་ན་ལྷ་ཁང་ལ་རྐང་པ་བསྟན་ཏེ་ཉལ་བ་ན། གཞན་དག་གིས་དེ་ལྟར་བྱེད་པ་ལྷ་ལ་མ་གུས་པ་ཡིན་བཤད་པ་ན། གུ་རུ་ན་ན་ཀ་ཡིས་ལྷ་དེ་གནས་གཅིག་ན་མེད་པར་ཐམས་ཅད་ན་ཡོད་ཅེས་བཤད། དེ་ཡི་ཧིན་དུ་སློབ་མ་གང་ཡིན་དིང་སང་སི་ཁ་ཞེས་པར་གྱུར། རྒྱ་གར་གྱི་ཡ་རབས་ཅན་གྱི་ཆོས་ལུགས་པ་ཞིག་ཡིན་འདུག ཨ་མྲི་ཏ་སཱར་དུ་བདག་ཅག་གིས་ཀྱང་༡༩༥༠ལོར་ཞག་གཅིག་གཉིས་རིན་མེད་དུ་མགྲོན་ཁང་དུ་བསྡད་ཅིང་ཟན་ཡང་ཟོས།
ལ་དྭགས་སུ་ཡང་བླ་མ་གུ་རུ་ཞེས་པའི་རྡོ་ཕ་བོང་ཞིག་ལ་མི་ཞིག་ཞུགས་པའི་སྤར་ཡོད་པ་དེ་ལ་སི་ཁ་ལམ་བཟོ་པས་ཐོ་བ་རྒྱབ་པ་ན་ཕ་བོང་དེ་ནས་འོད་འཕྲོ་བ་མཐོང་སྟེ། ཕ་བོང་ན་ལ་ཡོད་པའི་མིའི་རྗེས་དེ་ཉིད་གུ་རུ་ན་ནཀ་ཀྱི་རྗེས་སྤར་ཡིན་པར་ངོས་འཛིན་བྱས་ཏེ། སི་ཁའི་ལྷ་ཁང་བཞེངས། རྗེས་དེ་ལྷའི་སྐུ་འདྲ་ལྟ་བུར་བརྩིས་ཏེ། གུས་བཀུར་མཆོད་པ་བྱེད་འདུག མི་སུ་འོངས་ལ་ཇ་བླུག བདག་གིས་ཀྱང་ལོ་ཁ་ཤས་སྔོན་ཇ་འཐུང་སྟེ། རྡོ་སྤར་དེ་མཇལ།
ང་ཆུང་ཆུང་སྐབས་འགྲུལ་རྒྱབ་འགྲོ་དུས་བླ་མ་གུ་རུ་ཞེས་འགྲུལ་མི་དག་གིས་ལམ་རྒྱགས་ན་མར་ཡོད་པ་་ན་ཕ་བོང་དེའི་མི་དབྱིབས་ལྟ་བུ་ལ་མར་གསོལ་ཏེ་དྲེག་པ་ཆགས་པ་ཐང་སྐམ་དང་ཆུ་མེད་ལམ་ངོས་ན་ཡོད་པ་དྲན། ད་ལྟ་དེ་ཉིད་ལྷ་ཁང་དུ་གྱུར། རྡོ་རང་གི་སྐལ་བ་ཡིན་འདུག མོས་ན་ཁྱིའི་སོ་ལ་མེ་འབར་བའི་གཏམ་རྒྱུད་ལྟར་རོ།།
ང་ཚོའི་བོད་པ་ཁ་ཆེ་མི་ཉུང་བ་ཞིག་བཞུགས་ཡོད་སོགས་ཁ་ཆེའི་ཆོས་ལུགས་པ་ལ་དུས་རབས་ཉེར་གཅིག་ནང་ལ་ཀླ་ཀློ་ཞེས་གསུངས་ན་མ་གུས་པ་གནོད་པས་གཟབ་དགོས་འདུག
རྒན་ལ་དྭགས་པ་ལགས་ཀྱིས་སྐུ་ངལ་འཛེམས་མེད་ཀྱིས་བོད་ཡིག་དག་ཆ་རྙིང་པ་ལ་གཙོ་ཆེ་བ་ལྟར་ང་ནི་དེ་ལས་ལྡོག་པ་ལྟ་བུའི་དག་ཆ་རྙིང་པ་གཞིར་བཞག་ཐོག་ལ། གསར་གཏོད་གང་མང་ལ་བརྩོན་མཁན་ཞིག་ཡིན་པས།
རྒན་བློ་བཟང་འཇམ་དཔལ་ལགས་ཀྱི་མཆན་བུའི་ནང་ལ།
༼བརྒྱུད་པ་བར་མ་ཆད་པ་ཞིག་རྒྱ་གར་ལ་མེད་འདུག༽ ཅེས་པའི་ དགག་སྒྲ་ འདི་ལ་ དཔྱད་པ་ ཅུང་ཟད་ བྱས་ན།
མ་ མི་ མིན་ མེད་ དགག་ཚིག་ བཞི་ལས། འདིར་ མི་འདུག མི་སྒྲ་ འདི་ ཐོབ་དགོས་ སྙམ་སྟེ།
ཕ་ཀི་ མི་ མ་རེད།
འདི་ལ་ མི་ མི་འདུག
ང་ མི་ མིན།
ང་ལ་ མེ་ མེད། ལྟ་བུས་ སོ་སོར་ ཕྱེ་དགོས་ འདུག ཕ་གི་ལ་ ཕ་ཀི་ ཡ་ཀི་ མ་ཀི་ ཞེས་ བྲིས་ན་ ནོར་ཉེན་ ཆུང་བས་ གསར་གཏོད་བྱས།
ང་ཀརྡོ་རབ་འབྱམས་པ་དང་མིང་གསར་སློབ་དཔོན་མཆན་བུ་པ་གཉིས་ཀའི་མཆན་བུ་ལ་༼དག་མཆན་ཐོབ་རྒྱུ་ལ་སྒུག་ཡོད།༽ཞེས་པ་རྟག་པར་ཐོན་བགྱིད་འདུག་པ་དེའི་རྒྱུ་མཚན་ངས་ཤེས་མ་སོང་། སུ་རུང་ཞིག་གིས་གསལ་བཤད་ཅིག་བྱུང་ན་ལེགས།
མཁས་དབང་དགེ་ཆོས་ལགས་ཀྱི་ཨུ་རྒྱན་ཡུལ་གྱི་ངོས་འཛིན་དེ་ཁ་ཆེའི་ཡུལ་གྱི་ཁོངས་སུ་གཏོགས་པས། ཁ་ཆེའི་ཡུལ་གྱི་དུར་ཁྲོད་ཆེན་པོ་བདེ་ཆེན་བརྡལ་དུ་རང་འབྱུང་གི་མཆོད་རྟེན་ཀ་ནི་ཀ་ཡོད་པ་དང་།
ཨོ་རྒྱན་གྱི་ཡུལ་ཁམས་སུ་སློབ་དཔོན་དགའ་རབ་རྡོ་རྗེའི་དྲུང་ནས། སློབ་དཔོན་པདྨས་རྫོགས་ཆེན་སྙིང་ཐིག་གི་རྒྱད་བཅུ་བདུན་སོགས་གསན་པ་གསུངས་འདུག
ཡང་ཨོ་རྒྱན་ཡུལ་གྱི་དུ་ཁྲོད་ལྷ་བརྩེགས་སུ་རང་བྱུང་གི་མཆོད་རྟེན་གཟི་འོད་ཅན་ཡོད་པར་གྲགས། དེ་བཞིན་ལི་ཡུལ་དུ་དུར་ཁྲོད་ཆེན་པོ་པདྨ་བརྩེགས་སུ་མཆོད་རྟེན་ཀེའུ་ཤ་ཡོད་པ་དང་། ཨོ་རྒྱན་ཙམ་མ་ཟད་ཟ་ཧོར་དང་ལི་ཡུལ་ཀྱང་ངོས་བཟུང་དཀའ་ཙམ་འདུག་ལགས། མདོ་སྔགས་ཟུང་འབྲེལ་བསྟན་པ་དར་རྒྱས་ཡུན་གནས་ཤོག །
སློབ་དཔོན་མཆན་བུ་པ་ལེགས།
ཞུ་ལན་འདི་གཟིགས་པའི་རེ་འདུན། ངའི་བསམ་པར་མེད་ཅེས་པ་དགག་སྒྲ་མ་ཡིན་པར་མིང་དུ་བྱས་པ་སྟེ། ཡོད་མེད་གཉིས་ཀྱི་ནང་གི་མེད་ཡིན། ཡོད་དང་མེད། ཅེས་པ་ལྟ་བུ་ལགས། མ་མི་ཐོག་མ་མིན་མེད་མཇུག ཅེས་གསུངས་པ་ལྟར་གཅིག་ན་ནོར་འདུག སློབ་དཔོན་ཁྱེད་བདེན། གསར་གཏོད་ཅེས་པ་ཡོད་པ་ལེགས་པ་ཞིག་མེད་པར་གཏོང་བ་མི་ཟེར། ལེགས་པ་ཞིག་མེད་པར་གཏོང་བ་ལ་བོད་ཡུལ་སོགས་སུ་བསྟན་བཤིག་ཟེར། དེས་ན་རང་རེས་བཀའ་བསྟན་གསུང་འབུམ་དེ་དག་ཏུ་བཞུགས་པའི་བོད་རིག་གཞུང་གི་སྐད་ཀྱི་དག་ཆ་ཀུན་ལ་སྲུང་སྐྱོབ་མཛད་དགོས་པར་མངོན་ནོ།།
༼བརྒྱུད་པ་བར་མ་ཆད་པ་ཞིག་རྒྱ་གར་ལ་མེད་འདུག༽ ཅེས་པའི་ དགག་སྒྲ་ འདི་ལ་ དཔྱད་པ་ ཅུང་ཟད་ བྱས་ན།
མ་ མི་ མིན་ མེད་ དགག་ཚིག་ བཞི་ལས། འདིར་ མི་འདུག མི་སྒྲ་ འདི་ ཐོབ་དགོས་ སྙམ་སྟེ།
ཕ་ཀི་ མི་ མ་རེད།
འདི་ལ་ མི་ མི་འདུག
ང་ མི་ མིན།
ང་ལ་ མེ་ མེད། ལྟ་བུས་ སོ་སོར་ ཕྱེ་དགོས་ འདུག ཕ་གི་ལ་ ཕ་ཀི་ ཡ་ཀི་ མ་ཀི་ ཞེས་ བྲིས་ན་ ནོར་ཉེན་ ཆུང་བས་ གསར་གཏོད་བྱས།
ཨོ་ཨོ། སྟོན་པ་གཤིན་རབས་དེ་ཁ་ཆེ་ཡིན་པ་བཟོད་ཤེས་སོང་། ཞང་ཞུང་སྐད་ཟེར་བ་དེ་ཡང་ཁ་ཆེའི་སྐད་ཡིན་ནམ། ཨ་ས་ལ་མུ་ལ་ཀམ་ཞེས་པ་པ་ནམ་མཁའི་ལྷ་ཡིས་སྐྱོབས་ཟེར་བ་རེད་འདུག
མཁས་དབང་རྒན་ལ་དྭགས་པ་བློ་བཟང་འཇམ་དཔལ་ལགས་སུ།
ཉིད་ཀྱིས་མ་བསྐུལ་དང་བླང་གིས་བོད་བརྡ་རྙིང་པ་ཁུངས་བཙན་དག་ལ་དག་བཅོས་གནང་བ་ནི་བཀའ་དྲིན་ཤིན་ཏུ་ཆེ་ལགས། ཁྱེད་ཀྱིས། ༼གསར་གཏོད་ཅེས་པ་ཡོད་པ་ལེགས་པ་ཞིག་མེད་པར་གཏོང་བ་མི་ཟེར། ལེགས་པ་ཞིག་མེད་པར་གཏོང་བ་ལ་བོད་ཡུལ་སོགས་སུ་བསྟན་བཤིག་ཟེར།༽གསུངས་པ་འདི་ལ་བརྒྱ་ཆ་བརྒྱ་ཐམ་པ་རྒྱབ་སྐྱོར་ཡོད་ལགས།
འོན་ཀྱང་ངས་ཕྱི་གསལ་ནང་གསལ་གྱིས་ཐོག་ནས་འབྲི་སྲོལ་རྙིང་པ་ཟུར་འཇོག་གིས་གསར་གཏོད་བྱས་པ་ལས། རྙིང་པ་མེད་པ་བཟོས་ནས་གསར་པའི་འབྲི་སྟངས་འདི་དགོས་ཞེ་དབང་དང་བཙན་ཤུགས་མེད་པ་ཀུན་གསལ་ལྟར་རེད་ལ།
དུས་རབས་དུས་ཚོད་དང་བསྟུན་ནས་གསར་གཏོད་བྱེད་མ་ཐུབ་ན་བསྟན་བཤིག་ལས་ལྷག་པའི་བསྟན་ཞིག་སོང་ཡོང་སྙམ་ནས་ངས་བོད་རིགས་སྤྱི་སྐད་ཅིག་འབྲི་ཤོད་གཅིག་མཚུངས་གཅིག་ལ་བརྩོན་པ་་ཨུ་ཚུགས་རྒྱག་བཞིན་ཡོད།
དཔེར་ན། རྒན་ཁྱེད་རང་གིས་གལ་སྲིད་དིང་དུས་ལ་དྭགས་པའི་ན་གཞོན་ཚོ་ལ་དྭགས་ཡུལ་སྐད་ཙམ་མ་ཡིན་པར་བོད་རིགས་སྤྱི་ཅིག་སྤེལ་འདོད་ན་ཁ་སྐད་ག་རེ་དང་། ཁ་སྐད་དེའི་འགྲོ་སྟངས་དང་དག་ཆ་གཅིག་མཚུངས་ཅིག་ལ་ཇི་ལྟར་འོང་ཐུབ་པར་བྱ་དགོས་སམ།
ཡང་ན། བོད་སྐད་སྤྱི་ཁྱབ་གསར་ཐོན་ཞིག་ཡོང་བའི་རེ་བ་མེད་པ་ཡིན་ནམ། ཡང་ན། ཡོད་ཀྱང་ཀུན་གྱིས་ཤོད་བགྱིད་མི་འདུག་ཟེར་ནས་སྡོད་རྒྱུ་ཡིན་ནམ། ཆོས་སྐད་དེ་ཁ་སྐད་དུ་ཡོང་བ་ལ་ཐབས་ཤེས་གསར་པ་ཞིག་འབད་དགོས་པའི་དུས་ཤིག་ཤར་མི་འདུག་གམ། བོད་སྐད་དར་རྒྱས་ཤོག །
བོད་ཀྱི་སྐད་དང་ཡི་གེའི་འབྱུང་ཁུངས་དབུས་གཙང་ཡིན། འོན་ཀྱང་དབུས་གཙང་ནི་མི་འབོར་མང་ཞིང་ས་རྒྱ་ཆེ་བ། ཚོང་འབྲེལ་དང་འགྲིམ་འགྲུལ་སོགས་ཀྱི་རྐྱེན་པས་སྔོན་གྱི་སྐད་དང་གོམས་སྲོལ་་མང་པོ་ཞིགའགྱུར་བ་ཕྱིན་པ་དང་། ཁམས་དང་ཨ་མདོའི་སྐད་དང་གོམས་སྲོལ་འགྱུར་བ་མ་ཕྱིན་པར་དུ་དུང་རང་སོར་གནས་ཡོད
གུ་རུའི་ལོ་རྒྱུས་བཤད་དགོས་ན་བཤད་མི་ཤེས་པ་ཞིག་ཡིན། དེ་ཡང་ལོས་ཀྱང་ཡིན་དེ་དང་པོ་གང་དུ་སྐྱེས་མཐའ་མ་གང་དུ་སོང་། རིན་པོ་ཆེའི་ཞལ་ཆེམས་གང་དུ་གཡུག འདི་ཚོ་ཚང་མ་བཤད་མི་ཤེས་པ་རྐྱང་རེད། དེ་བས་རྒྱ་གར་གྱི་ཁྲོམ་སྲང་ལ་ཉུལ་དང་། གུ་རུ་ཁྱུ་དང་ཁྱུ་བྱས་ཏེ་ཕེབས་པ་མཇལ་རྒྱུ་འདུག
རང་གི་མཆན་བུ་༡༤པའི་ཁུངས་ཅིག་འདི་རིང་རང་གི་དཔེ་དེབ་ཁོངས་ནས་རྙེད་བྱུང་བ་འདིར་བཀོད་ན་གཞན་ལ་ཡང་ཅུང་ཟད་ཕན་སྲིད་པས། མངའ་རིས་ཚེ་རིག་གི་གུ་རུའི་རྣམ་ཐར་ཤོག་གྲངས་༡༣༧ལས།
་་་། གཙོ་བོར་སློབ་དཔོན་ཆེན་པོས་རྒྱུད་ལུང་མན་ངག་གི་སྐོར་ཕལ་ཆེ་བ་སྒྲ་རང་འགྱུར་དུ་བསྒྱུར་བར་མཛད། རྒྱ་དཔེ་ཤྲྰི་ན་ལྣྡྲའི་གཙུག་ལགས་ཁང་དང་། ཨོ་རྒྱན་མཁའ་འགྲོའི་གསང་མཛོད་དུ་བཞུགས་པ་རྣམས་སློབ་དཔོན་པདྨས་རྫུ་འཕྲུལ་ཡིས་སྐད་ཅིག་ལ་བླངས་ནས་བསྒྱུར། དཔེ་དེ་རྣམས་བསམ་ཡས་ཀྱི་ཀེའུ་ཚང་དུ་བཞུགས་ཏེ་རྒྱ་གར་ནའང་མེད་པར་གྲགས་སོ།
འདིའི་ཤེས་བྱེད་ཀྱང་ཇོ་བོ་རྗེ་བོད་དུ་བྱོན་ཏེ་བསམ་ཡས་སུ་ཕེབས་པའི་ཚེ། མདོ་རྒྱུད་ཀྱི་འགྱུར་རྣམས་ལ་གཟིགས་པས། སྔར་མ་འཇལ་བའི་སྔགས་ཀྱི་རྒྱུད་སྡེ་མང་དུ་བྱུང་བས། རྒྱུད་འདི་རྣམས་སློབ་དཔོན་ཆེན་པོས་ཨོ་རྒྱན་མཁའ་འགྲོའི་གསང་མཛོད་ནས་སྤྱན་དྲངས་པ་ཡིན་ཏེ་འོང་། རྒྱ་གར་ན་མིང་ཙམ་ཡང་མེད་ཅེས་གསུངས། ་་་་
རྒྱལ་པོ་ཁྲི་སྲོང་དུས་ཀྱི། རྒྱ་གར་དང་། བལ་ཡུལ། རྒྱ་ནག ཨོ་རྒྱན། ཟ་ཧོར། མ་ག་དྷ། མུ་སྟེགས་ཀྱི་ཡུལ། ཁ་ཆེ། སང་གལ། ལི་ཡུལ། མ་རུ་རྩེ། འ་ཞ། བྲུ་ཤ ཟངས་གླིང་། ནས་གླིང་། ཤམ་བྷ་ལ། ཞང་ཞུང་། ཏ་ཟིག གེ་སར། ཐོ་གར། རུག་མ། སྲིན་ཡུལ་སོགས་ཀྱང་དེང་དུས་གཞོན་སྐྱེས་ཚོར་ཡིག་ཆ་དང་འགྲུལ་ལམ་སོགས་གང་ཐད་དགེ་ཆོས་སྐབས་ལས་བཟང་བ་ཡོད་པས་ཀློག་ཞོར་འགྲོ་ཞོར་བསྡད་ཞོར་ལ་རྒྱུ་མཚན་ལྡན་པའི་ངོས་འཛིན་རེར་བྱ་ཐུབ་ན་དགེ་མཚན་ཆེ་ལགས།
དེང་དུས་སྤྱི་སྐད་དཔེ་མཚོན།
མདང་ ང་ ཕྱིན་༼བགྱིས་༽པ་ ཡིན།
འདི་རིང་ ང་ འགྲོ་བགྱིད་ ཡོད།
སང་ཉིན་ ང་ འགྲོ་བགྱི་ ཡོད།
ཁྱོད་ ཕྱིན་པ་ རེད།
ཁྱོད་ འགྲོ་བགྱིད་ འདུག
ཁྱོད་ འགྲོ་བགྱི་ རེད།
ཁོ་ ཕྱིན་པ་ རེད།
ཁོ་ འགྲོ་བགྱིད་ འདུག
ཁོ་ འགྲོ་བགྱི་ རེད།
ང་ཚོས་ཡབ་མེས་ཀྱི་རིག་གཞུང་མ་ཉམས་པར་རྒྱུན་འཛིན་བྱ་རྒྱུ་ནི་གཙོ་བོའི་ནང་གི་གཙོ་བོ་ཞིག་རེད། བོད་པའི་ནང་སྙིང་སོ་སོའི་སྐད་དང་ཡི་གེ །རིག་གཞུང་གི་སྒང་ན་ཡོད་པ་རེད། འདི་འཇིག་སོང་ན་དེ་ནས་བོད་པའི་ནང་སྙིང་བརླག་སོང་བ་རེད། འདི་ཡོད་པ་དེ་སྲིད་དུ་བོད་པ་ཡོད་ལ་ནམ་ཞིག་ན་འདི་མེད་སོང་ན་དེ་ནས་བོད་པ་ཞེས་པ་མིང་ཙམ་ཞིག་ཡོད་རུང་བོད་པ་ཤི་ཚར་བ་རེད། མིང་སྟོང་བ་དེས་ཅི་ཞིག་ཕན། དེང་སང་གསར་བུ་མང་པོ་ཞིག་གིས་བོད་པའི་རིག་གཞུང་ལ་དེ་ཙམ་དོ་སྣང་ཡོང་གི་མེད་པ་འདི་འཇིགས་སྣང་ཞིག་རེད། འཚོ་བའི་ཆ་རྐྱེན་དང་ཟ་རྒྱུ་འཐུང་རྒྱུ་གཅིག་བུའི་དོན་དག་ཅིག་ཡིན་ན་ང་ཚོའི་ཐོབ་ཐང་རྩོད་པའི་དམིགས་ཡུལ་དང་རྒྱབ་འགལ་ཕྱིན་པ་རེད། རང་ཡུལ་རང་ལག་ཏུ་མི་དབང་བའི་དཀའ་ངལ་འདི་ཆབ་སྲིད་ཀྱི་དཀའ་ངལ་ཞིག་རེད། འདི་ཤེས་དགོས་པ་གལ་ཆེན་པོ་རེད། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ནས་གོ་ལ་རིལ་བོའི་སྐད་དང་ཡི་གེ་ག་ཚོད་ཅིག་རྩ་སྟོར་ཕྱིན་པ་རེད། འདི་ནི་འགྲོ་བ་མིའི་རང་དབང་ལ་བརྡབ་གསིག་བཏང་བའི་ཉེར་ལེན་རེད། དེས་ན་བོད་ལ་མཚོན་ནའང་ང་དགུ་ལོར་ཁྲག་གི་འཁོར་ལོ་བསྐོར་ན་ཡང་ནང་བསྟན་རིག་གཞུང་རྩ་སྟོར་གཏོང་མ་ཐུབ་པར་སླར་ཡང་དབུགས་སྲོག་རྒྱས་ནས་འཛམ་གླིང་ཡོངས་སུ་ཞི་བདེའི་ཉི་འོད་སྐྲུན་བཞིན་པ་འདི་ཡང་གོང་ས་མཆོག་གི་དབུས་བོད་ཕྱི་ནང་གི་བསྟན་འཛིན་སྐྱེས་བུ་དག་གི་སྐུ་དྲིན་ཉག་གཅིག་ལས་གཞན་གང་ཡང་མ་རེད། དེས་ན་སོ་སོའི་སྐད་དང་ཡི་གེ་ལ་བཀོལ་སྤྱོད་མང་པ་དང་ཐོབ་ཐང་ཆེ་ཙམ་རེག་མིན་དེ་ཡང་མི་རེ་ངོ་རེས་འགན་ཁུར་དགོས་པ་གལ་ཆེན་པོ་རེད་ལ་དེའི་ནང་སྙིང་གང་ཡིན་པ་ཤེས་དགོས་པ་ཡང་གལ་ཆེ།