—–ཨེ་མ་ཧོ།
ན་མོ་གུ་རུ་ལོ་ཀེ་ཤྭ་ར་ཡེ།
ཕྱོགས་དུས་རབ་འབྱམས་རྩ་གསུམ་ཚེ་ཡི་ལྷ།།
ཚེ་དབང་རིག་འཛིན་པདྨ་འབྱུང་གནས་དང་།།
ཚེ་རིང་མཆེད་ལྔ་མཁའ་འགྲོ་རྒྱ་མཚོ་ཡིས།།
བསྟན་འཛིན་དམ་པའི་སྐུ་ཚེ་སྲུང་བར་མཛོད།།
ཕྱི་ཡི་བར་ཆད་འབྱུང་ལྔའི་གཡོ་འཁྲུག་སོལ།།
ནང་གི་བར་ཆད་དུག་ལྔའི་བག་ཆགས་སོལ།།
གསང་བའི་བར་ཆད་སྐུ་ལྔའི་འགལ་རྐྱེན་སོལ།།
རྒྱལ་བ་རིགས་ལྔའི་འགྲོ་དོན་མཐར་ཕྱིན་ཤོག།
སྤྱན་རས་གཟིགས་དབང་མཚན་དཔེ་ལང་ཚོ་རྒྱས།།
ཐམས་ཅད་མཁྱེན་པས་ཆོས་འཁོར་རྟག་ཏུ་བསྐོར།།
ཡེ་ཤེས་སྙིང་པོ་བསྟན་འཛིན་རྒྱ་མཚོ་ཡི།།
སྐུ་ཚེ་བརྟན་ཅིང་བཞེད་དོན་ལྷུན་འགྲུབ་ཤོག།
ཅེས་པ་འདི་ཡང་རབ་གནས་ཤིང་ལུག་རྒྱལ་ཟླའི་ཡར་ངོའི་ཚེས་པ་བཅུའི་ཉིན་གསར་ལམ་ཁག་ཏུ་༧རྒྱལ་དབང་ཐམས་ཅད་མཁྱེན་པ་འཕགས་མཆོག་སྤྱན་རས་གཟིགས་དབང་གི་རྣམ་སྤྲུལ་༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཉིད་ཀྱི་སྐུ་པར་མཐོང་བའི་མོད་ལ་མིག་ཆུ་མེད་དུ་དབང་ཤོར་བའི་སྐབས་སུ་རྩ་གསུམ་ཆོས་སྐྱོང་སྲུང་མར་གསོལ་མཆོད་དང་དཀོན་མཆོག་སྤྱི་འདུས་ཚོགས་འཁོར་དང་ཚེ་སྒྲུབ་སྨོན་ལམ་བཅས་དབྱིན་ཡུལ་ཀུན་བཟང་ཆོས་གླིང་ནས་དངོས་མིང་ལ་དཔལ་དགྱེས་པ་རྡོ་རྗེ་འམ་ཤྲྰི་ཨེ་མ་ཧོས་གསོལ་བ་འདེབས་པར་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག་གུ།།
འདས་མ་ད་ལྟའི་སངས་རྒྱས་ཀུན། །
རྒྱ་འགྱུར་བྱངས་སེམས་སྨོན་ལམ་མཐུས། །
མཁའ་འགྲོ་ཆོས་སྲུང་ཡོད་ཚད་ཀྱིས། །
སྲུངས་ཤིག་ད་ལྟའི་༸གོང་ས་མཆོག །