འབའ་སྲས།
ཨོཾ་སྭསྟི།
རྨད་བྱུང་ཚུལ་ཁྲིམས་ཕུང་བོས་རབ་མཛེས་སྐུ་ཡི་ལྷུན་པོ་རྡུལ་དང་བྲལ།།
ལེགས་བཤད་བདུད་རྩི་ཀུན་ལ་གདམས་པའི་གསུང་གི་ཡོན་ཏན་ཟད་དུ་མེད།།
མཁྱེན་རྟོགས་ཚད་མེད་གཏེར་གྱིས་ཕྱུག་པའི་ཐུགས་ཀྱི་ནམ་མཁའ་གཞལ་དུ་རིང་།།
ངུར་སྨྲིག་འཛིན་པ་ཤཱཀྱའི་སྲས་བོ་རྒྱལ་བ་བསྟན་འཛིན་རྒྱ་མཚོ་རྒྱལ།།
གང་དེ་རྟ་བདུན་ཤིང་རྟར་བཞུགས་ཏེ་ནུབ་ཀྱི་འགྲོ་བའི་དོན་དུ་གཤེགས།།
གངས་ལྗོངས་ཆོས་སྲིད་དབྱིག་འཛིན་གདོང་ལ་མུན་པའི་གྲིབ་མ་རྗེས་སུ་བཞག །
ཀུན་ཀྱང་མྱ་ངན་འོ་དོད་འབོད་དུས་གདུང་བའི་མུན་པ་ཟློག་བྱེད་དུ།།
འཁྲུལ་མེད་ཡང་སྲིད་སྐུ་ཡི་ཉི་གཞོན་སྟག་འཚེར་ནམ་མཁའི་དབྱིངས་སུ་ཤར།།
དེ་དུས་སུས་ཀྱང་ཤེས་པར་དཀའ་བའི་ཡང་སྲིད་གསེར་གྱི་ཉི་མ་ཆུང་།།
གང་དུ་འཛུམ་པའི་མངོན་རྟགས་གསལ་ཕྱིར་མཚོ་དང་བཅས་པ་གྲོགས་སུ་བླངས།།
དྭངས་ཤིང་གཙང་བའི་ལྷ་མོ་བླ་མཚོ་ཡིད་ཆེས་དད་པའི་མིག་གིས་དཀྲུགས།།
རང་བྱུང་འཁྱིལ་བའི་མཚོ་མོའི་ཀློང་དུ་ཨ་ཀ་མ་ཡི་མེ་ཏོག་བཞད།།
ཨེ་མ་ཡང་སྲིད་ཉི་མ་གཞོན་ནུ་དབང་ཕྱོགས་ཨ་མདོའི་སྐུ་འབུམ་དང་།།
མི་རིང་སྟག་འཚེར་ལྷ་ཡི་ལམ་དུ་དགེ་ལེགས་འོད་ཀྱིས་འཛུམ་པ་ཤེས།།
ལྷ་སའི་གྲོང་ན་མེ་ཁྱེར་བཞིན་དུ་གནས་པའི་སྐུ་དྲག་གཙུག་ཕུད་ཅན།།
ཁྱུང་སྔོན་སྐྱེས་ཀྱི་རྟ་ཕོར་བཅིབས་ཏེ་ཡང་སྲིད་ཉི་མ་བསུ་ཕྱིར་རྒྱུགས།།
གང་སྐུ་བཞད་པའི་ལྷ་ཡི་སྐྱེད་ཚལ་མངོན་དགའ་ཆེན་མོའི་སྒོ་དྲུང་དུ།།
གནས་རྒྱུ་བ་ཡི་ཚུལ་དུ་བཅོས་པའི་སྐབས་གསུམ་ཡུལ་གྱི་སློང་མོ་བ།།
གང་སྐུ་གཞོན་ནུ་ཡང་སྲིད་འཁྲུལ་མེད་ཡ་མཚན་རྟགས་ཀྱི་གཏེར་མཛོད་ལས།།
དགོས་འདོད་རིན་ཆེན་གསེར་གྱི་རྒྱགས་ཕྱེ་ལག་དུ་ཐོབ་པས་ཚིམས་པར་གྱུར།།
གང་སྐུ་ལྟེམས་ཡུལ་ཁྱིམ་ཆུང་དེ་རུ་སྐྱེས་ཆེན་གང་གི་ཡང་སྲིད་ལས།།
ཅི་ཡང་མ་གསུངས་ཡབ་ཡུམ་དང་བཅས་འདྲེན་པའི་ཆིབས་ཁ་དབུས་སུ་བསྒྱུར།།
འབུམ་ཆེན་གྲོང་སྡེ་ཉེ་བའི་འཁྲིས་སུ་དགའ་བཞི་ན་ཁར་ཞེས་པའི་གྲོང་།།
རྒྱལ་དབང་ཡང་སྲིད་གཞུང་འབྲེལ་བཀའ་ཡིག་ད་བཟོད་སྙན་གྱི་པད་མོར་བྲིས།།
སྐྱེས་ཕྲེང་སྔོན་མའི་འཕྲིན་ལས་འོད་སྣང་ཇི་བཞིན་འཛིན་པའི་ཉི་མ་ཆེ།།
ཤར་ཕྱོགས་སྤྲིན་གྱི་གསེབ་ནས་འཕགས་པས་མུན་པའི་ཁམས་ཆེན་གསལ་དང་ལྷན།།
གངས་ལྗོངས་བདེ་སྐྱིད་པད་མ་རྒྱས་ཕྱིར་འདྲེན་པའི་ཤིང་རྟ་ལ་བཞུགས་ནས།།
ཆེམ་ཆེམ་འོད་སྟོང་འབར་བའི་གཟི་བྱིན་ལྷ་སའི་ནམ་མཁའི་དབྱིངས་སུ་སྤྲོས།།
ཨེ་མ་དེ་རུ་སྐབས་གསུམ་དབང་བོའི་ཕོ་བྲང་ལ་འགྲན་པོ་ཏ་ལ།།
ཆོས་སྲིད་གཉིས་ཀྱི་སྲོག་ཏུ་བརྟན་པའི་གཡོ་བ་མེད་པའི་ཁྲི་ཐོག་ཏུ།།
ཁྱེད་སྐུ་ཉི་མ་འབར་བའི་དགེ་ལེགས་འོད་ཀྱི་ཆ་ཤས་རེ་རེ་ཡང་།།
ཁ་བ་རི་བོའི་བདེ་སྐྱིད་པད་མོ་རྒྱས་པའི་ཉི་མ་ཆེན་པོར་གྲུབ།།
དྲག་ལྡན་རལ་བའི་ལྗོན་པའི་རྩེ་མོ་དམར་ཆུང་བྱུ་རུ་ཟླ་བ་ཡིས།།
བརྒྱན་པའི་ཀློང་དུ་ས་གསུམ་དྲི་མ་རབ་འཁྲུ་གངྒའི་ཆུ་རྒྱུན་ལྟར།།
ལག་ལྡན་རི་བོ་འགྱིང་བའི་རྩེ་མོར་གང་སྐུ་གསེར་འོད་འཕྲོས་པ་ཡིས།།
དགེ་ལེགས་འབྱུང་བའི་སྤྲིན་ཕུང་ལས་ནི་དགའ་སྤྲོའི་ཆར་བ་ས་ལ་བསྙིལ།།
མཛེས་པར་བྱས་སོ་ས་ལའི་སྨན་ལྗོངས་གང་སྐུ་དཔག་བསམ་ལྗོན་པ་ཡིས།།
ཉེ་བར་གདུང་བའི་འགྲོ་བའི་མིག་ལ་མཚན་དཔེ་ཡོན་ཏན་མེ་ཏོག་གིས།།
གང་བར་བྱས་སོ་བདུད་བྱའི་རྣ་བ་ལེགས་བཤད་དགེ་བའི་བདུད་རྩི་ཡིས།།
ཀུན་ཀྱང་དགའ་ཞིང་སྤྲོ་བའི་སྐད་ཀྱིས་ཡངས་ཤིང་ཆེ་བའི་ནམ་མཁའ་ཡང་།།
བརྒྱད་གཉིས་ན་ཆུང་སྐུ་ཡི་ལག་ལྡན་སྐྱེལ་མའི་ཚལ་གྱི་མྱུ་གུ་བཞིན།།
ཆོས་སྲིད་ཁང་ཆེན་འདེགས་པའི་ཀ་བར་ད་དུང་ཆེ་ཆེར་ཕྲ་ན་ཡང་།།
རི་དྭགས་ཚོགས་ན་སེང་གེ་བཞིན་དུ་མཆེ་སྡེར་རབ་རྣོ་སྐུ་དྲག་ཚོའི།།
སྟོབས་ཀྱིས་མ་ནུས་ཆོས་སྲིད་རི་བོ་གཉིས་འཐུང་ཕྲུ་གུ་ཁྱེད་ལ་བཀལ།།
ཟླ་བ་ཕྱེད་ཀྱིས་དྲག་ལྡན་གཙུག་གི་རལ་བའི་ཕུང་བོ་མཛེས་པ་གང་།།
དེ་ཡི་དྲུང་གི་དགའ་མ་དག་གི་ཡིད་དགའི་གསོས་སུ་སྨིན་པ་ལྟར།།
གང་སྐུ་ཉི་མ་གཞོན་ནུའི་འོད་ཀྱིས་ས་ཡི་མུན་པ་རབ་གསལ་བས།།
སད་ཀྱིས་བཅོམ་པའི་པད་མ་དག་གི་འདབ་མ་སླར་ཡང་དགོད་པར་གྱུར།།
བས་མཐའི་རླུང་གི་དཀྱིལ་འཁོར་གཡོ་བས་གངས་ཅན་འཛིན་མའི་ངོ་གདོང་ལ།།
མི་གཙང་ཐལ་བའི་རྡུལ་གྱིས་རབ་གོས་དབུལ་བའི་རྣམ་པ་ཅི་ཡང་སྟོན།།
དེ་དུས་གང་སྐུ་ཉེ་བར་བྱོན་པའི་ཐུགས་རྗེ་རབ་ཡངས་ཆུ་འཛིན་ལས།།
འཕྲིན་ལས་ཆར་གྱི་བདུད་རྩི་བྱོ་བས་མྱ་ངན་དྲི་མ་དག་པར་གྱུར།།
ཉམ་ཆུང་རི་དྭགས་འཇིགས་པར་བྱེད་པའི་སྐུ་དྲག་སེང་ཆེན་སྡེར་མོ་ཡིས།།
བོད་འབངས་འཚོ་བའི་གདོང་ལ་དྲེད་པས་མཛེས་པའི་བཞིན་རས་རྨ་ཡིས་ཟོས།།
སྙིང་རྗེའི་སྤྱན་གྱིས་བཟོད་པར་མ་ནུས་གང་ཐུགས་ཞི་བར་ཁྲོས་པ་ཡིས།།
མང་གཙོ་གསར་གཏོད་རལ་གྲི་རྣོན་པོས་སྐུ་དྲག་རལ་བའི་ཅོད་པན་བཅད།།
ཤིན་ཏུ་དགེ་འོ་ཁ་བའི་རི་བོ་མུན་པས་བསྒྲིབས་པའི་གཟུགས་རིས་ནི།།
ཉིན་བྱེད་འབུམ་ཕྲག་ལྷན་ཅིག་ཤར་བ་ལྟ་བུའི་ཁྱེད་ཀྱི་ཐུགས་རྗེ་ཡི།།
དགེ་ལེགས་འོད་ལྡན་ཉི་མ་གཅིག་གིས་རབ་འཁྱུད་རང་མདངས་མངོན་གྱུར་ཏེ།།
ས་ཡི་ཉི་མ་ཆེན་པོ་ཁྱོད་ཅེས་ཀུན་དགའ་སྤྲོ་བའི་གླུ་དབྱངས་གྱེར།།
བསིལ་བའི་འོད་ཅན་རྒྱ་མཚོ་འཕེལ་བྱེད་མཁའ་རུ་ཁྱད་དུ་འཕགས་པས་ན།།
མུན་པའི་གླིང་ཁམས་སྐད་ཅིག་སེལ་ཞིང་ཀུ་མུད་ཁ་སྦུད་གྲོལ་བ་བཞིན།།
གང་སྐུ་འགྲོ་བའི་བསོད་ནམས་ལ་བྱོན་དེ་རྣམས་ཡིད་ཀྱི་སྡུག་བསྔལ་ཀུན།།
ཉེ་བར་སེལ་བས་དད་པའི་ཤུགས་ཀྱིས་སོར་བཅུ་འདབ་མ་བྲང་ཁར་བཞད།།
སུ་ཞིག་ཁྱེད་དང་རྒྱང་དུ་བྲལ་ཚེ་རྒྱུ་སྐར་ཁྲོད་ཀྱི་ཟླ་བ་གང་།།
བཞུད་པའི་རྗེས་སུ་མུན་པའི་གླིང་གི་སྐར་མའི་ཚོགས་ཀྱང་ཉམས་པ་བཞིན།།
དགའི་བའི་འཛུམ་དང་དགོད་པའི་བདེ་སྐྱིད་སྐྱོ་གདུང་ཞིང་ལ་འཕོས་གྱུར་ཏེ།།
སྡུག་བསྔལ་ཆེ་བའི་ཚེར་མའི་མྱུ་གུ་མ་བཏབ་ན་ཡང་སྐྱེས་པར་འགྱུར།།
དེ་བས་ཁྱེད་ཉིད་ཀུན་གྱི་མགོན་དང་ཀུན་ཀྱང་བདེ་བའི་རྩ་བ་ཞེས།།
ཕྱོགས་ཀྱི་སྐྱེ་བོའི་རྣ་ལ་མ་བསྒྲགས་གྲགས་པ་དཀར་བོའི་མེ་ཏོག་ནི།།
གདོང་དམར་མི་ཡི་མཐའ་ལས་རབ་བརྒལ་འཛམ་གླིང་ཡུལ་གྲུ་ཆེན་པོ་ཡི།།
ལྷ་མི་དང་བཅས་དད་གུས་གཙུག་ན་བདེ་བྱེད་རལ་བ་བཞིན་དུ་བརྗིད།།
ཁྱེད་ཀྱི་ཐུགས་རྗེ་གྲིབ་བསིལ་འོག་ཏུ་གངས་ཅན་འགྲོ་རྣམས་བདེ་གྱུར་ཀྱང་།།
མ་ཧ་ཙི་ནིའི་དུག་གི་ཁ་ལང་ལྷོ་སྤྲིན་ནག་པོའི་རྗེས་བཏབ་སྟེ།།
གདུག་ཅན་རྩུབ་པོའི་དྲག་ཆར་རབ་བྱོས་གངས་ཅན་སྐྱེ་བོའི་སྲོག་ལ་གཙེས།།
དགྲ་སྡེ་དཔུང་ཚོགས་ཞི་བས་གཞོམ་ཕྱིར་འཕགས་པའི་ཡུལ་དུ་གཡུལ་ས་བཙུགས།།
༼གསལ་བཤད། བརྩེ་བའི་ཀློག་མཁན་ལགས།
འདིའི་འཕྲོའི་ན་ད་དུང་ཤོ་ལོ་ཀ་སུམ་ཅུ་ལྷག་ཡོད་པས་འབྱུང་འགྱུར་བདག་གི་སྙན་དེབ་ནང་འགོད་རྒྱུ་ལས་དྲ་ངོས་སུ་འཇོག་རྒྱུ་མིན།༽
རྒན་འབའ་སྲས་ལགས་ཀྱིས་ངེད་གཞོན་སྐྱེས་ཚོར་སྙན་ངག་འདི་འདྲ་བཀླག་རྒྱུའི་གོ་སྐབས་ནམ་ཞར་དུ་སྤྲད་པར་ཐུགས་རྗེ་ཆེ་ཞུ་དང་ད་དུང་དུའང་དགྱེས་བཞིན་རྗེས་སུ་འཛིན་པའི་རེ་བ་དང་བཅས་གུས་ཕུལ།
རྒན་ལགས།
བཀླགས་ཚར་སོང་མོད། སེམས་པ་ད་དུང་ལུས་འདུག
བྲེལ་འཚུལ་གྱིས་ལས་ཀ་ལས་ནས་སྒོར་མོ་རེ་མ་བཙལ་ན་གྲོད་ཁོག་མི་རྒྱགས་ཀི བ་བར་ནས་སྙན་ངག་རེ་མ་བྲིས་ན་སེམས་པ་མི་སྐྱིད་ཀི རང་སེམས་སྤྲོ་བའི་ཆེད་དུ་ཡང་ཡང་མི་འབྲི་ཐབས་ཤིག་མི་འདུག་ག
སྙན་ངག་ཟེར་ན་འདི་འདྲ་འབྲི་དགོས་ནི་རེད། ཤི་རེ་ཁོ། རྒད་པོས་ཅང་འབྲི་མི་ཤེས་ནོ་མིན་ནས་ངོ་མ་སྙན་ངག་གི་རྩ་ལངས་ཡོང་གིན་འདུག
ཤིན་དུ་ལེགས་སོ་འབའ་སྲས་ལགས།
རྣ་བར་སྙན་པའི་སྙན་ངག་གཅིག
ཡིད་ལ་བབས་པའི་སྟོད་དབྱངས་གཉིས།
མིག་ལ་མཛེས་པའི་སྤྱོད་པ་གསུམ།
ཁྱེད་ནི་གསུམ་ལྡན་ཡིད་འོངས་སྲས།
སྐུ་ཉིད་གང་དུ་ཕེབས་ཀྱང་རུང་།
གང་དུ་བཞུགས་ཀྱང་གང་དང་གྲོགས།
གང་ཞིག་མཛད་ཀྱང་གང་ལ་ཞོལ།
ཐམས་བཅད་ལེགས་པར་སྒྲུབ་པར་སྨོན།
གངས་ཅན་མགོན་པོ་ཞབས་ལ་གཏུགས།
གངས་ཅན་མགོན་པའི་བཀའ་སློབ་སྒྲུབ།
གངས་ཅན་མགོན་པོས་མི་གཏོང་བ།
གངས་ཅན་མགོན་པོས་རྗེས་སུ་བཟུངས།
བཤེས་གཉེན་འབའ་སྲས་མཆོག་གི་སྙན་ཚིག་བཀླགས་པས་ཡིད་འཕྲོག་པ་འདུག སྔར་གྱི་མཁས་པ་དག་གིས་ག་པར་པ་རྒྱབ་དགོས་པ་དང་། ག་པར་བ་རྒྱབ་དགོས་པ་སོགས་ལ་ནན་ཏན་མཛད་ཀྱང་། ད་ལྟའི་གནས་སྐབས་སུ་དེ་དག་ལ་བཅིང་གྲོལ་བཏང་ནས། གང་འབྱུང་ཆོག་པ་མཁས་པ་ཆེན་པོ་ཚེ་ཏན་ཞབས་དྲུང་སོགས་ཀྱིས་བཟོས་ཡོད་ཅེས། ཀླུ་སྨྱོན་ཧེ་རུ་ཀས་གསུངས་ཀྱང་། མ་འོངས་པ་གང་འདྲ་བྱེད་འོང་ཞུ་དཀའོ།།
གཤམ་གསལ་གྱི་རབ་བྱེད་དེ་ཨ་ར་དཀར་པོ་ལ་ལན་འབྲི་བ་ཕྱི་ལུས་འཐེབས་པ་ཞིག་ཁོང་ལ་ལན་ཡིན་ཀྱང་ཀློག་པར་མཛད་ན་ཐུགས་སྤྲོ་བ་ལ་ཕན་རེའོ།།
ཨ་ར་དཀར་པོ་ལེགས།
ཁྱེད་ཀྱིས་ལམ་སྟོན་མཛད་པར་དགའ་བསུ། ལ་དྭགས་ཀྱི་སྐད་ལ་ཐོན་པའི་གསར་ཤོག་དེ་ལ་ངས་རྒྱབ་སྐྱོར་བྱེད་པ་མ་གཏོགས། དགག་པ་རྒྱབ་མེད། རྒྱུ་མཚན་ནི་དང་པོ་ཆེ་བ་མ་བཀག་ན། ཆུང་བ་བཀག་པས་གར་ཡང་མི་སླེབས་པ་ཡིན། དེ་དུས་ངས་ད་དུང་འདི་ལྟར་བཤད། གལ་ཏེ་ཆོས་སྐད་མི་ཉམས་པ་དགོས་ན། ས་གནས་གཞན་གྱི་གསར་སོགས་ཁ་སྐད་དུ་འདོན་པ་དག་ལ་བཤད་དགོས་ཞེས་སྤྱི་ལོ་༢༠༠༤ ལ། སངས་རྒྱས་པའི་ཆོས་དང་ལྟ་བའི་བགྲོ་གླེང་སྐབས་བྱུང་བ་ཞིག་ཡིན་འདུག དེ་དུས་གཅིག་གིས་བཤད་པར་། ལེགས་སོ་ཞེས་གསུང་བའི་རེ་བས། སྐུ་མདུན་ལ་ལ་དྭགས་སྐད་ཀྱི་གསར་ཤོག་དེ་ཕྱག་ཏུ་ཕུལ་པ་གཟིགས་པ་ན། འདི་ལ་གོ་རྒྱུ་ཞིག་གང་ཡང་མི་འདུག་ཅེས་གསུངས་ནས་བཏང་སྙོམས་སུ་བཞག་པར་མཛད་པ་་ཐོས། ཡང་གཅིག་ནས་གོ་ཐོས་ལ། སྐུ་མདུན་གྱིས་འདི་ལ་གོ་རྒྱུ་ཞིག་མི་འདུག་ཅེས་གསུངས་པ་ལ། འབུལ་བ་པོ་དེས་ང་ཞ་ལ། རེད་མ་རེད་། ཅེས་པ་ཡང་གོ་རྒྱུ་མི་འདུག་ཅེས་ཞུས་པ་ཐོས།
ལ་དྭགས་སྐད་ལ་ཐོན་པའི་གསར་ཤོག་དེ་ལ་ལ་དྭགས་པ་གཤམ་ཕྱོགས་པ་དང་། སྟོད་པ་གཉིས་བར་ལ་ཡང་འཆད་ཚུལ་མི་མཐུན། ལ་དྭགས་སྟོད་པས། ང་ཞ། ཁྱེ་ཞ། ལ་དྭགས་གཤམ་ཕྱོགས་པས། ང་ཅ། ཁྱེ་ཅ། སོགས་སྨྲ། གཤམ་ཕྱོགས་པ་གྲྭ་པ་ཞིག་གི་ལག་ཏུ་གསར་ཤོག་དེ་སྐྱེས་སུ་སྤྲད་པ་བཀླགས་པས། གོ་དོན་ལེགས་པ་མ་བྱུང་བས། ངས་ནི་ཚིག་གཅིག་ཀྱང་མ་གོ་སྤྲད་པ་ལ་ནི། ཐུགས་རྗེ། ཞེས་བཤད་པ་ཡིན་ཟེར། མཁན་པོ་དཀོན་མཆོག་ཕན་བདེ་ལ་དྭགས་ཁ་སྐད་ཀྱི་གསར་ཤོག་དེའི་ཡི་གེ་སྐྲུན་པ་པོ་ཡིན་པ་ཐོས། ཨ་རི་པ་བུ་མོ་དང་། ལ་དྭགས་པ་མཁས་པ་ཞིག་གི་བར་གཏམ་གླེང་བྱུང་བ་དེ། ལ་དྭགས་མཁས་པ་དེས་བརྡ་སྤྲོད་ཅེས་པ་སུམ་རྟགས་ལ་ངོས་འཛིན་པ་དང་། བུ་མོ་དེས་བརྡ་སྤྲོད་ཅེས་པ་ཚིག་གི་འགྲོ་སྟནས་ལ་བསམས་པ་ཕར་ཚུར་གོ་བརྡ་མ་སྤྲོད་པའི་སྐྱོན་ནོ། །ངས་ད་ལྟ་རང་རེའི་ལག་ཏུ་ཡོད་པའི་དག་ཆ་ཀུན་ལ་བདག་པོ་རྒྱབ་དགོས་པར་འཆད་ཀྱི་ཤི་ཚར་བ་ཞིག་ལ་ལོང་་ཟེར་ན་ཕན་ཐོགས་ཅང་མེད། བཀའ་བསྟན་སོགས་མཁས་པས་བྲིས་པའི་དག་ཆ་མིག་མཐོང་ལག་ཡོད་ལྟར་འགྲོ་ན། རང་རེ་བོད་རིགས་ཀྱི་སྐད་རིགས་གཅིག་འགྱུར་འབྱུང་བ་ལ་ཕན། མཆན་འདི་ན་བདག་གིས་མ་མཐོང་བ་མང་པོ་ལུས་འདུག ཕྱིས་མེད་ན། ལན་རེ་ཞུ་དགོས་པ་ཡིན།
ད་ཉིད་ཀྱི་དགོངས་གཞི་དེ་དག་འགྲུབ་དཀའ་བར་སྙམ་མོ། ཞེས་པར་ས་སྐྱ་ལེགས་བཤད་ལས།
བློ་ལྡན་བྱ་བ་ཅུང་ཟད་ཀྱང་།
རྒྱུན་དུ་གྲོས་ཀྱིས་བསྒྲུབ་པར་བྱ།
གྲུབ་པར་གྱུར་ན་ལྟ་ཅི་སྨོས།
མ་གྲུབ་ན་ཡང་མཛེས་པའི་རྒྱུ།། རབ་བྱེད་༨ ཚིགས་ ༡
ང་ལ་བྱ་བ་འདི་དག་ངེས་པར་དུ་འགྲུབ་པར་གདེང་ཡོད། ངའི་མི་ཚེ་རིང་ལ་མ་གྲུབ་ན་ཡང་། མ་འོངས་པ་ན་་བོད་མི་རྣམས་ཀྱིས་རང་གི་མི་རིགས་གཅིག་འགྱུར་བྱེད་པ་ལ་མི་མངས་ཀྱི་་ཁ་ནས་འཐོན་པའི་ཚིག་རྣམས་་བཀའ་འགྱུར་དང་། བསྟན་འགྱུར་གྱི་ཚིག་གི་དག་ཆ་དག་རྣམས་དང་བསྟུན་དགོས་པའི་ཉི་མ་ཞིག་འཆར་རོ།།
སྙན་གྱིན་སྙན་གྱིན་ཁུ་བྱུག་གཞོན་ནུའི་མགྲིན་ལས་སྙན། །
ཡག་གིན་ཡག་གིན་ཧོར་འཇིགས་སྙན་ངག་ལས་ཀྱང་སྙན། །
བཟང་གིན་བཟང་གིན་མཛད་རྣམ་རིན་ཆེན་སྙིང་བསྡུས་བཟང་། །
ཀློག་གིན་ཀློག་གིན་བཀློག་ན་འདོད་པའི་སྙན་རྩོམ་ཞིག །
རྒན་འཇམ་དཔལ་མཆོག་གིས༼སྔར་གྱི་མཁས་པ་དག་གིས་ག་པར་པ་རྒྱབ་དགོས་པ་དང་། ག་པར་བ་རྒྱབ་དགོས་པ་སོགས་ལ་ནན་ཏན་མཛད་༽ འདི་ལྟར་་གསུངས་འདུག བདག་སྒྲའི་པ་བའི་སྐོར་ལ་དབྱངས་ཅན་གྲུབ་པའི་རྡོ་རྗེ་ནས། བདག་སྒྲ་ཡར་གྱུར་བ་དང་ནི།། ཆ་ལ་པ་ཉིད་སྦྱོར་བ་ལེགས།། གསུངས་འདུག འོན་ཀྱང་ཨ་ཁུ་གསུང་རབ་ཀྱིས་སུམ་རྟགས་གཉིས་ཀྱི་ཚིག་དོན་མདོར་བསྡུས་ན། སྤྱིར་ན་པ་བ་འཇུག་ཚུལ་ནི།། ག་ད་བ་ས་ན་མ་པ།། ང་འ་ར་ལ་མཐའ་མེད་བ།། བདག་པོའི་སྒྲ་ལ་པ་ཉིད་དོ།། གསུངས་པ་ལྟར། མི་མཐུན་པ་གཉིས་འདུག་པ་ལས་གང་གི་རྗེས་སུ་འབྲང་མིན་དང་། སྔོན་ཆད་ཀྱི་བྲིས་ཚད་ལྡན་རྣམས་ལ་བ་ཡིག་བདག་སྒྲར་འཇུག་མིན་དེ་རེད།།
རྒན་ལ་དྭགས་པ་ལགས་ཀྱིས་དུས་རྒྱུན་དུ་ལྷག་བསམ་ཆེན་པོས་བོད་ཀྱི་སྐད་ཡིག་གཅིག་གྱུར་ལ་དགོངས་པ་རྒྱ་ཆེན་པོ་བཞེས་བཞིན་པར་ཁོ་བོས་ཀྱང་བཅོས་མིན་སེམས་ནས་བརྩི་བཀུར་ཞུ་བཞིན་ཡོད། འོན་ཀྱང་རྒན་ལགས་ཀྱིས་བཀའ་བསྟན་ནས་བྱུང་བ་ལས་གཞན་པའི་ཚིག་བརྡ་སྤྲོད་ཀྱི་འགྲོས་དང་མཐུན་མིན་ལ་མ་ལྟོས་པར་ཁས་ལེན་མི་བྱེད་པ་འདི་དགོངས་པ་བཞེས་སྟངས་ཅུང་གུ་དོག་པར་སེམས། ཉིད་ཀྱིས་དཔེར་བཀོད་པའི་བཀའ་སྩལ་ལྟ་བུ་སྔོན་འཇུག་མེད་པ་ཅན་བཀའ་བསྟན་ནས་བྱུང་བའི་རྒྱུ་མཚན་གྱིས་ཁས་ལེན་ལ། བསྩལ་ལྟ་བུ་སྔོན་འཇུག་ཅན་ཁས་མི་ལེན། སྒྲ་སྒྲོགས་ཀྱང་དེ་བཞིན་། ཁ་དཔེར་ཡང་མཁས་པ་སྔོན་མ་དང་བསྟན་བཅོས་ཕྱི་མ་ཟེར་སྲོལ་ཡོད་པ་ལྟར་བཀའ་བསྟན་ནས་འབྱུང་བའི་སྩལ་ལྟ་བུ་གཞིར་བྱས་ནས་ཕྱིས་ཀྱི་བརྡ་སྤྲོད་སྨྲ་བ་དག་གིས་བརྡ་སྤྲོད་པའི་ལུགས་དང་མཐུན་པར་བྱ་བྱེད་འདས་སྐུལ་བཞིའི་དབྱེ་བ་དུས་གསུམ་བྱེ་བྲག་པ་སྤྱིའི་འགྲོ་ལུགས་ལྟར་གཅིག་གྱུར་མཛད་པ་འདི་མ་ཚང་བ་ཚང་བར་བྱས་པའི་ཡར་རྒྱས་ཀྱི་རྣམ་པ་ཞིག་ལགས་ན་འདི་ལྟར་མཛད་པས་བྱ་ཚིག་གི་དོན་ལ་མི་གནོད་པ་མཟད། གོ་དོན་མ་འདྲེས་པར་སོ་སོར་སྟོན་པའི་དགེ་མཚན་ཆེན་པོ་ཡོད་པར་འདོད་པ་ལགས་ཀྱང་འདི་ཁོ་ན་བདེན་པའོ་ཞེས་ཨུ་ཚུགས་མཐར་སྐྱེལ་མཛད་ན་ཁོ་བོའང་ཞུ་རྒྱུས་ཕོངས། དེ་ནས་གོང་གི་ལ་དྭགས་སྐད་ཀྱི་ཚགས་པར་སྐོར་དེ་རྣ་ཐོས་ཙམ་ལས་ཆ་རྒྱུས་མེད་པས་ནོར་འཛོལ་མཆིས་ན་མཁས་དབང་མཆོག་ལ་དགོངས་སེལ་ཞུའོ།
ལ་དྭགས་མེ་ལོང་ཞེས་པའི་དུས་དེབ་དེ་མེད་པར་འགྲོ་བ་ལ་ཡི་གེ་ཐོག་ནས་སྐྱོན་བརྗོད་ཙམ་མ་ཡིན་པར་རྒྱུ་རྐྱེན་གཞན་ཡང་ཡོད་སྲིད། དེ་ལ་སྐྱོན་ཆེ་ཤོས་ནི་བྱེད་སྒྲ་དང་། འབྲེལ་སྒྲ་དག་གི་ཀྱི་དང་། གི་གྱི་གསུམ་གྱི་གསལ་བྱེད་དག་མེད་པར་སོང་། ཨི་ཡིག་རྐྱང་པ་ལུས་པ་དེ་རྗེས་འཇུག་ལ་ཞུགས། དེས་ན། ཆོས་ཀྱི་ཞེས་པར་ཁ་ནས་འདོན་དུས། ཆོ་སི་དང་། ཆོ་སིས་དང་། བོ་དི་་དང། བོ་དིས། ཞེས་འདོན་ཀྱང་། མེ་ལོང་གི་ཡི་གེ་བྱེད་པ་པོས། མིང་ཚིག་ལ་འགྱུར་བ་མེད་པར་བསམས་ཏེ། ཆོས་སིས། ཆོས་སི། བོད་དི་དང་། བོད་དིས། ཞེས་སོགས་བྲིས་པ་ཀློག་ལ་སྦྱངས་པ་དག་གིས་སྐྱོན་བརྗོད་བྱས། དེས་ན་བདག་གིས་དུས་དེབ་དེའི་ཡི་གེ་བྱེད་པ་པོར་ཡི་གེ་བྲིས་ཏེ། ཆོས་སི། ཞེས་པར་གོ་བ་ན། ཆོས་ཀྱི། ཞེས་པར་མི་གོ་བ་ཅི་ཡོད། ཅེས་རིམ་པས་བསྒྱུར་བཅོས་གཏང་དགོས་བསམས་ཀྱང་། དུས་དེབ་དེ་མེད་པར་སོང་བ་ལ་བློ་ཕམ་ཆེ། འོན་ཀྱང་། ད་ལྟ་རྒྱ་གར་གཞུང་གི་ལས་གཡོལ་པ་འཆི་མེད་རྣམ་རྒྱལ་ཞེས་པས་སྤྱིར་བཏང་སློབ་སྦྱོང་དང་མཉམ་དུ། རང་སྐད་བོད་ཡིག་སྦྱངས་ཤིང་། དྭངས་བླངས་ཀྱིས། ལ་དྭགས་གསར་འགྱུར། ཞེས་པ་ཟླ་རེར་ལན་གཉིས་འདོན་པ་ན། འདི་ལྟར་བྲིས་ཏེ། རྒྱལ་བ་ཀརྨ་མཆོག་ལ་རྒྱ་ནག་དང་འབྲེལ་ཡོད་ཀྱི་སྙད་འགལ་བཀལ་པ་དོན་མེད་ཡིན་པར་མངོན་ཏེ། རྒྱ་གར་གཞུང་ནས་ཀརྨ་མཆོག་སྐྱོན་མེད་གཙང་དག་ཡིན་པའི་ཁྱབ་བསྒྲགས་བྱུང་བ། ཞེས་ད་ལོ། སྤྱི་ཟླ་༣པར་འཐོན་པ་ན་བྲིས་སོ།།
གསར་ཤོག་དེ་མུ་མཐུད་དགོས་པར་མཐོང་སྟེ།
རྒྱལ་དབང་ཀརྨ་པ་མཆོག། གསང་བའི་ལས་སྡེ་དང་། མངའ་སྡེ་ཧི་མ་ཅལ་གྱི་པོ་ལིས་ཀྱིས། དྲེ་རྩད་བཏང་བའི་གྲུབ་འབྲས་མ་ཐོན་པའི་སྔོན་དུ། ཁོང་ལ་རྒྱ་ནག་པ་དང་འབྲེལ་ཡོད་སྲིད་པའི་མི་འོས་པའི་སྙད་འགལ་བཀལ་པ་དེ། དོན་མེད་ཡིན་པར་མངོན་ཏེ། རྒྱ་གར་གཞུང་གིས་ཀརྨ་པ་མཆོག་སྐྱོན་མེད་གཙང་དག་ཡིན་པའི་ཁྱབ་བསྒྲགས་བྱས་པ་ནི། ས་ལེ་སྦྲམ་གྱི་གསེར་ལ་ཅི་ཙམ་བཅད་གཏུབ་མེར་བསྲེགས་བྱས་ཀྱང་། རང་བཞིན་གྱི་རྣམ་པ་འགྱུར་བ་མེད་པར། གསེར་རང་མངོན་པ་ལྟར། ཀརྨ་པ་མཆོག་ལ་སུས་ཅི་ཙམ་ངན་སེམས་དང་སྙད་འགལ་བཀལ་ཀྱང་དྲང་པོའི་བསྟན་པ་ཆུས་ཀྱང་མ་འཁྱེར་མེས་ཀྱང་མ་ཚིག་པར། སྐྱོན་མེད་གཙང་དག་བྱུང་བ་ལ། ལ་དྭགས་ཀྱི་ནང་པའི་མི་རྣམས་ལ་དགའ་སྤྲོ་ཚད་མེད་བྱུང་བ་ཡིན་ནོ། །ཞེས་སོགས་བྲིས་སོ།།