བོད་དགེ་པདྨ་ལྷུན་གྲུབ།
བོད་ཅེས་མཐོ་སྒང་རྒྱལ་ཁབ་ས་ཁྱོན་གྱི་ཡངས་པ།།
ཕྱི་ལོ་དུས་རབས་སྔོན་གྱི་སྲིད་པ་རུ་ཆགས་ཞིང།།
གངས་རི་ལྗིད་ཆགས་བསྐོར་པའི་ཕ་ཡུལ་གྱི་ཞིང་ས།།
བོད་ལྗོངས་ལྷ་མི་ཡོངས་ཀྱི་ཞིང་ཁམས་དེ་ལོས་ཡིན།།
སྤྲེལ་རྒན་བྱང་སེམས་ཕ་ཡི་རིགས་བརྒྱུད་དེ་ཁོང་ནི།།
འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་དུ་བྱོན་ཞིང།།
བྲག་སྲིན་མ་ཡི་བརྒྱུད་པའི་བོད་རིགས་ཀྱི་འབྱུང་ཁུངས།།
མི་བརྒྱུད་སྡོང་པོར་མཆེད་པའི་བོད་རིགས་ཀྱི་སྤུན་ཟླ།།
ལྷ་སྐལ་ཕྱག་ན་པདྨོ་ཡི་གདུལ་ཞིང་དུ་གྱུར་ཞིང།།
སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཕྲེང་བ་རུ་རོལ་ཏེ།།
བོད་རིགས་སྤུན་ཟླའི་རེ་འདོད་ཇི་སྙེད་ཅིག་སྐོང་མཁན།།
འགྲོ་བའི་མགོན་པོ་སྐྱབས་གནས་པད་དཀར་ལས་སུ་མཆོག།
བསྟན་དང་འགྲོ་བའི་དོན་ཆེན་རྒྱ་ཆེ་རུ་དགོངས་ཏེ།།
འཕགས་མཆོག་མི་ཡི་གཟུགས་སུ་མངོན་སུམ་དུ་བྱོན་ཏེ།།
སྐུ་ཡི་ཕྲེང་བ་རིམ་བྱོན་བཅུ་བཞི་པ་ཆེན་པོ།།
བདག་ཅག་བོད་རིགས་ཡོངས་ཀྱི་འདི་ཕྱི་ཡི་སྐྱབས་གནས།།
འདི་ཕྱིའི་སྐྱབས་དམ་པའི་བཀའ་དགོངས་ལ་བསམ་ན།།
ཆོལ་གསུམ་རིས་མེད་རྡོག་རྩ་ཆིག་བསྒྲིལ་གྱི་ལམ་ནས།།
སྐྱིད་ན་སྐྱིད་མཉམ་སྡུག་ན་སྡུག་མཉམ་ལས་གཞན་པའི།།
ཆོལ་གསུམ་ཁ་བྲལ་གཏོང་མཁན་དགོངས་པ་དེར་བརྒལ་ཡོད།།
ཆོལ་གསུམ་ཆིག་སྒྲིལ་མེ་ཤུགས་གོང་བུ་རུ་བསྒྲིལ་ན།།
དགྲ་བོའི་ནུས་ཤུགས་འགྱེལ་བཤིག་རང་ས་རུ་ལུས་ཏེ།།
བོད་དང་བོད་མིའི་རང་དབང་མེ་ལྕེ་རུ་འབར་ནས།།
བོད་ལ་སྐྱིད་པའི་ཉི་མ་འཆར་ངེས་ལ་ཉེ་ཡོང།།
ནང་འཁྲུག་དགྲ་བོའི་དཔུང་ཤུགས་རམ་འདེགས་ལ་བསམ་ནས།།
བོད་རིགས་སྤུན་ཟླའི་ལ་རྒྱ་གོང་མཐོར་གྱི་ཐབས་སུ།།
ཆོལ་ཁ་ཆོས་ལུགས་དབྱེར་མེད་ཆིག་སྒྲིལ་རང་ཡིན་པ།།
མགོན་པོ་མཆོག་གི་བཀའ་དགོངས་དེ་ཉིད་ལ་སོམས་ཤིག།
རྒན་རབས་ང་ཚོའི་བྱེད་སྟངས་དཔེ་མཚོན་ལ་འཁྱེར་ནས།།
དེང་རབས་ན་གཞོན་བོད་ཕྲུག་རྗེས་འབྲང་ལ་དེད་ན།།
མ་འོངས་འཛུགས་སྐྲུན་གདལ་བཤིག་དབང་མེད་དུ་འགྱུར་རྗེས།།
འགྱོད་པའི་རྒྱུ་འདི་མི་རབས་རྫོགས་ཐབས་ཤིག་ཨེ་ཡོད།།
ཕྱོགས་རིས་ཅལ་ཅོལ་མི་སྨྲ་སྤྱི་སེམས་རང་འཁུར་དགོས།།
གང་བྱུང་ཐོལ་བཤད་མི་སྨྲ་རང་སེམས་རང་བཅུན་དང།།
འདི་ཕྱི་བླ་མའི་བཀའ་བཅག་དམ་ཉམས་དེ་མ་བྱེད།།
བོད་རིཌ་བོད་དོན་སྤྱི་ཡི་གནད་འགག་ལ་གཟིགས་དང།།