གཞུང་པ་ཚེ་དབང་བསོད་ནམས།
དེ་སྔོན་ལག་ཁྱེར་སྐད་འཕྲིན་མེད་པའི་དུས་སྐབས་སུ་བཙན་བྱོལ་སྤྱི་ཚོགས་ནང་ལབ་རྒྱུ་དང་གླེང་རྒྱུ། ཤོད་རྒྱུ་དང་གཏམ་རྒྱུ། ཁྱོད་དང་ང་། རྟ་དང་བང་། ཟེར་བ་སོགས་གང་ཡང་མེད་པ་ཞི་བདེ་ལྷིང་ཆགས་ངང་སོ་སོའི་འཚོ་བའི་ལས་དོན་ཁག་ལ་འགན་འཁུར་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་ཉི་མ་མེ་གྲོགས་དང་ཆར་པ་ཆུ་གྲོགས་བྱས་ནས་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནས་བསྐུར་བའི་བོད་ཀྱི་ཡུལ་མིའི་ལས་འགན་ཁག་སྒྲུབ་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་མི་མང་བཅས་ཚང་མ་འཆམ་མཐུན་ངང་འཚོ་བཞིན་པའི་དུས་སྐབས་ནས་ལག་ཁྱེར་སྐད་འཕྲིན་གྱིས་དུས་རབས་ཤར་བ་ནས་མི་ཚང་མ་སྤྱི་ཚོགས་དྲ་རྒྱའི་དུས་རབས་ལ་དབྱིངས་ཞུགས་ནས་རྒྱལ་སྤྱིའི་དྲ་རྒྱའི་རིན་ཐང་དང་བེད་སྤྱོད་བྱེད་སྟངས་ཇི་ཡིན་མ་ཤེས་ནས་དྲ་རྒྱ་བེད་སྤྱོད་ལོག་ལམ་ལ་འཁྲིད་ནས་ཕྱོགས་གཏོགས་ཆབ་སྲིད་ལ་འགན་འཁུར་ནས་མཐུན་པ་མ་མཐུན་པ་བཟོ་རྒྱུ་དང་། འགྲིག་པ་མ་འགྲིག་པ་བཟོ་རྒྱུ། བདེན་པ་རྫུན་མ་བཟོ་རྒྱུ། རྫུན་པ་བདེན་པ་བཟོ་རྒྱུ། དཀར་པོ་ནག་པོ་བཟོ་རྒྱུ།
ནག་པོ་དཀར་པོ་བཟོ་རྒྱུ།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཐོ་རིམ་མི་སྣ་ཁག་ལ་ཁྱད་གསོད་དང་། ཟུར་ཟ་སྐྱོན་འཛུགས། ཉེས་མེད་ཉེས་འདོགས། དེ་སྔོན་བཙན་བྱོལ་སྤྱི་ཚོགས་ནང་མི་ཚེ་ཧྲིལ་པོ་སྡུག་དཀའ་ལས་རྒྱག་མཁན་གྱི་གཞུང་ཞབས་བྱས་རྗེས་ཅན་ཟུར་པ་རྣམས་ལ་མ་ཉེས་ཁ་གཡོགས་ཀྱིས་སྐྱོན་འཛུགས་བྱ་རྒྱུ་སོགས་བཙན་བྱོལ་སྒྲིག་འཛུགས་ཉམས་ཆག་གཏོང་ཐབས་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནུས་མེད་གཏོང་མཁན་སྤྱི་འཐུས་སྐབས་བཅུ་དྲུག་པའི་ཁྲིམས་འགལ་གྱིས་གྲོས་ཆོད་ཡིག་ཆ་ཨང་ ༣༩ ལ་རྒྱབ་སྐྱོར་གྱི་ཚུལ་དུ་སྤྱི་ཚོགས་ནང་ཕྱོགས་ལྷུང་གི་དྲིལ་བསྒྲགས་གང་སར་སྤེལ་བཞིན་པ་འདི་དག་ནི། རང་གཞན་གཉིས་ཕུངས་ཀྱི་ལས་ངན་ཙམ་ལས་མ་མཐོང་ན་བསམ་ཡོད་བློ་ལྡན་བོད་མི་ཚང་མས་དྲ་རྒྱའི་དུས་རབས་དེ་ཁྲིམས་མཐུན་དུ་བེད་སྤྱོད་ཐུབ་པའི་འགན་འཁུར་བཞེས་ནས་དབུས་བོད་མིའི་སྒྲིག་འཛུགས་ལ་ཉི་མ་མེ་གྲོགས་དང་ཆར་པ་ཆུ་གྲོགས་གནང་ནས་སྤྱི་ཚོགས་དྲ་རྒྱའི་བེད་སྤྱོད་དེ་ཁ་ཕར་སློག་ནས་ང་ཚོའི་ལུང་པ་འཕྲོག་མཁན་རྒྱ་ནག་དམར་གཞུང་འབེན་ལ་བཙུགས་ནས་ངོ་རྒོལ་དང་སྐྱོན་བརྗོད་སོགས་ག་འདྲ་ཞིག་གནང་རྒྱུའི་ནུས་པ་དང་ཆོད་སེམས་ཡོད་པ་ཆ་ཚང་དགྲ་ལ་གཏོད་དགོས་པ་ལས། ཁ་ནང་ལ་ནམ་ཡང་འཁོར་མི་ཉན་པ་ནི་དགྲ་དང་གཉེན། མགོན་དང་སྐྱབས། རང་དང་གཞན། དགྲ་གཉེན་མགོན་གསུམ་དང་རང་གཞན་གཉིས་ངོ་ཤེས་པའི་ཐོག་ནས་དྲ་རྒྱའི་རིན་ཐང་དེ་བེད་སྤྱོད་ལོག་པར་ནམ་ཡང་གཏོང་མི་ཉན་པའི་འབོད་བསྐུལ་ཞུ་འདོད་བྱུང་། སྤྱི་ཚོགས་དྲ་རྒྱ་བརྒྱུད་ནས་འདས་པའི་བོད་ཀྱི་ལོ་རྒྱུས་གསལ་སྟོན་གནང་རྒྱུ་དང་། ཁོར་ཡུག་དང་འབྲེལ་བའི་རྩོམ་ཡིག་སྤེལ་རྒྱུ་དང་། སྔ་མོའི་བོད་ཀྱིས་གཏམ་དཔེ་དང་། སྔ་མོའི་སྒྲུང་། ལྷག་པར་དུ་རྒྱ་མིས་བོད་ལ་དྲག་གནོན་བཙན་འཛུལ་བྱས་པའི་དངོས་བྱུང་ལོ་རྒྱུས་ལ་སོགས་པ་མང་ཚོགས་དང་ལྷག་པར་དུ་ན་གཞོན་མི་རབས་གསར་པ་ཚོའི་ཤེས་རྟོགས་ཆེད་གཏམ་གླེང་དང་རྩོམ་ཡིག་སོགས་དྲ་ཐོག་ཏུ་འཇོག་ཐུབ་ན་དྲ་རྒྱའི་དུས་རབས་ཀྱིས་དམིགས་ཡུལ་དང་རིན་ཐང་སོགས་དང་མཐུན་པ་ཞིག་ཡིན་པ་མ་ཟད་དྲ་རྒྱ་བེད་སྤྱོད་བཏང་བའི་བཏང་གོ་ཆོད་པ་ཞིག་ཀྱང་ཡིན་པ་བཅས་རེ་ཞིག་འདིར་འཇུག་བསྡུས་པའོ།།
༢༠༢༣/༡༢/༡༡