གངས་དཀར་སེམས།
རྒྱལ་ཁབ་འདིར་འབྱོར་ནས་ལོ་ལྔའི་ནང་ཐོག་མར་གསར་འབྱོར་ཡིན་སྐབས་སུ་ངས་ཞོར་ལས་ཀྱི་ཟོལ་དུ་ཐབ་ཚང་དུ་ཕོར་པ་འཁྲུས་པ་དང་། བུད་མེད་ཚོའི་རྐང་ལག་གཉིས་ལ་མཚོན་རྩི་བྱུག་སའི་ནང་རྐང་པ་འཁྲུ་མཁན་ནམ་མཚོན་རྩི་བྱུག་སར་སོང་བ། དེ་རྗེས་གཞུང་འབྲེལ་སྡེ་ཚན་གྱི་ངོ་སྤྲོད་བརྒྱུད་ཅ་དངོས་སྟེབས་རྩིས་རྒྱག་མཁན་དང་། དེ་མིན་ཅ་དངོས་རྙིང་པ་བཙོང་སར་གྱོན་ཆས་གཙང་བསྒྲིག་བྱེད་མཁན་བཅས་ཀྱི་ལས་ཀ་བྱས་མྱོང་།
དེ་རྗེས་ངས་གཙོ་བོ་ཆེད་ལས་ལྟ་བུ་ཞིག་སྦྱངས་ནས་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་གྱི་ལས་ཀ་ཅིག་ལོ་ངོ་ཧྲིལ་པོ་གསུམ་ལྷག་ཙམ་བྱས་དང་བྱེད་མུས་ཡིན། ཉེ་དུས་རོགས་པ་སེམས་བཟང་མ་ཞིགིས་བསྐུལ་འདེད་འོག་སྨན་ཁང་ཆེན་མོ་ཞིག་ཏུ་ལས་ཀ་ཨང་གཉིས་པ་ཞིག་བལྟས་ནས་དེ་རག་པ་བྱུང་། ལས་ཀ་འདི་ནི་ཁོར་ཡུག་གཙང་བཟོའམ་ཕྱི་སྐད་དུ་སྤྱི་མིང་ལ་ (Environmental services assistant) ཞེས་འབོད། དོན་དངོས་སུ་སྨན་ཁང་དུ་ཡིག་ཚང་དང་ནད་པའམ་དབང་པོ་སྐྱོན་ཅན་གྱི་སྤྱི་སྤྱོད་གསང་སྤྱོད། ལས་བྱེད་ཚོའི་ཐབ་ཚང་གི་གསང་སྤྱོད་དང་ཕོ་མོའི་གྱོན་ཆས་བརྗེ་ལེན་བྱེད་སའི་ཁང་པ། མགྲོན་པོ་སྣེ་ལེན་བྱེད་སའི་ཁོར་ཡུག་དང་གློག་གི་སྐེས་འཛེགས་གཙང་མ་བཟོ་རྒྱུ་དང་། ནད་པའི་ཉལ་ཁྲི་གཙང་མ་དང་དེ་བཅའ་རོགས་བཅས་གཙོ་བོ་བྱེད་རྒྱུ་རེད།
ང་ཚོ་སྡོད་སའི་མངའ་སྡེ་འདིའི་ནང་གི་སྨན་ཁང་ཆེན་པོ་འདིའི་མིང་ལ་(Northern beaches hospital) ཞེས་འབོད་ཅིང་སྒེར་བདག་ཅན་གྱི་སྨན་ཁང་ཞིགརེད་འདུག དེའི་སྐོར་ངས་དྲ་ཐོག་གི་རྒྱུ་ཆ་གཙོ་བཟུང་སྙིང་བསྡུས་ཕྱོགས་བསྒྲིགས་བྱས་པ་གཤམ་གསལ།
སྨན་ཁང་འདི་ནི་ཨོ་གླིང་རྒྱལ་ཡོངས་རང་བཞིན་གྱི་སྒེར་བདག་ཅན་དང་འཕྲོད་བསྟེན་བདེ་ཐང་མཁོ་སྤྲོད་བྱེད་ས་ཤིག་རེད། སྨན་ཁང་ཁྱབ་ཁོངས་སུ་དྲ་ཐོག་ནས་མཉམ་འབྲེལ་སྨན་ཁང་གཞན་ཁག་ ༤༢ དང་། ས་གནས་དང་གཞན་ཁྱབ་ཁོངས་ཡོངས་ལ་ཞབས་འདེགས་ཞུ་བཞིན་ཡོད་འདུག སྨན་ཁང་ནང་མི་འབོར་ ༡༩༠༠༠ ལྷག་ལ་ལས་གནས་མཁོ་སྤྲོད་གནང་ཞིང་། ཕལ་ཆེར་གོང་མཚུངས་ཀྱི་གྲངས་ཀའི་སྨན་པ་ཚོ་ལའང་ལས་འཇུག་གི་གོ་སྐབས་བསྐྲུན་འདུག སྨན་ཁང་ངོས་ནས་སྨན་པ་དང་སྨན་ཞབས་གཙོས་འདིའི་ནང་གི་ལས་བྱེད་རྣམས་ཀྱིས་སོ་སོའི་ལས་གནས་ཐོག་ཕུལ་བྱུང་གི་གྲུབ་འབྲས་སྟོན་ཐུབ་པ་བྱུང་ཚུལ་བཤད་འདུག་ཅིང་། གང་ས་ཅིའི་ཐད་ཀྱི་སྙན་ཐོ་གཙང་མས་ཕྱི་གསལ་ནང་གསལ་དང་སྣེ་ཤེན་གྱིས་ནད་པའི་ངོས་ནས་བསམ་འཆར་མཁོ་འདོན་ཐུབ་པ་བྱུང་བའི་སྐོར་སྤྱི་ཚོགས་སུ་སྐད་གྲགས་ཡོད་པ་རེད་འདུག
དྲ་རྩོམ་དེའི་ནང་འདིར་ལས་གནས་ཅི་འདྲ་ཡིན་ཡང་ང་ཚོའི་ལས་བྱེད་མི་སྣ་མི་རེ་ངོ་རེས་ཉིན་ལྟར་ནད་པ་དང་དེ་དག་གི་ཁྱིམ་མི་བཟའ་ཟླ་བུ་རྒྱུད་སོགས། དེ་བཞིན་རོགས་སྐྱོར་མི་སྣ་རྣམས་ཀྱི་འཚོ་བ་ལ་བཅོས་བསྒྱུར་གཏོང་བཞིན་ཡོད་ལ། ཁོང་ཚོར་རོགས་སྐྱོར་དང་ཞབས་ཞུ་སྒྲུབ་བྱེད་ཀྱི་ལས་གཞིའི་ཆ་ཤས་སུ་གྱུར་བ་དེ་ནི་ང་ཚོའི་གཟི་བརྗིད་ལྡན་པའི་བྱ་བ་ཞིག་རེད་ཅེས་སྤེལ་འདུག
དྲ་ཐོག་ཏུ་སྨན་ཁང་ཆེན་པོ་འདིའི་འགོ་བྱེད་མི་སྣ་གཙོ་གྲལ་ཕོ་ལྔ་དང་མོ་ལྔ་བསྡོམས་ ༡༠ ཡི་ལོ་རྒྱུས་མདོར་བསྡུས་རེ་བཀོད་འདུག་ལ། དེ་དག་ནི་ལས་གནས་སྣ་ཚོགས་སུ་ཉམས་མྱོང་ཕུན་སུམ་ཚོགས་པ་ཤ་སྟག་རེད། དཔེ་མཚོན་གཙོ་བོ་ཞིག་བཀོད་ན་རྒན་གྲལ་ཨང་དང་པོ་ (Steven Rubic )ནི་ལས་གནས་གཞན་ལའང་དབུ་འཁྲིད་ཀྱི་གོ་གནས་ཡོད་མཁན་ཞིག་རེད་འདུག་ལ། ཨོ་གླིང་དུ་འཕྲོད་བསྟེན་ལས་གནས་ཐོག་གོང་བཀུར་འོས་པའི་དོ་དམ་འགན་གཙོ་ཞིག་རེད། ཚོགས་པ་དང་སྒྲིག་འཛུགས་གསར་བཙུགས་བྱུང་བའི་ཁག་ནང་ཁོང་ནི་མཐོ་རིམ་ཚད་ལྡན་གྱི་དབུ་འཁྲིད་ཀྱི་ཉམས་མྱོང་ལྡན་པ་ཞིག་རེད། ཁོང་འགྱུར་ལྡོག་ཇེ་མགྱོགས་འགྲོ་བཞིན་པའི་ཁོར་ཡུག་འདིའི་ནང་གཞན་རྣམས་འགོ་འཁྲིད་ཐུབ་པའི་ནུས་ལྡན་མི་སྣ་ཞིག་ཡིན་ཞིང་། སྒེར་གཉེར་དང་སྤྱི་ཁྱབ་འཕྲོད་བསྟེན་སྡེ་ཚོགས་དང་། རྒན་གསོའི་ཁྱབ་ཁོངས་སུ་གནད་ཆེ་བའི་འཐབ་རྩོལ་གྱི་ནུས་པ་ལྡན་པའི་སྒོ་ནས་དབུ་འཁྲིད་ཀྱི་སྒྲིག་འཛུགས་ཀྱི་ནུས་པ་བེད་སྤྱོད་གནང་བཞིན་ཡོད་པ་རེད་ཅེས་བྲིས་འདུག
མིག་སྔར་ཁོང་ནི་གསོ་རིག་ཞིབ་འཇུག་ཁང་གི་དབུ་འཁྲིད་སྡེ་ཚན་ཁྱབ་ཁོངས་ཀྱི་ཚོགས་མི་དང་། མངའ་སྡེ་(New South Wales) འདིའི་སྒེར་གཉེར་སྨན་ཁང་མཐུན་ཚོགས་ཀྱི་དབུ་གཙོ་ཟུར་པ་དང་། ད་དུང་ཨོ་གླིང་ཚོང་ལས་དབུ་འཁྲིད་མཐུན་ཚོགས་དང་འཕྲོད་བསྟེན་ཞབས་ཞུའི་དོ་དམ་མཐོ་སློབ་ཀྱི་ཞིབ་འཇུག་པའམ་རེད་འདུག
(གཞན་དུས་ཁོམ་འབྱུང་ན་སྨན་ཁང་འདིའི་དབུ་འཁྲིད་མི་སྣ་བཅུའི་ནང་གི་བུད་མེད་ལྔའི་ལོ་རྒྱུས་ཉུང་བསྡུས་རེའང་བསྒྱུར་འདོད། )
སྨན་ཁང་ཕྱིའི་བཀོད་པ་མ་ཁང་སྡེ་ཚན་དུ་མཐོ་བརྩེགས་བདུན་ཅན་དང་ས་འོག་ཐོག་བརྩེགས་གཅིག་འདུག ཁང་བརྩེགས་མདུན་ངོས་སུ་རླངས་འཁོར་བསྡོམས་ ༡༤༠༠ བཞག་ས་ཁང་བརྩེགས་གཞན་ཞིག་འདུག མ་ཁོག་གི་སྡེ་ཚན་ནང་ཕྲུ་གུ་སྐྱེ་ས་ (Maternity) དང་། སྙིང་ནད་ཚན་པ།(Cardiac) རུས་པའི་ཚན་པ།(Orthopaedics) རིག་པ་སྐྱོན་ཅན་གྱི་བདེ་ཐང་དང་འབྲེལ་བའི་ཚན་པ།(Mental health) བྱིས་པའི་ཚན་པ།(Addiction) མཁལ་མའི་སྡེ་ཚན།Renal སྐྲན་ནད་དོ་དམ་དང་དེར་རོགས་སྐྱོར་ཚན་པ།(Censer care specialtion) བཅས་གཙོ་གྲལ་ཁག་གི་སྡེ་ཚན་ཁག་ཡིན་ལ། སྨན་ཁང་ནང་དུ་གཤག་བཅོས་ཁང་མི་འདྲ་ཁག ༡༤ དང་། གཞན་ཡང་སྙིང་ནད་དམ་སེམས་དང་འབྲེལ་བའི་ཚོད་ལྟ་ཁང་ ༢། ཕྱི་ནད་ཁྱབ་ཁོངས་ཀྱི་མ་ལག་ཚང་བའི་མྱུར་སྐྱོབས་ཁང་ཆེན་པོ་ཞིག (Emergency department) དུ་ནག་དང་མྱོས་རྫས་ (ངས་མཐོང་སྣང་ལ་ཆང་རག་མང་དྲག་མཁན་ཡང་འདིའི་ནང་ཚུད་མིན་འགྲོ་སྙམ།)མང་དྲག་པའི་རིགས་ལ་ལྟ་རྟོགས་བྱེད་སའི་སྡེ་ཚན། ནད་པ་ཛ་དྲག་རིགས་ལ་ལྟ་སྐྱོང་ཚུད་པའི་ཚན་ཁག(Intensive care) ནད་པའི་ཉལ་ཁྲི་བསྡོམས་གྲངས་ ༤༨༦ དང་། དེའི་ནང་འཁྲུས་ཁང་དང་གསང་སྤྱོད་ཆ་འགྲིག (ངས་བསམ་ན་མ་འོངས་པ་ལའང་ནད་ཁང་རྒྱ་བསྐྱེད་བྱ་ཆོག་ཆོག་རེད་བཞག་སྙམ།)
གོང་གསལ་ཚན་པ་དེ་དག་ཞིབ་ཏུ་དབྱེ་ན། ཕོ་རྒྱུ་ན་ཚའི་སྡེ་ཚན། ཛ་དྲག་རྟོག་དཔྱོད་ཁང་། མཁལ་མའི་སྡེ་ཚན་དང་ཡན་ལག་སྡེ་ཚན། མིག་ནད་སྡེ་ཚན། ཁྲག་རྩའི་གཤག་བཅོས་སྡེ་ཚན། སྐྲན་ནད་སྡེ་ཚན། ཛ་དྲག་མྱུར་སྐྱོར་སྡེ་ཚན། སྤྱི་བཏང་སྨན་སྤྱོད་སྐོར་གྱི་སྡེ་ཚན། གསོ་རིག་གློག་འཕྲུལ་སྐོར་གྱི་སྡེ་ཚན། གླད་རྩའི་ནད་རིགས་སྡེ་ཚན། ནད་དཔྱོད་རིག་པའི་སྡེ་ཚན། རྒན་གསོ་ཁང་དང་འབྲེལ་བའི་སྡེ་ཚན། སྣ་དང་རྣ། མགྲིན་པ་དང་འབྲེལ་བའི་སྡེ་ཚན། འགོས་ནད་དང་འབྲེལ་བའི་ཚན་པ། རིག་པ་སྐྱོན་ཅན་དང་འབྲེལ་བའི་ཚན་པ། རུས་པའི་ན་ཚ་དང་དེ་ཆག་གྲུམ་དང་འབྲེལ་བའི་སྡེ་ཚན། གཤག་བཅོས་སྡེ་ཚན། སྦྲིད་སྨན་སྡེ་ཚན། ཁྱོན་ཡོངས་ཀྱི་སྤུས་ཚད་རྟོག་ཞིབ་སྡེ་ཚན། བཅས་འདུག
དེ་བཞིན་འདིར་ནད་པ་རྟག་དཔྱད་བྱེད་ས་སྟབས་བདེའམ་སྒོ་ཆེན་དུ་འཛུལ་བདེ་བའི་ཕྱི་ནང་གཉིས་སུ་གློག་གི་སྐས་འཛེགས་བསྡོམས་སྡེ་ཚན་ཆེ་ཁག་གསུམ་དང་། སྡེ་ཚན་རེར་གློག་གི་སྐས་འཛེགས་ཆ་འགྲིག་རེ་དུས་མཉམ་ཡར་མར་འགྲོ་སླ་བ། སྒོ་ཆེན་གྱི་དཀྱིལ་ངོས་སུ་ཁ་ཕྱོགས་འཚོལ་བསྙེག་བྱེད་སའི་གློག་འཕྲུལ་ཆེན་པོ་གཉིས། ཐོག་བརྩེགས་ཉིས་ཐོག་དང་གསུམ་ཐོག བཞི་ཐོག་དང་ལྔ་ཐོག་བཅས་ཀྱི་སྤྱི་སྤྱོད་གསང་སྤྱོད་ནང་ཕྲུ་གུའི་གྱོན་གོས་བརྗེ་སའི་ཉལ་ཁྲི་ཆུང་ངུ་སྟབས་བདེ་རེ་མཁོ་སྤྲོད་ཡོད་ལ། ནད་པར་རྟག་དཔྱད་བྱེད་སའི་ཡོ་བྱ་ཆ་ཚང་བ། སྨན་ཁང་གཞན་གསར་བསྐྲུན་བྱེད་མཁན་ཡོད་རིགས་ལའང་འདི་ནས་རྒྱབ་སྐྱོར་དང་མ་འོངས་པའི་ལག་ཤེས་མཁོ་སྤྲོད་བཅས་བྱ་ཆོག་ཆོག་རེད་འདུག
དེ་མིན་ཐོག་བརྩེགས་དང་པོའི་ནང་སྨན་པ་བརྟེན་གཏུག་བྱེད་སའི་སྣེ་ལེན་ཁང་དང་། དེའི་ཁ་སྤྲོད་ཕྱོགས་སྨན་བཙོང་ས་དང་། མངར་ཆའི་རིགས་གཙོས་ཙ་ཙིག་སིལ་ཚོང་ཁང་གཅིག དེ་མིན་ཕྱོགས་ཁ་སྤྲོད་གཞན་ཟུར་ཞིག་ལ་ཚིགས་ཇ་ཁང་དང་ཟས་རིགས་བཙོང་ས། མགྲོན་པོར་ཞབས་ཞུ་སྡེ་ཚན་བཅས་ཁག་མི་འདྲ་བས་གྲུབ་ཡོད། སྒོ་ཆེན་ཕྱིར་དོན་སོང་ནའང་གཞུང་ལམ་ཉེ་འགྲེམ་འཁེལ་ཡོད་པ་མ་ཟད་ཕར་ཚུར་སྤྱི་སྤྱོད་འབབ་ཚིགས་དང་ཧ་ཅང་ཐག་ཉེ་བའི་ཁེ་ཕན་ལྡན་ཡོད་པ་རེད།
ཤེས་གསལ་ལྟར་ན། སྨན་ཁང་འདིའི་ནང་བོད་པའི་སྨན་ཞབས་མ་ཁ་ཤས་དང་ཐབ་ཚང་དུ་ལས་ཀ་བྱེད་མཁན། དེ་མིན་གཙང་བཟོ་བ་ཉེ་དུས་གསར་འཇུག་བྱུང་བ་བཅས་ཁྱོན་བོད་མི་ཉི་ཤུ་ཡས་མས་ཙམ་ཡོད་འདུག
ངས་ཐོག་མར་འདིར་བདུན་གཉིས་ཙམ་ལ་ས་རྒྱུས་ཁོ་ནའི་ཆེད་དུ་མྱོང་གོམས་བྱས། དེའི་ཐད་བོད་པ་འགའ་རེ་སྤྱང་གྲུང་འཛོམས་ཤིང་། དུས་ཡུན་ནང་ས་རྒྱུས་ཡུལ་རྒྱུས་ལྟ་བུ་ལོན་མཁན་ཡོད་འདུག འོན་ཀྱང་ང་ནི་གོང་གསལ་ལས་ལྡོག་སྟེ་ཁ་ཕྱོགས་ལ་ཅུང་རྨོངས་མཁན་ཞིག་ཡིན། འདིར་ཞོར་འཕྲོས་ཙམ་ཞུས་ན་ད་ལྟའི་ཆར་ངའི་མ་ཁྱིམ་རྒྱལ་ས་ལྷ་སར་ཆག་ཅིང་དེ་སྔོན་རྒྱ་ནག་གི་ས་གནས་ཁ་ཤས་ལའང་འགྲོ་མྱོང་མཁན་ཡིན་མོད། འོན་ཀྱང་རྒྱ་གར་དུ་ཡོད་དུས་ཐེངས་ཤིག་ངས་རྒྱ་གར་ལྡི་ལི་མཎ་ཇུ་ཊི་ལིའི་ཁྲོམ་དབུས་རྙིང་མ་མགྲོན་ཁང་མདུན་ནས་ངའི་རྒད་པོར་ཁ་པར་བཏང་ནས་ང་ག་བར་སླེབས་པ་རེད་དམ། ཞེས་དྲིས་པའི་སྐོར་རྗེས་སུ་རྒད་པོ་དང་གྲོགས་པོ་འགས་ང་ལ་འཕྱ་དམོད་རྩེད་མཚར་བྱ་ཡུལ་ཞིག་ཀྱང་ཆག་ཡོད། ཧ་ཧ་ཧ
སྨན་ཁང་འདིར་ཐོག་མར་བོད་མོ་ཞིག་དང་མཉམ་ས་རྒྱུས་ཡོང་ཕྱིར་འགོ་འཁྲིད་ཀྱིས་བཏང་བྱུང་ཡང་། མོས་ཀྱང་སོ་སོའི་ལས་ཀ་ཚར་དགོས་དུས་དེའི་རྗེས་འཇུག་ལྟར་སོང་ནས་དུས་ཚོད་རྫོགས་པ་ལས་ལས་གནས་རྒྱུས་ལོན་གསལ་པོ་ཡོང་ཐབས་མ་བྱུང་། འོན་ཀྱང་དེ་རྗེས་འགོ་འཁྲིད་ཀྱིས་ས་གནས་ཡོད་དོ་ཅོག་བྲིས་པའི་རེའུ་མིག་གི་ཤོག་བུ་ཅིག་སྟེར་བྱུང་བར་བལྟས་ནས་གཅིག་པུར་དལ་པོས་འཚོལ་ཞིང་ལས་པ་ཡིན་པས་དེས་ས་རྒྱུས་ལོན་ཐབས་ལ་ཕན་པ་གོང་ལས་ཆེ་བ་བྱུང་སྟབས་སྐབས་དེར་སེམས་སུ་གཞན་ནས་བསླབ་བྱ་བརྒྱ་ལས་སྒེར་གྱིས་མྱོང་གོམས་གཅིག་བསགས་པ་དགའ་ཞེས་པ་དེ་ངོ་མ་བདེན་ནོ་སྙམ་པའང་བྱུང་།
སྤྱིར་ན་གཙང་མ་བཟོ་བྱེད་རྫས་འགྱུར་ཆུ་མི་འདྲ་བ་ཁག་ཐབ་ཚང་དང་གསང་སྤྱོད་དུ་བེད་སྤྱོད་རྩ་བ་ནས་མི་འདྲ་ལ། ཅ་དངོས་གཙང་བཟོ་བྱེད་སའི་རས་ལྷེབ་དམར་པོ་དེ་ལས་མི་གསར་པ་ཡིན་ཡང་དེས་ཐབ་ཚང་གཙང་མ་བཟོས་ནས་འགོ་འཁྲིད་ཀྱིས་མཐོང་ན་དེ་ནི་ཧ་ཅང་མ་འགྲིག་ཚུལ་བཤད་སྲིད་ཟེར་ལ། ལག་ཕྱེས་ཤོག་བུ་དཔེ་ཆ་སྣེ་རིང་དབྱིབས་ཅན་དང་། གོར་མོའི་དབྱིབས་གཉིས། ལག་པ་དུག་སེལ་གཙང་ཆུ་མི་འདྲ་བ་ཁག་ལྔ་དྲུག་ཙམ་བཅས་བླུགས་ས་དང་སྒྲིག་སའང་མི་འདྲ་བ་ཡིན། གཙང་ཆུ་འདི་དག་ཉུང་ཙམ་དོར་ནས་དེ་མུར་གཙང་མ་བཟོ་ཐུབ། ཤེལ་སྒོ་དང་སྤྱི་བཏང་བའི་ས་ཆ། དེ་མིན་ནད་པའི་ཉལ་ཁྲི་དང་ས་གདན་བཅས་ཀྱང་གཙང་མ་བཟོ་ས་ཆུའི་རིགས་ཁག་སོ་སོ་མ་འདྲ་བ་རེད། དུས་ཡུན་རྗེས་དབུ་འཁྲིད་ཀྱིས་ང་སྤྱི་ཁྱབ་ཀྱི་ཁོར་ཡུག་ཁོ་ན་མིན་པར་སྡེ་ཚན་རིམ་པར་གཙང་བཟོ་ཕྱིར་བཏང་བྱུང་བས་དེར་ཉམས་མྱོང་ཡང་མི་འདྲ་ཞིང་། གཙོ་བོ་ནད་པ་མི་འདྲ་བའི་གནས་སྟངས་དང་སྨན་པ། སྨན་ཞབས་དང་ནད་པར་རོགས་སྐྱོར་མི་སྣ། ནད་པའི་ནང་མི་བཅས་དང་ཁ་བརྡ་དང་འབྲེལ་བ་ཉུང་ཙམ་ཡོང་འགོ་བརྩམས། གོང་གསལ་དྲ་ཐོག་ནས་རྒྱུས་ལོན་བྱས་པ་ལྟར་ང་ཚོ་འདིར་ནད་པའི་ཉལ་ཁྲི་གྲངས་ ༤༨༦ ཡོད་པ་བཞིན་ང་ཡོད་ས་འདིར་ཉལ་ཁང་ ༣༢ ཡོད། དེར་ཞོགས་པ་ལས་ཀའི་ཚུལ་དུ་སྨན་པ་དང་སྨན་ཞབས་ཀྱི་ཡིག་ཚང་ལྟ་བུ་གཙང་བཟོའམ་གད་སྙིགས་གཙང་མ་དང་ས་གདན་གཙང་བཟོ། དེ་མིན་ཉལ་ཁང་རེ་རེ་བྱས་ནས་གཅིག་མཚུངས་ཀྱི་གཙང་མ་བཟོ་སྟངས་བརྒྱུད་དགོས་ཤིང་། དེ་དག་ལ་ལག་པ་གཙང་བཟོའི་ཤོག་ལེབ་གསར་འཇུག་སོགས་ལའང་ཞིབ་ཆ་བྱས་ན་ཆུ་ཚོད་གསུམ་ཡས་མས་ཙམ་འགྲོ་གི་འདུག དེ་ནས་བར་སེང་ངལ་གསོའམ་ཞོགས་ཇ་འཐུང་དུས་སྐར་མ་ ༡༥ དང་། ཉིན་གུང་ཟས་ཟ་དུས་ཆུ་ཚོད་ཕྱེད་ཀ་བཅས་འདུག་ཆོག་པ་ནི་སྒྲིག་གཞི་རེད། སྤྱིར་ན་གཞན་གྱི་ཐོས་ན་དེ་ནི་ཧ་ཅང་དཀའ་ཚེགས་ཅན་གྱི་ལས་ཀ་ཞིག་ཡིན་གྱི་རེད་བསམ་མཁན་མང་པོ་མིན་འགྲོ འོན་ཀྱང་གུས་མོར་མཚོན་ན་གཙོ་བོ་ས་ཆ་རྒྱུས་ལོན་དང་ལས་ཀའི་གོ་རིམ་ཞིབ་ཚགས་ཤེས་ཚར་དུས་དཀའ་ལས་སྤུ་ཙམ་ཡང་མེད་པ་ཚོར་སོང་། དེའང་གཙོ་བོ་ང་ཚུད་བོད་པ་ཚོས་དེ་སྔོན་ནས་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་གངས་ཅན་པའི་རིགས་རྒྱུད་ཚོས་ལས་དང་དཀའ་ངལ་མང་དག་བརྒྱུད་ནས་འོང་བ་ཤ་སྟག་སོང་། འདི་ལྟ་བུའི་ལས་ཀ་ནི་ཧ་ཅང་ཡངས་པོ་ཞིག་རེད། ཧ་ཧ་ཧ།
འདིར་དབྱར་དགུན་སྟོན་དཔྱིད་མེད་པར་ལས་ཀ་བྱེད་སའི་ཁོར་ཡུག་གམ་ཁང་པའི་ནང་གློག་གིས་དྲོད་གྲང་སྙོམས་པ་བཞག་ཡོད་ལ། ཕྱི་ནས་དྲག་ཆར་རླུང་འཚུབ་བྱས་ཀྱང་ལས་གནས་སུ་ཞི་བདེ་ལྷིང་འཇགས་ལྟ་བུ་རེད། ཁོར་ཡུག་གཙང་ཞིང་ཚིགས་ཇ་ཚུད་ཇ་མི་འདྲ་བ་འཐུང་སྐབས་དགོས་པའི་འོ་མ་དང་མངར་ཆ་རིགས། སོ་སོས་ནང་ནས་འཁྱེར་ཡོང་བའི་ཟས་ཚ་པོ་བཟོ་ས། ཐབ་ཚང་དུ་བརྙན་འཕྲིན་བཅས་ཆ་འགྲིག་ཡོད།
ངས་ནད་པ་དང་དེའི་ཁྱིམ་མི་འགའ་ལ་དོ་སྣང་བྱུང་བ་འགའ་འདིར་ཅུང་ཙམ་བཤད་འདོད། དེ་སྔོན་སོ་སོས་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་གྱི་ལས་ཀ་བྱས་རྐྱེན་ཡིན་ཚོད་ངས་འདིར་དབང་པོ་སྐྱོན་ཅན་གྱི་རྒས་པོ་དྲུག་བཅུ་བརྒལ་ཚར་བ་ཞིག་ལ་དོ་སྣང་བྱུང་། དེའང་རྒས་པོར་རྒྱུན་དུ་ནས་སྨན་ཞབས་ཀྱི་ལྟ་རྟོགས་ཡོད་མུས། གཞན་དང་མི་འདྲ་ས་གཅིག་ནི་ཁོང་གི་གཅུང་མོ་ཡིན་ཟེར་བའི་ལྕམ་ལགས་ཤིག་གིས་རྒྱུན་དུ་སྨན་ཁང་དུ་ཁོང་དང་མཉམ་དུ་བསྡད་ནས་ཁ་བརྡ་རོགས་ཕན་གནང་གི་འདུག རྒས་པོ་འདི་གཞན་དང་མི་འདྲ་བ་མི་ཧ་ཅང་བག་ལྷོད་ཅིང་བཟང་མདོག་ངོ་ལ་དོད་བསྡད་པ་ཞིག་ཚོར་བྱུང་། ཁོང་གི་གཅེན་མོས་ངའི་མི་ཚེའི་ནང་སྙིང་ཉེ་ཤོས་ན་ངའི་གཅེན་པོ་འདི་ཡིན་གསུངས། ངས་སེམས་བཟང་མ་ཁྱེད་རང་ལྟ་བུ་ཁྱིམ་མི་ཡོད་པ་དེ་རྒས་པོ་ཁོང་གི་བསོད་ནམས་ཀྱང་རེད་ལ། ཁྱེད་ལ་ཁོང་ལྟ་བུ་མི་གཤིས་བཟང་པོའི་གཅེན་པོ་ཡོད་པ་དེའང་ཁྱེད་ཀྱི་བསོད་ནམས་རེད་ཅེས་བཤད་པར་ཁོང་མོ་དགའ་སྣང་མང་ཙམ་སྟོན་བྱུང་། ངས་དེ་འདྲ་བཤད་དགོས་དོན་ཡང་འཇིག་རྟེན་འདིར་མི་ཡིན་ཚད་ལ་ཁྱིམ་མི་སྤུན་ཉེ་ཡོད་ངེས་ཀྱང་། ལ་ལས་ནང་མིའི་འདུ་ཤེས་སམ་གཞན་ཕན་གྱི་བློ་ཧ་ཅང་གུ་དོག་ཅིང་། མིའི་ཚེ་ཚད་མཐའ་ལ་སླེབས་ཤིང་ནད་པ་ལ་ལ་ནད་སྡུག་པོ་ཤི་ཁའི་བྱེ་མའི་ཐང་ལ་སླེབས་ཟིན་མཁན་ཡིན་ཡང་ཁ་ཡ་བྱེད་མཁན་ཉུང་ཉུང་རེད་འདུག དེའང་ནད་པ་གཞན་བུད་མེད་གཤིས་ཀ་ཧ་ཅང་རྩུབ་པོ་ཞིག་ཡོད་ལ། ཁོང་མོས་ཐེངས་ཤིག་སྨན་ཞབས་མ་ལ་དམོད་ཚིག་བགྲང་བས་སྐད་མགོ་མཐོན་པོས་གཤེ་བཞིན་པ་མ་ཟད། སྨན་ཞབས་མའང་ཅི་བྱ་གཏོལ་མེད་ལྟ་བུའི་སྣང་ཚུལ་འདུག་པས་ང་མ་བཟོད་པར་དེ་མུར་ཁོང་མོའི་མིག་མདུན་དུ་སོང་ནས་ལག་གཉིས་ཐལ་མོ་སྦྱར་ཞིང་ཁྱེད་རང་གི་ན་ཚ་ག་ལེར་དྲག་གི་རེད་ལ་ངས་ཡིད་ཆེས་བྱེད་ཀྱི་ཡོད། ཁྱེད་སྐད་མགོ་མཐོན་པོས་གཞན་ལ་གཤེ་ནས་ན་ཚ་དྲག་གི་མ་རེད་ལ། དེ་འདྲ་བྱས་ན་ཁྱེད་ཀྱི་ན་ཚ་སྡུག་ཏུ་འགྲོ་སྲིད་པ་རེད། དེར་བརྟེན། ཁྱེད་ངེས་པར་དུ་རྒྱུན་དུ་ལེགས་ཕྱོགས་སུ་ལང་ནས་བསམ་བློ་གཏོང་ན་མགྱོགས་པོ་ནང་ལ་ལོག་ཐུབ་སྲིད་པ་རེད། ཅེས་བཤད་པར་ཁོང་མོ་ཧ་ལས་ལས་ལྟ་བུས་མོའི་མུར་ངར་སྐད་དེ་འཇགས་སོང་། སྨན་ཞབས་མ་དེའང་ང་ལ་དགའ་སྣང་དང་བཅས་རྒྱབ་ཕྱོགས་ནས་ང་ལ་ཐེ་བོང་བགྲེང་ནས་མོས་མཐུན་ཚུལ་གྱིས་མིག་བརྡ་བྱས་བྱུང་། དེ་རྗེས་ང་ཁོང་མོའི་ཉལ་ཁང་དུ་འགྲོ་དུས་ཁྱོད་ཀྱིས་དེ་སྔོན་གྱོན་པའི་གོས་དེ་བརྗེ་ཚར་འདུག་གཱ་་་་ཡང་རང་ལས་ཀར་བྲེལ་བ་ཡོད་པ་འདྲ། ཉིན་ཁ་ཤས་ངས་ཁྱོད་མཐོང་མ་སོང་ཝ། གང་ལ་སོང་བ་ཡིན་སོགས་གཞན་གྱི་བསམ་ཡུལ་ལས་འདས་པའི་གཤིས་ངན་མ་འདིས་རང་འགུལ་ངང་གང་ཐུབ་ཀྱིས་ང་ལ་ཁ་བརྡ་འདྲ་གནང་ཁུལ་གནང་གི་འདུག ཡང་གཞན་རྒས་པོ་ཞིག་ལ་ཤི་ནད་ཕོག་ཟིན་པ་རེད་ཟེར་ཡང་ཁོང་ནི་མི་ཧ་ཅང་སྤྲོ་སྣང་ལྡན་པ་ཞིག་རེད་འདུག ཉིན་ཞིག་ཁོང་གི་བུ་ཆེ་བ་ཡིན་ཟེར་བ་ཞིག་ཁོང་ལྟ་སར་འབྱོར་འདུག དེ་ནས་ཁ་བརྡ་ཅུང་བྱས་རྗེས་རྒས་པོ་འདི་ཕྱུག་བདག་ཅིག་རེད་འདུག་ལ། ཁོང་རང་ལོ་དགུ་བཅུ་གོ་བཞི་དང་། ཁྱིམ་ཚང་ལ་ཚོང་ལས་ཆེ་ཁག་ཁ་ཤས་ཡོད་རེད་ཟེར། སྐབས་དེར་རྒས་པོའི་བུས་ང་ལ་ཁོང་གི་ཨ་ཕ་ལོ་གཞོན་དུས་ཀྱི་པར་ཞིག་ཁ་པར་ནས་མིག་སྟོན་བྱས་བྱུང་བས་ང་ཧ་ལས་པ་བྱུང་། གང་ཡིན་ཟེར་ན། པར་ནང་གཞོན་ནུ་ཧ་ཅང་སྟེར་བཟོ་དོད་པ་ཞིག་གིས་ལུས་དམར་ཧྲིང་མས་ང་ཚོ་ཡོད་སའི་རྒྱ་མཚོའི་འགྲམ་དུ་རྟ་དཀར་པོ་མཛེས་སྡུག་ལྡན་པ་ཞིག་བཞོན་ནས་རླུང་ཁར་རྟ་རྒྱུགས་གཏོང་བཞིན་པ་དེ་རེད། ངས་པར་དེ་མཐོང་མ་ཐག་ཧ་ལས་ནས་ཁོང་དེ་དུས་ངོ་མ་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ག་གེ་མོ་དང་གཅིག་པ་གཅིག་རྐྱང་རེད་འདུག་ཅེས་བཤད་པར། ནད་པ་རྒས་པོས་དུས་ཚོད་དེ་ཡོལ་ཟིན་པ་རེད། ད་ང་ཤི་རན་པའི་མི་རེད་གསུངས། ངས་དེ་མུར་དེ་འདྲ་མ་གསུངས། ཁྱེད་རང་དྲག་བསྐྱེད་ཡོང་བའི་རེ་བ་ཡོད་རྒྱུ་རེད། ངས་ཀྱང་རྒྱུན་དུ་ཁྱེད་ལ་སྨོན་ལམ་འདེགས་ཀྱི་ཡིན། ཞེས་བཤད་པར་ཁྱོད་བུ་མོ་བཟང་མོ་ཞིག་རེད་འདུག་གསུངས།
ཡང་རྒས་པོ་གཞན་ཞིག་ལ་བརྒལ་ཚིག་ན་ནས་གཤག་བཅོས་བྱ་དགོས་ཐུག་འདུག་ལ། ཁོང་གིས་ངའི་མིང་ཤོག་བུ་ཐོག་བྲིས་ཏེ་ངའི་མིང་ལ་ལྷ་མོ་དང་ཁྱོད་བོད་ནས་ཡོང་བ་རེད་འདུག་ལ། བོད་ཅེས་པ་དེ་ངས་ཧ་གོ་ཐུབ་པ་བྱ་གི་ཡིན་གསུངས་བྱུང་། སྐུའི་འཁྲུངས་སྐར་ཉིན་དེར་ཁོང་དང་ཁ་བརྡ་བྱེད་དུས་ངའི་དེ་རིང་ནི་གོང་ས་ཏ་ལའི་བླ་མའི་དགུང་ལོ་ ༨༦ ཕེབས་པའི་འཁྲུངས་སྐར་རེད། དེར་བརྟེན་ངས་གང་ཐུབ་ཀྱིས་ཚང་མར་བཟང་པོ་དང་ཡག་པོ་ཞིག་བྱེད་དགོས་ཀྱི་ཡོད་པ་རེད། སྐུ་ཞབས་ཁྱེད་ཀྱང་གང་མགྱོགས་དྲག་བསྐྱེད་དང་སྤྲོ་པོ་ཡོང་བ་ཤོག ཅེས་པའི་དོན་ལྟ་བུར་
(Today is H.H. Dalai Lama’s 86th birthday, I must be good and nice to everyone! I also hope you are getting better and happy! Sir )ཅེས་བྲིས་ནས་མིག་སྟོན་བྱས། འོན་ཀྱང་ཁོང་གིས་ཏཱ་ལའི་བླ་མ་ཟེར་བ་དེ་སུ་རེད། གསུངས་སོང་བས་ང་ཏོག་ཙམ་བློ་ཕམ་བྱུང་། དེ་ནས་ངས་ཁོང་ལ་བླ་མ་དང་ང་ཚོའི་གཞུང་། དེ་མིན་ཨོ་གླིང་དུ་བོད་མི་སྟོང་ཚོ་ཡོད་ལུགས། ང་རང་ཡང་རྒྱལ་ཁབ་འདིར་བཙན་བྱོལ་བའི་ངོ་བོས་འབྱོར་ཡང་ཧ་ཅང་དགའ་ཚུལ་བཅས་གང་ཐུབ་ཀྱིས་བཤད་རྒྱུ་བྱུང་། སྐབས་དེར་ཁོང་གི་སྙན་ཡག་པོ་དེ་ཙམ་མེད་ཚོད་ཡང་ནས་ཡང་དུ་ང་ལ་བོད་དང་བླ་མའི་སྐོར་སྐད་ཆ་འདྲི་དུས་ངས་ཀྱང་སྐད་མགོ་མཐོན་པོ་བྱེད་དགོས་དུས་གཞན་གྱི་གོ་དོགས་ཏོག་ཙམ་འབྱུང་བཞིན་ཁོང་གི་མདུན་དུ་བཅར་ནས་གོང་གསལ་ནང་དོན་གྱི་ཁ་བརྡ་དེ་དག་ཞུས། ཁོང་གིས་མཇུག་ཏུ་ངས་ཏ་ལའི་བླ་མ་སུ་ཡིན་མིན་ཤེས་ཐབས་བྱེད་ཀྱི་ཡིན། ཁྱོད་ག་དུས་ངའི་ཉལ་ཁང་དུ་ཡོང་དུས་ང་ལ་ཞོགས་པའམ་ཉིན་དགུང་བདེ་ལེགས་ཀྱི་འཚམ་འདྲི་བྱེད་མཁན་བུ་མོ་བཟང་མོ་དེ་ཡིན་པ་ངས་ཧ་གོ་གི་ཡོད་ཅེས་གསུངས།
ཡང་ཐེངས་ཤིག་ཉལ་ཁང་ནང་རྨོ་ལགས་ནད་པ་གཅིག་ཡོད་པ་དེར་རྒྱུན་གཏན་མིན་པའི་ལྟ་རྟོགས་བྱེད་མཁན་ཟུར་བཞག་ཆུ་ཚོད་ ༢༤ ཡོད་པ་ཞིག་འདུག དེར་ལྟ་རྟོགས་བྱེད་མཁན་གཞོན་ནུ་དེས་ང་ལ་ཁོང་མོ་ལོ་ ༡༠༣ རེད་ཟེར་བས་ང་ཧ་ལས་སོང་། མཚམས་རེར་མོས་སྐད་ཁྱད་མཚར་འདྲ་རྒྱག་གི་ཡོད་པ་ཐོས་ཀྱི་ཡོད། ཁོང་མོའི་སྐུ་ལུས་ཡོངས་ཕྱོགས་གཅིག་ཏུ་འཁུམ་ནས་ཉལ་གྱི་འདུག་ལ། དབུ་སྐྲ་མང་ཆེར་ལྷུང་ཚར་བཞག མཐོང་སྣང་ལ་སྐད་ལ་རིད་པའི་སྐུ་གཟུགས་ཅུང་ཆུང་གྲལ་ཞིག་རེད། ཁོང་མོའི་ལག་ཏུ་རྒྱུན་དུ་ནས་ཕྲུ་གུའི་རྩེད་མོ་རྩེད་བྱེད་དབུས་པ་ཚོའི་སྐད་དུ་ཨ་ལག་པད་ཀོག་ཟེར་བའི་མི་གཟུགས་ཆུང་ངུ་ཞིག་འཆང་བ་དང་། ཕྱག་གཡས་པས་དེར་མཛུབ་མོ་ཀེར་ནས་དེར་ངའི་བུ་ཀྱོང་། ( John) འདིར་ཚུར་ཤོག་དང་། ཨ་མ་གཅིག་པུར་བཞག་ནས་མ་འགྲོ་དང་། ཞེས་ཁེར་ལབ་གནང་ནས་བཞུགས་ཀྱི་འདུག འོན་ཀྱང་འགུལ་སྤྱོད་མི་ཐུབ་ལ་སྐུ་གཟུགས་ཡོངས་གཞུ་ལྟར་གུག་ཚར་འདུག ངའི་སེམས་ནང་མང་པོས་མི་ལུས་རིན་ཆེན་འདི་སྐུ་ཚེ་རིང་པོ་བཞུགས་ན་བྱ་བཟང་ཞིག་བརྩིས་ཀྱང་ཁོང་མོ་ལྟ་བུ་གཡོ་འགུལ་ཆེར་མི་ནུས་ཤིང་། ཆུ་ཚོད་ཉེར་བཞིར་གཞན་གྱི་ལྟ་རྟོགས་འོག་ཉིན་མཚན་ཉལ་ཁྲིར་བསྡད་དགོས་པའི་དུས་སླེབས་ན་ངོ་མ་དོན་མེད་གཞན་ལའང་དཀའ་ངལ་ཆེན་པོ་སྤྲོད་ས་རེད་ཐེངས་འགར་བསམ་སོང་།