གཞུང་པ་ཚེ་དབང་བསོད་ནམས།
སྤྱི་འཐུས་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་དྲུག་པའི་ཐོག་ཁྲིམས་འགལ་གྱིས་གྲོས་ཆོད་ཡིག་ཆ་ཨང་ ༣༩ ཟེར་པ་དེའི་མཇུག་འབྲས་ད་དུང་གྲོས་ཚོགས་ཀྱི་ལས་རིམ་ལ་བར་ཆད་མུ་མཐུད་ནས་ཡོང་བཞིན་པ་ནི་བོད་མི་མང་ལ་བསམ་ན་བློ་ཕམ་དགོས་པའི་རང་བཞིན་ལ་སོང་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་སྐབས་བཅུ་དྲུག་པའི་ཚོགས་དུས་དྲུག་པའི་ཐོག་ཆེས་མཐོའི་ཁྲིམས་ཞིབ་པ་ཆ་ཚང་འཕོ་འགྱུར་བཏང་བའི་གྲོས་ཆོད་ཡིག་ཆ་ཨང་ ༣༩ པ་དེ་ཁྲིམས་མཐུན་མིན་པ་ཁྲིམས་འགལ་རང་ལ་ངོས་འཛིན་ཞུ་གི་ཡོད།
ཆེས་མཐོའི་ཁྲིམས་ཞིབ་ཚོ་འཕོ་འགྱུར་གཏོང་རྒྱུའི་སྐུ་དབང་དེ་སྤྱི་འཐུས་གྲོས་ཚོགས་ལ་ཡོད་པ་བཅའ་ཁྲིམས་དོན་ཚན་ ༥༤ ནས་ངོ་སྤྲད་ཡོད་པ་དང་། ཚོགས་གཞོན་ཨ་ཅར་ཡེ་ཤེས་ཕུན་ཚོགས་མཆོག་ནས་ཆེས་མཐོའི་ཁྲིམས་ཞིབ་པ་ཚོ་འཕོ་འགྱུར་གཏོང་རྒྱུའི་གྲོས་འཆར་དེ་བཅའ་ཁྲིམས་དོན་ཚན་ ༥༤ མ་བརྒྱུད་པ་བཅའ་ཁྲིམས་དོན་ཚན་ ༦༣ གི་ནང་གསེས་པ་ ༤ པའི་འོག་གྲོས་འཆར་ཁྱེར་བ་ནི་བཅའ་ཁྲིམས་ཀྱི་དོན་ཚན་ནོར་ནས་གྲོས་འཆར་ཁྱེར་བ་དེ་ཁྲིམས་འགལ་རང་ལ་ངོས་འཛིན་ཞུ་གི་ཡོད་། ད་ལྟའི་ཚོགས་གཙོ་སྐུ་ངོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་ཁྲིམས་འགལ་གྱི་གྲོས་འཆར་ལ་རྒྱབ་སྐྱོར་གནང་བ་དེ་ཡང་ཁྲིམས་འགལ་ལ་ངོས་འཛིན་ཞུ་གི་ཡོད། ལས་རིམ་བཀོད་སྒྲིག་ཚོགས་ཆུང་ནས་ཞིབ་འཇུག་མ་གནང་བར་ལས་རིམ་ནང་བཅུག་པ་དེ་ཡང་ཁྲིམས་འགལ་ལ་ངོས་འཛིན་ཞུ་གི་ཡོད་། ་ཚོགས་གཙོ་མཆོག་ནས་ཐུགས་ཞིབ་མ་གནང་བར་ལས་རིམ་ནང་འགྲེམས་འཐུས་བཀའ་འཁྲོལ་གནང་བ་དེ་ཡང་ཁྲིམས་འགལ་ལ་ངོས་འཛིན་ཞུ་གི་ཡོད་། སྤྱི་འཐུས་གྲོས་ཚོགས་ནང་འཐུས་མི་སུ་གཅིག་ནས་འགག་པ་མེད་པ་སྤྱི་ཡོངས་བགྲོ་གླེང་གནང་ནས་མང་མོས་གྲོས་ཆོད་བཞག་ནས་གྲོས་ཆོད་ལག་ལེན་བསྟར་བ་ནས་སྤྱི་འཐུས་སྐབས་བཅུ་དྲུག་པ་ཆ་ཚང་ཁྲིམས་འགལ་ལ་ངོས་འཛིན་ཞུ་གི་ཡོད་ན་གོང་གི་རྒྱུ་ཚན་དེ་དག་གི་ཐོག་ནས་ཁྲིམས་འགལ་གྱིས་གྲོས་ཆོད་ཡིག་ཆ་ཨང་ ༣༩ དེ་རང་བཞིན་ནུས་མེད་དུ་འགྲོ་དགོས་པ་ནི་བཅའ་ཁྲིམས་དོན་ཚན་ལྔ་པ་ནས་ངོ་སྤྲད་ཡོད་པ་འདི་ལྟར་།། ༼ བཅའ་ཁྲིམས་དོན་ཚན་ལྔ་པ་། ༽ བཅའ་ཁྲིམས་ཀྱི་ཚད་འཛིན་། ༡ ཁྲིམས་ལུགས་དང་། ཆབ་སྲིད་དབང་འཛིན་གྱི་བཀའ་། སྒྲིག་གཞི་། བཅས་གང་ཡང་བཅའ་ཁྲིམས་འདིའི་དོན་ཚན་གང་རུང་དང་འགལ་ཚེ་འགལ་བའི་ཆ་དེ་རྩ་འཛིན་མེད་པ་བྱ་རྒྱུ།
༢ གོང་གསལ་རྣམས་ཀྱི་དོན་གནད་བཅའ་ཁྲིམས་འདིའི་དོན་ཚན་ཁག་དང་འགལ་མིན་རྩོད་གླེང་བྱུང་ཚེ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཐག་གཅོད་བྱ་རྒྱུ་ཅེས་གསལ་བ་ནས་གྲོས་ཆོད་ཡིག་ཆ་ཨང་ ༣༩ དེ་ཁྲིམས་མཐུན་ལ་ངོས་འཛིན་དགོས་པ་རེད་དམ་་ཁྲིམས་འགལ་ལ་ངོས་འཛིན་དགོས་པ་རེད་དབང་པོ་ནུས་ལྡན་ཚོའི་ཤེས་ཐུབ་པ་དང་། བཅའ་ཁྲིམས་དོན་ཚན་ ༥༤ པའི་ནང་གང་རུང་འཕོ་འགྱུར་གསལ་བ་དང་བཅའ་ཁྲིམས་དོན་ཚན་ ༦༣ པའི་ནང་གསེས་ ༤ པའི་ནང་སུ་རུང་འཕོ་འགྱུར་གསལ་བ་ནས་ཆེས་མཐོའི་་ཁྲིམས་ཞིབ་པ་ཆ་ཚང་དུས་གཅིག་ལ་འཕོ་འགྱུར་གཏོང་རྒྱུའི་ཆ་རྐྱེན་དེ་བཅའ་ཁྲིམས་ཀྱི་དོན་ཚན་གང་གི་ནང་དུ་ཡང་གསལ་མེད་ན་གྲོས་ཆོད་ཡིག་ཆ་ཨང་ ༣༩ དེ་ཁྲིམས་འགལ་རང་ལ་ངོས་འཛིན་དང་བཅས་བཅའ་ཁྲིམས་ཀྱི་དོན་ཚན་ནོར་ནས་གྲོས་ཚོགས་ཀྱི་ལས་རིམ་ནང་བགྲོ་གླེང་གནང་ནས་མང་མོས་གྲོས་ཆོད་བཞག་ནས་ལག་ལེན་བསྟར་བ་ནི་གྲོས་ཚོགས་ཀྱི་ལས་རིམ་ནང་ཁྲིམས་འགལ་གྱིས་ནག་ཉེས་དེ་ལས་ཚབ་ཆེ་བ་ཡོང་རྒྱུ་མེད་པ་དང་། བཅའ་ཁྲིམས་དོན་ཚན་ ༦༣ གི་ནང་གསེས་ ༤ པ་དེ་ཆེས་མཐོའི་ཁྲིམས་ཞིབ་པ་ཚོའི་ལས་ཡུན་ལོ་ཚད་དང་ཞབས་ལོའི་སྐོར་ཡིན་པ་འདི་ལྟར་། ༼ བཅའ་ཁྲིམས་དོན་ཚན་དྲུག་བཅུ་རེ་གསུམ་པ་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ ༽ ནང་གསེས་བཞི་པ་། སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་ཡན་གྱིས་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་བཅས་སུ་རུང་འཕོ་འགྱུར་དགོས་པའི་གྲོས་ཆོད་བཞག་སྟེ་འཕོ་འགྱུར་བྱེད་དགོས་བྱུང་ན་ལས་དེ་མིན་ཁྲིམས་ཞིབ་པ་ཆེ་བའི་ལས་རྒྱུན་ལོ་ལྔ་འམ་རང་ལོ་དྲུག་བཅུ་རེ་ལྔ་ཧྲིལ་པོ་ལོན་པ་གང་སྔའི་བར་ཡིན་། ཁྲིམས་ཞིབ་པ་གཞན་གཉིས་རང་ལོ་དྲུག་བཅུ་རེ་ལྔ་ཧྲིལ་པོ་མ་ལོན་བར་ལས་འཁུར་རྒྱུན་འཛིན་བྱ་རྒྱུ་། ཅེས་གསལ་བ་ནས་ཆེས་མཐོའི་ཁྲིམས་ཞིབ་ཚོ་འཕོ་འགྱུར་གཏོང་རྒྱུའི་བཅའ་ཁྲིམས་ཀྱི་དོན་ཚན་དེ་༥༤ ཡིན་པ་འདི་ལྟར་། ༼ བཅའ་ཁྲིམས་དོན་ཚན་ང་བཞི་པ་ ༽ གྲོས་བསྡུར་བཀག་སྡོམ་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་གང་རུང་འཕོ་འགྱུར་བྱ་རྒྱུའི་སྐོར་དང་། སྤྱི་འཐུས་ལྷན་ཚོགས་ནས་ཚོགས་ཆུང་ཟུར་འཛུགས་ཀྱིས་རྟོག་ཞིབ་ཐོག་སྤྱི་འཐུས་ལྷན་ཚོགས་སུ་སྙན་ཐོ་འབྱོར་བའི་སྐབས་སུ་མ་གཏོགས་དེ་མིན་ཁྲིམས་ཞིབ་པའི་ལས་དོན་བྱེད་ཕྱོགས་སྐོར་སྤྱི་འཐུས་ལྷན་ཚོགས་སུ་གླེང་སློང་དང་གྲོས་བསྡུར་བྱེད་མི་ཆོག་། ཅེས་གསལ་བ་ནས་ཁྲིམས་ཞིབ་ཚོ་འཕོ་འགྱུར་གཏོང་རྒྱུའི་བཅའ་ཁྲིམས་ཀྱི་དོན་ཚན་དེ་ལྔ་བཅུ་ང་བཞི་པ་ཡིན་པ་དབང་པོ་ནུས་ལྡན་ཚང་མས་ཤེས་ཐུབ་པ་ནས་ཁྲིམས་འགལ་གྱིས་གྲོས་ཆོད་ཡིག་ཆ་ཨང་ ༣༩ དེ་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ཀྱི་ལོ་རྒྱུས་ནང་སྲུབ་ནས་ཟུབ་རྒྱུ་མེད་པའི་ལོ་རྒྱུས་ཀྱིས་ནག་ཉེས་ཀྱི་ལེའུ་ཞིག་གསར་གཏོད་གནང་བར་ངོས་འཛིན་དང་བཅས་སྤྱི་འཐུས་ཚོའི་ནོར་འཕྲུལ་ལ་ངོས་ལེན་གནང་ནས་མ་འོངས་གྲོས་ཚོགས་ཀྱི་ལས་རིམ་ཚང་མ་བཅའ་སྒྲིག་འོག་ཁྲིམས་མཐུན་འགྲོ་ཐུབ་པའི་འགན་འཁུར་བཞེས་དགོས་པ་ནི་ཐོག་མའི་ལས་འཁུར་དམ་བཅའ་དང་མ་འགལ་བའི་ཐོག་ནས་བཅའ་ཁྲིམས་དོན་ཚན་སོ་དྲུག་ནང་གསལ་བའི་ཁྲིམས་བཟོའི་དབང་ཆ་ལ་འགན་འཁུར་དགོས་པའི་འབོད་བསྐུལ་ཞུ་གི་ཡོད་ལ་མ་འོངས་བོད་ཀྱི་མང་གཙོའི་འཕེལ་རིམ་དེ་ཁྲིམས་ཀྱི་དབང་བསྒྱུར་འོག་ཡུན་རིང་འཚོ་ཐུབ་པའི་སྨོན་པ་བཟང་པོའི་རྒྱན་སྟེ་རེ་ཞིག་འདིར་འཇུག་བསྡུས་པའོ་། གཞུང་པས་། ༢༠༢༣/༠༤/༡༡
རྒྱ་བླ་བདུན་བཅུ་པ་ཞེས་བྱ་བའི་གླུ་། ཆ་ཚང་ཀློག་པ་ཡིན་ཧ་ཅང་གི་ཚད་མཐོའི་སྙན་རྩོམ་རེད་འདུག་། རྗེས་སུ་ཡིད་རངས་ཞུ་གི་ཡོད་།
རྒན་གཞུང་པ་ལགས།
དངོས་གནས་ཡིན། ཡིག་ཆ་ཨང་༣༩་བ་དེ་ཁྲིམས་འགལ་ཞིག་རྩ་བ་ནས་མ་རེད། གལ་སྲིད་དེ་ཁྲིམས་མཐུན་མིན་པའི་གདོང་ལེན་བྱེད་དགོས་ན་དེའི་སྐབས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་ལས་གཞན་ལ་དབང་ཆ་མེད་ཅིང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་དེ་ལ་གདོང་ལེན་མེད་པར་དང་ལེན་བྱས་ཟིན་པ་རེད།
ཁྱེད་ཀྱིས་རྒྱུ་མཚན་གང་ཞིག་བཀོད་ཀྱང་ཁྲིམས་འགལ་ཆགས་ཐབས་མི་འདུག ཡིན་ན་ཡང་འདི་ལྟར་འགྲོ་རྒྱུ་ལས་ཐབས་ཤེས་གཞན་ཁག་པོ་ཡིན་གྱི་རེད།
“སུ་རུང”་དང་“གང་རུང”་ཞེས་པའི་ཚིག་ཅིག་ལ་འཇུས་ནས་བརྩད་ན་ཆོག་ཀྱང་དེ་ནི་ཁ་རྩོད་ཙམ་ལས་དེ་ལ་ནུས་པ་ཆེན་པོ་ཞིག་མེད། གང་ལགས་ཤེ་ན་ཕྱོགས་གཞན་ནས་གོ་བ་བླངས་ན་སུ་རུང་དང་གང་རུང་ཞེས་པའི་ཚིག་དེ་ག་རང་གིས་ཆ་ཚང་འཕོ་འགྱུར་བཏང་ཀྱང་ཆོག་པར་བསྟན་པ་རེད། གལ་སྲིད་ཆ་ཚང་གཏོང་ཆོག་གི་མེད་ན་འདི་འདྲའི་སྐབས་སུ་གོ་བ་ཉིས་འགྲོ་ཅན་ལ་རེ་བ་མི་བཅོལ་བར་དེ་ལྟར་དུ་གསལ་ཁ་ཡོད་དགོས། དེ་མིན་“སུ་རུང”་དང་“གང་རུང”་གིས་མ་ཁྱབ་པའི་ཁྲིམས་ཞིབ་པ་ཞིག་མེད་པས་སྐབས་རེ་ཆ་ཚང་ལ་གོ་རུང་ཆོག་པ་ཞིག་རེད། དེར་བརྟེན་སུ་རུང་གཏོང་ཆོག་ཅེས་བརྗོད་ན་དེའི་ནང་དུ་གཅིག་གམ་གཉིས་འཇོག་དགོས་པའི་དོན་ཡེ་ནས་སྟོན་མི་ཐུབ། གང་ལགས་ཤེ་ན་སུ་རུང་ཞེས་པའི་དོན་ནི་“སུ”་ཡིན་ཡང་“རུང”་བ་སྟེ་ཆོག་ཅེས་པའི་དོན་རེད། སུ་ཡིན་ཡང་ཆོག་ན་བཅའ་ཁྲིམས་ནང་དུ་“ཆ་ཚང་གཏོང་མི་ཆོག”་པའི་གསལ་ཁ་མེད་པས་ཁྲིམས་འགལ་དུ་འགྱུར་དོན་མི་འདུག་དགེ་ལགས། ཅི་སྟེ་སུ་རུང་ཞིག་འཇོག་དགོས་པའི་དོན་སྟོན་ཐུབ་པའི་དབང་དུ་བཏང་རུང་འཇོག་དགོས་པ་དེ་སུ་རེད་དམ། གྲོས་ཚོགས་ཀྱིས་ཁྲིམས་ཞིབ་པ་ཚོས་དབང་ཚད་ལས་བརྒལ་གྱི་འདུག་ཅེས་བཤད་ཀྱི་ཡོད་སྟབས་གལ་སྲིད་དབང་ཚད་ལས་བརྒལ་གྱི་ཡོད་ན་གསུམ་ཁས་བརྒལ་མཉམ་མ་གཏོགས་གཅིག་ལ་ཉེས་པ་ཆེ་བ་དང་གཞན་ལ་ཆུང་བ་དེ་འདྲ་ཡང་བཤད་རྒྱུ་མེད།
དོན་ཚན་༦༣་པ་ནི་ནོར་བ་མིན་པར་འཕོ་འགྱུར་གཏོང་ཆོག་པར་གསལ་བའི་དོན་ཚན་དེ་ག་རང་རེད། ༥༤་བ་ནི་གྲོས་བསྡུར་གྱི་སྐོར་ཡིན་པ་ལས་འཕོ་འགྱུར་གྱི་སྐོར་མིན་པ་མཁྱེན་གནོངས། ལར་ནས་དོན་ཚན་ལུང་འདྲེན་རྒྱུ་ནོར་རུང་དོན་ཚན་ཞིག་གི་ནང་དུ་འཕོ་འགྱུར་གཏོང་པའི་ཆ་རྐྱེན་ཚང་ན་གཏོང་ལོས་ཆོག
སྤྱི་འཐུས་གྲོས་ནས་ནོར་ཡོད་ན་གྲོས་ཚོགས་རང་ནས་སྐྱར་བཅོས་སམ་བཟོ་བཅོས་དགོས་པ་ལས་ཕྱི་ལོག་ནས་ངོས་ལེན་མེད་པ་དེ་ལ་གཙིགས་སུ་འཛིན་ཏེ་མེད་པ་བཟོ་དགོས་ཞེས་པ་དེ་དམངས་གཙོའི་ཁྲིམས་ཐོག་ནས་ཆེས་འགལ་ཚབས་ཆེ་བའི་གནད་དོན་ཞིག་ཡིན། དཔེར་ན། ད་ལྟའི་བོད་བཙན་བྱོལ་གཞུང་ངམ་འགྲིག་འཛུགས་ནས་བོད་མིའི་སྲིད་ཇུས་དེ་དབུ་མའི་ལམ་ཡིན་པ་དེ་རྒྱུ་མཚན་ངོ་མ་སྤྱི་འཐུས་ལྷན་ཚོགས་ནས་མང་མོས་གཏན་ལ་འཕབ་པར་བརྟེན་ཁྲིམས་མཐུན་བྱུང་བ་ལས་༧སྐྱབས་མགོན་རིན་པོ་ཆེས་བཀའ་གནང་བ་ལ་བརྟེན་ནས་བྱུང་མེད་པ་འཇིག་རྟེན་ཀུན་གསལ་ཡིན། གལ་ཏེ་༧སྐྱབས་མགོན་རིན་པོ་ཆེའི་བཀའ་གཅིག་པུ་ལ་བརྟེན་ནས་ཐག་ཆོད་བྱས་ཡོད་ན་དམངས་གཙོ་མ་རེད། གཅིག་བསྡུས་རེད།
ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས་ལགས་དང་འབྲོང་བུ་སོག་ཚ་རྣམ་པ་གཉིས་ཀྱི་ངོས་འཛིན་ག་འདྲ་ཞིག་གནང་གི་ཡོད་རུང་དེ་རྣམ་གཉིས་ཀྱི་སྐུ་དབང་རེད། ངའི་ངོས་འཛིན་ག་འདྲ་བྱེད་དེ་ངའི་རང་དབང་རེད། གལ་ཆེ་ཤོས་དེ་རྒྱ་ཆེ་མང་ཚོགས་ཀྱིས་ངོས་འཛིན་ག་འདྲ་ཞིག་གནང་གི་ཡོད་དེ་རེད། ངའི་དཔྱད་རྩོམ་ལ་རྣམ་གཉིས་ནས་ཐུགས་སྣང་གནང་བར་ཐུགས་རྗེ་ཆེ་བཀའ་དྲིན་ཆེ།