གཞུང་པ་ཚེ་དབང་བསོད་ནམས།
དང་པོ། ཆེས་མཐོའི་ཁྲིམས་ཞིབ་པ་ཚོ་འཕོ་འགྱུར་གཏོང་རྒྱུའི་འགན་དབང་དེ་སྤྱི་འཐུས་གྲོས་ཚོགས་ཡོད་པ་བཅའ་ཁྲིམས་དོན་ཚན་དྲུག་བཅུ་རེ་གསུམ་པའི་ནང་གསེས་བཞི་པའི་ནང་གསལ་ཡོད་པ་འདི་ལྟར། ༼ བཅའ་ཁྲིམས་དོན་ཚན་དྲུག་བཅུ་རེ་གསུམ་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས། ནང་གསེས་བཞི་པའི་ནང་འདི་ལྟར། སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་ཡན་གྱིས་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་བཅས་སུ་རུང་འཕོ་འགྱུར་དགོས་པའི་གྲོས་ཆོད་བཞག་སྟེ་འཕོ་འགྱུར་བྱེད་དགོས་བྱུང་ན་ལས་དེ་མིན་ཁྲིམས་ཞིབ་པ་ཆེ་བའི་ལས་ཡུན་ལོ་ལྔ་འམ་རང་ལོ་དྲུག་བཅུ་རེ་ལྔ་ཧྲིལ་པོ་ལོན་པ་གང་སྔའི་བར་ཡིན། ཁྲིམས་ཞིབ་པ་གཞན་གཉིས་རང་ལོ་དྲུག་བཅུ་རེ་ལྔ་ཧྲིལ་པོ་མ་ལོན་བར་ལས་འཁུར་རྒྱུན་འཛིན་བྱ་རྒྱུ། ཅེས་གསལ་བ་ནས་དོན་ཚན་འདི་ཁྲིམས་ཞིབ་ཚོའི་ལས་ཡུན་ལོ་ཚད་དང་ཞབས་ལོ་སྐོར་ཡིན་པ་ལས་ཁྲིམས་ཞིབ་ཚོ་འཕོ་འགྱུར་གཏོང་རྒྱུའི་དོན་ཚན་དེ་བཅའ་ཁྲིམས་དོན་ཚན་ལྔ་བཅུ་ང་བཞི་ཡིན་པ་འདི་ལྟར། ༼ དོན་ཚན་ང་བཞི་པ། གྲོས་བསྡུར་བཀག་སྡོམ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་གང་རུང་འཕོ་འགྱུར་བྱ་རྒྱུའི་སྐོར་དང་། སྤྱི་འཐུས་ལྷན་ཚོགས་ནས་ཚོགས་ཆུང་ཟུར་འཛུགས་ཀྱིས་རྟོག་ཞིབ་ཐོག་སྤྱི་འཐུས་ལྷན་ཚོགས་སུ་སྙན་ཐོ་འབྱོར་བའི་སྐབས་སུ་མ་གཏོགས་དེ་མིན་ཁྲིམས་པའི་ལས་དོན་བྱེད་ཕྱོགས་སྐོར་སྤྱི་འཐུས་ལྷན་ཚོགས་སུ་གླེང་སློང་དང་། གྲོས་བསྡུར་བྱེད་མི་ཆོག ༽ ཅེས་གསལ་བ་ནས་ཆེས་མཐོའི་ཁྲིམས་ཞིབ་ཚོ་འཕོ་འགྱུར་གཏོང་རྒྱུའི་དོན་ཚན་དེ་བཅའ་ཁྲིམས་དོན་ལྔ་བཅུ་ང་བཞི་ཡིན་པ་དབང་པོ་ནུས་མེད་ཞིག་མིན་ན་དེ་ནས་ཤེས་ཐུབ་པ་དང་། སྤྱི་འཐུས་སྐབས་བཅུ་དྲུག་ནས་བཅའ་ཁྲིམས་ཀྱི་དོན་ཚན་ནོར་ནས་བཅའ་ཁྲིམས་ཀྱི་དོན་ཚན་ལྔ་བཅུ་ང་བཞི་མ་བརྒྱུད་པ་དོན་ཚན་དྲུག་བཅུ་རེ་གསུམ་གྱིས་ནང་གསེས་བཞི་པ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཚོའི་ལས་ཡུན་ལོ་ཚད་དང་ཞབས་ལོ་སྐོར་གྱིས་དོན་ཚན་གྱིས་འོག་ཏུ་མང་མོས་གྲོས་ཆོད་བཞག་ནས་ཁྲིམས་ཞིབ་ཆ་ཚང་འཕོ་འགྱུར་བཏང་བ་དེ་ལོ་རྒྱུས་ཀྱིས་ནག་ཉེས་ཚབ་ཆེན་བསགས་པ་ནས་ཁྲིམས་འགལ་རང་ལ་ངོས་འཛིན་བྱེད་ཀྱི་ཡོད། སྤྱི་འཐུས་ཚོའི་ཁྲིམས་འགལ་གྱིས་གྲོས་ཆོད་ཡིག་ཆ་ཨང་ ༣༩ བཞག་པ་ལ་སྲིད་སྐྱོང་གི་ཆོག་མཆན་མིང་རྟགས་བཀོད་པ་ནས་བཀའ་ཤག་སྐབས་བཅོ་ལྔ་ཡང་ཁྲིམས་འགལ་ལ་ངོས་འཛིན་ཞུ་གི་ཡོད། ཁྲིམས་འགལ་གྱིས་གྲོས་ཆོད་ཡིག་ཆ་ཨང་ ༣༩ ལ་སྲིད་སྐྱོང་ནས་ཆོག་མཆན་མིང་རྟགས་བཀོད་མེད་ན་གྲོས་ཆོད་ཡིག་ཆ་ཨང་ ༣༩ དེ་གྲོས་འཆར་ཐོག་ལྷག་རྒྱུ་ལས་ལག་ལེན་ལྟར་རྒྱུའི་ཁྲིམས། ༼ Act ༽ ཐོག་འགྲོ་མི་ཐུབ་པ་འདི་ལྟར། ༼ བཅའ་ཁྲིམས་དོན་ཚན་སོ་དྲུག་པ། ཁྲིམས་བཟོའི་དབང་ཆ། ཁྲིམས་ལུགས་བཟོ་འགོད་དང་། གཏན་འབེབས་བྱ་རྒྱུའི་དབང་ཆ་ཡོངས་རྫོགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཡོད་པ་དང་། ཁྲིམས་ལུགས་དེ་དག་ཁྲིམས་སུ་བཅའ་བ་ལ་སྲིད་སྐྱོང་གིས་ཆོག་མཆན་མིང་རྟགས་འགོད་དགོས། ༽ སྤྱི་འཐུས་གྲོས་ཚོགས་ནས་ཁྲིམས་ལུགས་སམ་གྲོས་ཆོད་ག་འདྲ་ཞིག་སྤྱི་མོས་སམ་མང་མོས་བརྒྱུད་ནས་གཏན་ འབེབས་གནང་གི་ཡོད་རུང་དེ་དག་ལག་ལྟར་བྱ་རྒྱུའི་ཁྲིམས་ཆགས་པ་ལ་སྲིད་སྐྱོང་གི་ཆོག་མཆན་མིང་རྟགས་ཐོབ་དགོས་པ་དང་། སྲིད་སྐྱོང་གི་ཆོག་མཆན་མིང་རྟགས་མ་བཀོད་བར་ཁྲིམས་འཆར་རམ་གྲོས་འཆར་གྱི་ངོ་བོར་གནས་དགོས་པ་ལས་ལག་ལྟར་བྱ་རྒྱུའི་ཁྲིམས་ཆགས་མི་ཐུབ་པ་ནས་སྲིད་སྐྱོང་གི་ཆོག་མཆན་མིང་རྟགས་མ་བཀོད་སྔོན་དུ་ཚོགས་གཙོའི་ཁྲིམས་ཞིབ་ཚོ་འཕོ་འགྱུར་བཏང་བའི་གསལ་བསྒྲགས་གྲོས་ཚོགས་ནང་གནང་བ་དེ་ཡང་ཁྲིམས་འགལ་རང་ལ་ངོས་འཛིན་ཞུ་གི་ཡོད། གྲོས་འཆར་ཡིག་ཆ་ཨང་ ༣༩ བགྲོ་གླེང་སྐབས་འཛིན་སྐྱོང་སྡེ་ཚན་བཀའ་ཤག་ནས་ཆ་ཤས་མ་བླངས་བ་བལྟས་མོ་ལྟས་ནས་བཞུགས་པ་ནས་བཀའ་ཤག་སྐབས་བཅོ་ལྔ་དང་སྤྱི་འཐུས་སྐབས་བཅུ་དྲུག་པ་གཉིས་ནས་སྡིག་པ་མིག་རྩུབ་གྱིས་ཁྲིམས་འགལ་གྱིས་ནག་ཉེས་དེ་བོད་ཀྱི་མང་གཙོའི་འཕེལ་རིམ་གྱིས་ལོ་རྒྱུས་ནང་སུབ་ནས་ཟུབ་རྒྱུ་མེད་པའི་ལོ་རྒྱུས་ཀྱིས་ནག་ཉེས་ཞིག་ཡིན་པ་དེ་ཡང་གསལ་པོ་མཁྱེན་པ་གནང་དགོས། བཅའ་ཁྲིམས་དོན་ཚན་ལྔ་བཅུ་ང་བཞི་འོག་ཆེས་མཐོའི་ཁྲིམས་ཞིབ་ཚོ་ཁྲིམས་མཐུན་འོག་ཏུ་འཕོ་འགྱུར་བཏང་བའི་དབང་དུ་བཏང་ཡང་ཆེས་མཐོའི་ཁྲིམས་ཞིབ་པ་ཆ་ཚང་འཕོ་འགྱུར་གཏོང་མི་ཆོག་པ་བཅའ་ཁྲིམས་དོན་ཚན་ལྔ་བཅུ་ང་བཞིའི་ནང་གང་རུང་ཟེར་བ་དང་། བཅའ་ཁྲིམས་དོན་ཚན་དྲུག་བཅུ་རེ་གསུམ་པའི་ནང་གསེས་བཞི་པའི་ནང་སུ་རུང་ཟེར་བ་ནས་ཤེས་ཐུབ་པ་དང་། ཁྲིམས་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་བཟོས་ན་ཁྲིམས་ཞིབ་གསར་པ་ཚོའི་ལས་འཁུར་དམ་བཅའ་འབུལ་ས་མེད་པ་ནས་ཁྲིམས་ཞིབ་པ་གཅིག་བཞུགས་དགོས་པ་ནས་གང་རུང་དང་སུ་རུང་ཟེར་བའི་ཐ་སྙད་དེ་རྩལ་དུ་སྟོན་མི་འདུག་གམ། རིང་མིན་སྤྱི་ཟླ་དགུ་པའི་ནང་སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་བརྒྱད་པ་དབྱར་ཚོགས་སྟེང་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཁྲིམས་ཞིབ་པ་ཆེ་བ་དང་གཞན་ཁྲིམས་ཞིབ་གཅིག་དང་། བཀའ་བློན་ཁ་བསྐོང་བཅས་གནང་མ་ཐུབ་ཚེ་སྤྱི་འཐུས་སྐབས་བཅུ་བདུན་པ་ཆ་ཚང་རྟ་ལམ་བོང་བུའི་བཀག་ནས་མ་བཞུགས་པར་བཟང་སྤྱོད་ལ་འགན་འཁུར་ནས་རྩ་དགོང་ཞུ་དགོས་པ་དང་གལ་སྲིད་གླད་རྙིང་ཁྲེགས་བཟུང་བྱས་ནས་རྩ་དགོང་མ་ཞུས་ན་བཅའ་ཁྲིམས་དོན་ཚན་ལྔ་བཅུ་ང་དགུའི་འོག་མི་མང་ཚོགས་ཆེན་བསྐོང་ནས་བཅའ་ཁྲིམས་དོན་ཚན་ང་དྲུག་འོག་མང་ཚོགས་ལ་མང་མོས་ཐག་གཅོད་འོས་བསྡུ་གནང་ནས་མང་གཙོའི་ཀ་བ་ཆེས་མཐོའི་ཁྲིམས་ཞིབ་ཁང་སླར་གསོ་གནང་དགོས་པའི་དུས་ལ་བབས་མི་འདུག་གམ།