གཞུང་པ་ཚེ་དབང་བསོད་ནམས།
ཀ་ར་ཀོ་རེ་བཤད་ནས་གྲོས་ཚོགས་འཇུག་སྐྱོང་མ་ཐུབ།
ཁ་དམག་འགན་འཁུར་འོག་ཏུ་ནང་ཁུལ་རྩོད་གླེང་མང་བ།
ག་ནས་བསམ་བློ་བཏང་ཀྱང་ཕྱོགས་གཏོགས་འགན་འཁུར་ཙམ་ལས།
ང་ཚོའི་རེ་བ་ཇི་བཞིན་ཁྲིམས་བཟོའི་འགན་འཁུར་མ་ཐུབ།
ཅ་ཅོ་འར་འུར་མང་བའི་གྲོས་ཚོགས་ལས་རིམ་མཐོང་དུས།
ཆ་ལུགས་འདི་འདྲའི་སྤྱོད་ངན་གྲོས་ཚོགས་ག་འདྲ་ཡིན་ནམ།
ཇ་ནག་ཚ་མེད་འདྲ་བའི་སྤྱི་འཐུས་གྲོས་ཚོགས་ལས་རིམ།
ཉི་མ་གང་ཁྱོལ་བྱས་ནས་གཞུང་གྲོན་འཕྲོ་ལྷག་འདྲ་སོང་།
ཏ་ལའི་བླ་མས་མཛད་རྗེས་བོད་ཀྱི་མང་གཙོ་བཙུགས་ཀྱང་།
ཐ་དད་ཆོས་ལུགས་ཆོལ་ཁའི་སྐུ་ཚབ་འཐུས་མི་རྣམ་པས།
ད་ལྟའི་གྲོས་ཚོགས་ལས་རིམ་དགྲ་དགའ་གཉེན་སྡུག་བཟོས་སོང་།
ན་གཞོན་ཤེས་ཡོན་ཅན་ཚོ་མ་འོངས་སྤྱི་འཐུས་ཕེབས་དང་།
པ་ཕ་ཨ་མ་འདྲ་བའི་མི་མང་འཐུས་མི་རྣམ་པ།
ཕ་བཟང་བུ་བརྒྱུད་ཡིན་ན་ཁྲིམས་ལ་བཅུས་རིལ་མ་རྒྱག
བ་ཕྱུགས་བསམ་མེད་དུད་འགྲོ་རང་གི་ཁྱུ་དང་མཐུན་པ།
མ་རབས་སྤྱོད་པ་དོར་ནས་ཁྲིམས་བཟོའི་འགན་འཁྲུར་བཞེས་དང་།
རྩ་བ་གྲོས་ཚོགས་ལས་རིམ་བཅའ་སྒྲིག་འགན་འཁུར་འོག་ཏུ།
ཚ་གྲངས་ག་འདྲ་བྱུང་ཡང་ཁྲིམས་བཟོའི་འགན་འཁུར་མ་དོར།
ཛ་ར་རྫེ་རེ་མེད་པའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས།
ཝ་མོ་སྟག་རྫུས་མིན་པའི་མི་མང་འཐུས་མི་སྤྱི་འཐུས།
ཞ་ར་འོན་པ་མིན་པའི་དབང་པོ་ནུས་ལྡན་ཚང་མས།
ཟ་རྒྱུ་ཐུང་རྒྱུ་བཞག་ནས་གྲོས་ཚོགས་ལས་རིམ་བལྟ་སྐབས།
འར་འུར་གཏམ་བཤད་འོག་གི་ལས་རིམ་རྣམ་བཞག་མང་བ།
ཡ་རབས་བཟང་སྤྱོད་དོར་ནས་ཁྱོད་དང་ང་ཡིས་སྐད་ཆ།
ར་ཅོ་མི་ལ་མ་འཛུགས་ར་རྩེ་རང་ལ་ཟུག་ཡོང་།
ལ་མོའི་རྒྱབ་ཏུ་ཡོད་པའི་དགྲ་བོའི་འདོད་དོན་མ་སྒྲུབ།
ཤ་ཁྲག་གཅིག་པའི་རང་རིགས་སེམས་པ་ཕམ་དུ་མ་བཅུག
ས་ཕྱོགས་འདི་རུ་སྤྱི་འཐུས་གྲོས་ཚོགས་ཁྲབ་སྟོན་མང་སོང་།
ཧ་ཧ་རྫོགས་རྒྱུ་མེད་པའི་སྐད་ཆ་ལས་རིམ་རྣམ་བཞག
ཨ་ཁ་ང་ཚོའི་སྐུ་ཚབ་སྤྱི་འཐུས་རྣམ་པར་གཟིགས་དང་།
གཞུང་པས། ༢༠༢༣/༡༠/༠༥