གཞུང་པ་ཚེ་དབང་བསོད་ནམས།
དང་པོ། ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་དང་འབྲེལ་བའི་སྐོར།
ཡོངས་ཁྱབ་གསལ་བསྒྲགས།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་ལྔ་པའི་མང་མོས་གཞུང་འབྲེལ་གྲོས་ཆོད་ཨང་ ༢༠༢༣/༡༧/༥/༥ དགོངས་དོན་ཚོགས་གཙོ་སྦྲེལ་པོས་བསྐོ་བཞག་གནང་བའི་ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་དོན་དངོས་སུ་འགོ་འཛུགས་ཞུས་ཡོད་པས་ཚོགས་པ་དང་མི་སྒེར་སུ་ཐད་ནས་ཁྲིམས་སྒྲིག་བསྐྱར་བཅོས་དང་འབྲེལ་བའི་དགོངས་ཚུལ་མཆིས་ཚེ་ཡིག་ཐོག་ནས་ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༢ མང་གཙོའི་དུས་ཆེན་བར་ཚོགས་དྲུང་ལས་ཁུངས་བརྒྱུད་གཤམ་གསལ་གློག་འཕྲིན་ཁ་སྦྱང་ཐོག་འདི་ག་ཚོགས་ཆུང་དུ་འབུལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་ནས་ཕྱི་ལོ་ ༢༠༢༣ ཟླ་བ་༧ ཚེས་ ༡༧ ཉིན། ཞེས་གསལ་བའི་གསལ་བསྒྲགས་ཕེབས་པ་བཞིན་བཙན་བྱོལ་སྤྱི་ཚོགས་ནང་གི་ཚོགས་སྡེ་ཁག་དང་མི་སྒེར་སོགས་ནས་བསམ་ཚུལ་ཡིག་ཐོག་ནས་ཕུལ་མཁན་གཅིག་སྟོང་ལྷག་ཙམ་བྱུང་འདུག་ན་ཡང་ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གིས་ལས་བསྡོམས་ནང་གཅིག་ཀྱང་མ་ཁྱེར་བ་ནི་མི་མང་ལ་བསམ་ཚུལ་ཁྱེར་ཤོག་ལབ་ནས་མི་མང་གི་བསམ་ཚུལ་ལ་བདག་སྤྲོད་མ་གནང་བ་དེ་༼ མང་གཙོ། Democracy ནས་༽ ༼ དམངས་གཙོ་གཅིག་བསྡུད་Proletarian ༽ ལ་ཁ་ཕྱོགས་པ་རེད་དམ།
གཉིས་པ། མང་གཙོའི་ཀ་བ་གསུམ་གྱིས་ལས་ཁུར་དམ་འབུལ་སྐོར།
མང་གཙོའི་ལྟ་གྲུབ་བམ་མང་གཙོའི་རིག་པའི་གཞུང་ལུགས་ ༼ Democracy Theory ༽ ནང་མང་གཙོའི་གཞུང་འཛིན་སྐྱོང་གནང་མཁན་གྱི་མང་གཙོའི་ཀ་བ་གསུམ་ ༼ Three Pillar of Democracy Government ༽ འགན་དབང་འདྲ་མཉམ་ཐ་དད་དུ་གནས་དགོས་པ་ ༼ Check and Balance System ༽ ནས་སྲིད་སྐྱོང་གི་དམ་བཅའ་དེ་སྤྱི་འཐུས་ཚོགས་གཙོ་ལ་འབུལ་དགོས་པ་དང་སྤྱི་འཐུས་ཚོགས་གཙོའི་དམ་བཅའ་དེ་སྲིད་སྐྱོང་ལ་འབུལ་དགོས་པའི་ལམ་ལུགས་གསར་གཏོད་གནང་བ་དེ་མང་གཙོ་སྤྱིའི་ལྟ་གྲུབ་བམ་རིག་པའི་གཞུང་ལུགས་༼ Democracy Theory ༽ དང་མཐུན་པའི་ལམ་ལུགས་ཚད་ལྡན་ཞིག་ཨ་ཡིན་ན། དངོས་འབྲེལ་བྱས་ན་ཁྲིམས་ཞིབ་པ་ཆེ་བ་ས་གནས་སུ་མ་བཞུགས་པའི་སྐབས་སྲིད་སྐྱོང་དང་། སྤྱི་འཐུས་ཀྱི་ཚོགས་གཙོ་ཚོགས་གཞོན། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ་བཅས་ནས་ཁྲིམས་ཞིབ་པ་གཞན་གཉིས་གང་རུང་མདུན་དམ་འབུལ་དགོས་པའི་བཅའ་ཁྲིམས་བསྐྱར་བཅོས་གནང་དགོས་པ་དེ་མ་གནང་བ་འཛམ་གླིང་གི་མང་གཙོའི་རྒྱལ་ཁབ་སུ་གཅིག་གི་ལམ་ལུགས་དང་མི་མཐུན་པའི་ལམ་ལུགས་གསར་གཏོད་གནང་བ་ནི་བློ་གཟུ་བོར་གནས་པའི་མང་གཙོའི་རྒྱལ་ཁབ་ཁག་གི་གྲོས་ཚོགས་ཀྱི་འཐུས་མི་དང་མང་གཙོའི་ལྟ་གྲུབ་ལ་སྦྱངས་པ་དང་ཉམས་མྱོང་ཡོད་མཁན་གྱིས་མི་སྣ་མང་པོ་ཞིག་རང་བཞིན་གྱིས་བགད་མོ་ཤོར་སྲིད་པ་མ་རེད་དམ། གཉིས་ནས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང་ས་གནས་ཁྲིམས་ཞིབ་པའི་དམ་བཅའ་དེ་སུ་འབུལ་དགོས་པ་རེད་དེ་ཡང་གསལ་ཁ་མེད་པ་ནས་ས་གནས་ཁྲིམས་ཞིབ་པ་དམ་བཅའ་འབུལ་ས་མ་རགས་ན་ས་གནས་འཐུས་མིའི་ཚོགས་གཙོ་དང་ཚོགས་གཞོན་གྱིས་དམ་བཅའ་དེ་སུ་ལ་འབུལ་དགོས་པ་རེད་དེ་ཡང་གསལ་པོ་མ་ཤེས་པ་ནས་ཐེ་ཚོམ་ནང་ལྷག་མི་འདུག་གམ།
གསུམ་པ། ས་ཁང་གི་སྒྲིག་གཞི་དང་འབྲེལ་བའི་སྐོར།
སྤྱི་འཐུས་གྲོས་ཚོགས་དེ་ཁྲིམས་བཟོ་ལྷན་ཚོགས་ཡིན་པ་དང་ཁྲིམས་བཟོའི་འགན་དབང་དེ་ཁྲིམས་ལུགས་བཟོ་རྒྱུ་ལས་སྒྲིག་གཞི་བཟོ་མཁན་མིན་པ་འདི་ལྟར། ༼ བཅའ་ཁྲིམས་དོན་ཚན་སོ་དྲུག་པ། ཁྲིམས་བཟོའི་དབང་ཆ་ ༽ ཞེས་པའི་ནང་། ཁྲིམས་ལུགས་བཟོ་འགོད་དང་། གཏན་འབེབས་བྱ་རྒྱུའི་དབང་ཆ་ཡོངས་རྫོགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཡོད་པ་དང་། ཁྲིམས་ལུགས་དེ་དག་ཁྲིམས་སུ་བཅའ་བ་ལ་སྲིད་སྐྱོང་གིས་ཆོག་མཆན་མིང་རྟགས་འགོད་དགོས། ༽ ཅེས་གསལ་བ་ནས་སྤྱི་འཐུས་གྲོས་ཚོགས་དེ་ཁྲིམས་བཟོ་མཁན་ཡིན་པ་དང་། སྒྲིག་གཞི་བཟོ་མཁན་དེ་ས་གནས་འཐུས་མིའི་ཚོགས་འདུ་ཡིན་པ་འདི་ལྟར། ༼ བཅའ་ཁྲིམས་དོན་ཚན་གྱ་གཉིས་པ། ས་གནས་འཐུས་མིའི་ཚོགས་འདུའི་དབང་ཚད།
ས་གནས་ཀྱི་ལས་དོན་དང་འབྲེལ་བའི་སྒྲིག་གཞི་བཟོ་འགོད་དང་། གཏན་འབེབས་བྱ་རྒྱུའི་འགན་དབང་ཡོངས་རྫོགས་ས་གནས་འཐུས་མིའི་ཚོགས་འདུར་ཡོད། འོན་ཀྱང་མཐའ་མའི་གཏན་འབེབས་མ་བྱས་གོང་ས་གནས་འགོ་འཛིན་དང་འགོ་འཛིན་ལས་རོགས་ལ་གོ་བསྡུར་བྱེད་དགོས། ༽ ཅེས་གསལ་བ་ནས་ས་ཁང་གི་སྒྲིག་གཞི་དེ་ས་གནས་གཞིས་ཆགས་ཁག་གིས་ཉམས་ལེན་བྱ་རྒྱུའི་སྒྲིག་གཞི་ཞིག་ཡིན་པ་ནས་སྤྱི་འཐུས་ཁྲིམས་བཟོ་གྲོས་ཚོགས་ནས་ས་ཁང་གི་སྒྲིག་གཞི་གཏན་འབེབས་གནང་བ་དེ་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་དང་ས་གནས་འཐུས་མིའི་སྒྲིག་འཛུགས་བར་གྱི་ས་མཚམས་ལས་འགལ་བ་མ་རེད་དམ། གལ་སྲིད་ཁྲིམས་ལུགས་དང་སྒྲིག་གཞི་གཉིས་ཀ་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་གཏན་འབེབས་གནང་རྒྱུ་ཡིན་ན་བཅའ་ཁྲིམས་དོན་ཚན་གསུམ་པ། ཆབ་སྲིད་ཀྱི་རང་བཞིན། ཟེར་བའི་ནང་མང་གཙོ་མཉམ་འབྲེལ་ ༼ Federation ༽ ཟེར་བའི་གོ་དོན་དང་དེའི་ཆ་རྐྱེན་དེ་ག་པར་བཞག་དགོས་པ་རེད་དེ་ཡང་གསལ་པོ་ཤེས་མ་སོང་། བཅའ་ཁྲིམས་དོན་ཚན་དོན་བརྒྱད་འོག་བཀོད་སྒྲིག་གནང་བའི་ས་གནས་འཐུས་མིའི་སྒྲིག་འཛུགས་དེ་དགོས་གལ་གཟིགས་ཀྱི་མེད་ན་བཅའ་ཁྲིམས་དོན་ཚན་གསུམ་པའི་ནང་གསལ་བའི་མང་གཙོ་ ༼ མཉམ་འབྲེལ། Federation ༽ དེ་མང་གཙོ་ ༼གཅིག་སྒྲིལ། Unitary ༽ ལ་བསྐྱར་བཅོས་གནང་ནས་བཅའ་ཁྲིམས་ལེའུ་བདུན་པ་ལ་བསྐྱར་བཅོས་འགྲོ་དགོས་པ་མ་རེད་དམ།
དེ་སྔོན་སྤྱི་ལོ་ ༡༩༦༣ ལོར་༧ གོང་མཆོག་ནས་གསལ་བསྒྲགས་གནང་བའི་བོད་ཀྱི་རྩ་ཁྲིམས་ནང་མང་གཙོ། ༼ གཅིག་སྒྲིལ། Unitary ༽ འཁོད་ཡོད་པ་དང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་མང་གཙོ། ༼ མཉམ་འབྲེལ། Federation ༽ འཁོད་པ་ནས་དབུས་དང་ས་གནས་གཉིས་དབང་ཆ་ཆ་བགོས་༼ Decentralized ༽ བྱས་ནས་ས་གནས་ཀྱིས་ལས་དོན་དང་འབྲེལ་བའི་སྒྲིག་གཞི་བཟོ་རྒྱུ་དང་གཏན་འབེབས་བྱ་རྒྱུ་སོགས་ས་གནས་འཐུས་མིའི་ཚོགས་འདུའི་ལག་ཏུ་བཞག་ཡོད་པ། ༼ བཅའ་ཁྲིམས་དོན་ཚན་གྱ་གཉིས་ནས་ངོ་སྤྲད་པ་འདི་ལྟར་༽ ས་གནས་འཐུས་མིའི་ཚོགས་འདུའི་དབང་ཚད། ས་གནས་ཀྱིས་ལས་དོན་དང་འབྲེལ་བའི་སྒྲིག་གཞི་བཟོ་འགོད་དང་གཏན་འབེབས་བྱ་རྒྱུའི་འགན་དབང་ཡོངས་རྫོགས་ས་གནས་འཐུས་མིའི་ཚོགས་འདུར་ཡོད། འོན་ཀྱང་མཐའི་གཏན་འབེབས་མ་བྱས་གོང་ས་གནས་འགོ་འཛིན་དང་འགོ་འཛིན་ལས་རོགས་ལ་གོ་བསྡུར་བྱ་དགོས། ཅེས་གསལ་འདུག་ན་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་དང་། ས་གནས་འཐུས་མིའི་ཚོགས་འདུ་གཉིས་ཀའི་བཅའ་ཁྲིམས་ནས་བཀུར་བའི་རང་རང་གི་ས་མཚམས་ལས་མ་འགལ་བའི་འགན་འཁུར་དགོས་པ་མ་རེད་དམ།
བཞི་པ། ཡུལ་མིའི་རྒྱལ་ཁབ་སྐོར།༼ Republic ༽
སྤྱི་འཐུས་སྐབས་བཅོ་ལྔ་ནས་བཅའ་ཁྲིམས་དོན་ཚན་གསུམ་པའི་ནང་འཁོད་པའི་ཁྲིམས་མཐུན་གྱི་ཐ་སྙད་ཡུལ་མིའི་རྒྱལ་ཁབ།༼ Republic ༽ དེ་ཡུལ་མིའི་སྲིད་སྐྱོང་ལ་ཁ་ཕྱོགས་པ་དང་། ཡུལ་སྲིད་སྐྱོང་ཟེར་བའི་ཐ་སྙད་འདི་མང་གཙོ་སྤྱིའི་ལྟ་གྲུབ་བམ་རིག་པའི་གཞུང་ལུགས་ ༼ Democracy Theory ༽ དང་མཐུན་པའི་ཁྲིམས་མཐུན་གྱི་ཐ་སྙད་ཚད་གྲུབ་ཞིག་ཡིན་མིན་ཇི་ལྟར་ཡང་། ཡུལ་མིའི་རྒྱལ་ཁབ། ༼ Republic ༽ ཟེར་བའི་ཐ་སྙད་དེའི་གོ་དོན་འདི་ལྟར། ༼ The Head of Nation and Head of State is Elected by People is Called Republic ༽ རྒྱལ་ཁབ་དང་སྲིད་གཞུང་གི་འགོ་ཁྲིད་དེ་མི་མང་ནས་འདམས་པའི་མི་ཞིག་དགོས་པའི་ལམ་ལུགས་ལ་ཡུལ་མིའི་རྒྱལ་ཁབ་ཟེར་བ་དང་། ཡུལ་མིའི་སྲིད་སྐྱོང་ཟེར་བའི་ཐ་སྙད་དེ་མང་གཙོ་ག་འདྲ་ཞིག་གིས་ལམ་ལུགས་ལ་གཞི་བཅོལ་བ་ཡིན་གསལ་པོ་ཤེས་མ་སོང་། མང་གཙོ་སྤྱིའི་ལྟ་གྲུབ་༼ Democracy theory ༽ དང་མཐུན་པའི་མང་གཙོའི་ལམ་ལུགས་ཞིག་ང་ཚོར་དགོས་པ་ལས་མང་གཙོ་སྤྱིའི་ལྟ་གྲུབ་དང་མ་མཐུན་པའི་མང་གཙོ་ཞིག་གིས་ང་ཚོར་དུས་ནམ་ཡང་མི་ཕན་པ་དང་། མ་གཞི་ནས་སྤྱི་འཐུས་ཚོ་ལ་ཐུགས་ཁག་མི་འདུག་གང་ཡིན་ཟེར་ན་༼ བཅའ་ཁྲིམས་དོན་ཚན་སོ་བརྒྱད་པ། སྤྱི་འཐུས་ཀྱི་འོས་ཆོས་ ༽ ཟེར་བའི་ནང་འདི་ལྟར། ༡ བོད་ཀྱི་ཡུལ་མི་ཡིན་པ།
༢ རང་ལོ་༢༥ ཧྲིལ་པོ་ལོན་པ།
༣ ཁྲིམས་ཁང་ངམ། ་སྨན་པ་ཚད་ལྡན་གྱིས་རིག་འཚོ་མ་ཟིན་པར་གསལ་བསྒྲགས་བྱས་པ་མ་ཡིན་པ།
༤ བུན་ལོན་སྒྲུབ་འཇལམ་ཐུབ་པ་མ་ཡིན་པ། ༥ ཁྲིམས་ཁང་ནས་ནག་ཉེས་ཕོག་ཟིན་པ་མ་ཡིན་པ།
༦ བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་མ་ཡིན་པ།
༧ བོད་མིའི་ཁེ་ཕན་ལ་གནོད་གཞིིའི་རྒྱལ་ཁབ་གཞན་གྱི་ལས་དོན་དང་། གོ་གནས། དངུལ་དངོས་ཀྱི་ཁེ་ཕན་ཡོད་རིགས་མ་ཡིན་པ།
༨ སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པའི་འོས་བསྡུའི་ཁྲིམས་ལུགས་སམ། ཁྲིམས་སྒྲིག་ཅི་རིགས་དང་མི་འགལ་བ།
༩ བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་བློ་གཏད་མེད་པའམ། བོད་མིའི་རྩ་དོན་ལ་གནོད་པའི་ལས་དོན་གང་རུང་དང་། དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་བ་ཡོད་པའི་དན་རྟགས་ཡོད་པ་མ་ཡིན་པ་བཅས། ༽ ཅེས་གསལ་བ་ནས་ཁྲིམས་བཟོ་སྡེ་ཚན་གྱིས་འོས་ཆོས་ནང་ཁྲིམས་ལུགས་རིག་པ་དང་མང་གཙོ་རིག་པའི་ཆེད་ལས་པའི་ཆ་རྐྱེན་མ་བཞག་པ་ནས་འཐུས་མིའི་སྤུས་ཚད་ཡང་མི་དཀྱུས་མ་དང་འདྲ་བས་མང་གཙོའི་གོ་རྟོགས་ཡང་དེ་ཙམ་ལས་མེད་པ་གསལ་པོ་ཆགས་པ་དང་། དངོས་འབྲེལ་བྱས་ན་ཁྲིམས་བཟོ་སྡེ་ཚན་ནང་ཡོད་པའི་འཐུས་མི་ཚོ་མང་གཙོ་དང་ཁྲིམས་ལུགས་རིག་པ་ལ་སྦྱངས་པ་ཡོད་པའི་ཆེད་ལས་མི་སྣ་དགོས་པ་ནི་གྲོས་ཚོགས་འཐུས་མིའི་གཟི་བརྗིད་དང་རྒྱན་ཡིན་པ་དང་། དེ་མིན་ད་ལྟའི་སྤྱི་འཐུས་ཚོ་ནང་བཞིན་བཟོ་དགོས་པའི་ཁྲིམས་སྒྲིག་མ་བཟོས་པར་མི་དགོས་པའི་གྲོས་ཚོགས་ནང་ནང་འཁྲུགས་རྒྱབ་ནས་རྫོགས་རྒྱུ་མེད་པའི་ལས་རིམ་རྣམ་བཞག་ ༼ Point of Order ༽དང་སྟོང་པའི་དུས་ཚོད་༼ Zero hour Discussion ༽ ལ་སྒོ་སྐབས་བླངས་ནས་གཞུང་དངུལ་སྲི་ཚགས་ལ་བསམ་བློ་སྤུ་ཙམ་མེད་པ་ནི་མ་འོངས་བོད་ཀྱི་མང་གཙོའི་འཕེལ་རིམ་ནང་སུབ་ནས་ཟུབ་རྒྱུ་མེད་པའི་ལོ་རྒྱུས་ཞིག་ཆགས་སྲིད་པ་དང་།
ལྔ་པ། བོད་ཀྱི་ཡུལ་མིའི་ཁྲིམས་ལུགས་སྐོར།
བཅའ་ཁྲིམས་དོན་ཚན་བརྒྱད་པ། བོད་ཀྱི་ཡུལ་མི།
ནང་གསེས་བཞི་པ། གོང་གསལ་དོན་ཚན་ཁག་ལག་ལེན་དུ་བསྟར་ཆེད་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་ཀྱི་ཡུལ་མིའི་ཁྲིམས་ལུགས་ཤིག་གཏན་འབེབས་བྱ་རྒྱུ། ཅེས་གསལ་བ་ནས་བཅའ་ཁྲིམས་ཀྱིས་ནུས་པ་འཐོན་ནས་མི་ལོ་བཅུ་ཕྲག་གསུམ་ལྷག་འགྲོ་བཞིན་པའི་སྐབས་འདིར་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་བཅའ་ཁྲིམས་ནས་བཀུར་བའི་ལས་འགན་བོད་ཀྱི་ཡུལ་མིའི་ཁྲིམས་ལུགས་བཟོ་མ་ཐུབ་པ་དེ་ཁྲིམས་བཟོའི་ལས་འགན་མ་འགྲུབ་པའི་འཐུད་ཤོར་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་གི་ཡོད། རྒྱལ་ཁབ་ག་འདྲ་ཞིག་ཡིན་ཀྱང་ཡུལ་མིའི་ཁྲིམས་ལུགས་ ༼ Citizenship Law ༽ དེ་མེད་དུ་མི་རུང་བའི་ཁྲིམས་ཡིག་གལ་ཆེ་ཤོས་དེ་ཡིན་པ་དང་། ཡུལ་མིའི་ཁྲིམས་ལུགས་གཏན་འབེབས་མེད་པར་སྤྱི་དམངས་ཀྱིས་ཐོབ་ཐང་ཟེར་བ་དེ་ཁྲིམས་ལུགས་ག་འདྲ་ཞིག་གི་འོག་ནས་ཐོབ་དགོས་པ་རེད་དེ་ཡང་གསལ་པོ་ཤེས་མ་སོང་།
དྲུག་པ། དཔྱ་ཁྲལ་ཆགས་ཡང་སྐོར།
ནུབ་ཕྱོགས་འབྱོར་ལྡན་རྒྱལ་ཁབ་ནང་ཡོད་པའི་རང་རིགས་བོད་མི་དཔྱ་ཁྲལ་འབུལ་སྡད་རྣམས་ལ་སྔ་ལོ་དཔྱ་ཁྲལ་ཆགས་ཡང་བརྒྱ་ཆ་དགུ་བཅུ་བཏང་བ་དང་འདི་ལོ་སླར་ཟླ་བ་དྲུག་ཕར་འགྱངས་གནང་བ་དེ་དག་ ༼ བཅའ་ཁྲིམས་དོན་ཚན་ང་གཅིག་པ། ཁྲིམས་ཡིག་འཆར་ཟིན་འགོད་འབུལ་དང་། གཏན་འབེབས། ༽ ཟེར་བའི་ནང་གསེས་དོན་ཚན་དང་པོ་དང་མཐུན་མིན་ཇི་ལྟར་ཡང་། དངོས་འབྲེལ་བྱས་ན་དཔྱ་ཁྲལ་ཆགས་ཡངས། ༼ Tax Concession ༽ ཟེར་བ་དེ་རྒྱུ་ཚན་དང་གནས་ལུགས་མང་པོ་བརྒྱུད་ནས་དཔལ་འབྱོར་རིག་པའི་ལམ་སྟོན་འོག་ནས་ཞིབ་འཇུགས་ཚོགས་ཆུང་༼ Committee ༽ བཙུགས་ནས་འགྲོ་དགོས་པ་ལས་གྲོས་ཚོགས་ནས་སྤྱི་མོས་སམ་མང་མོས་ཐོག་ནས་གྲོས་ཆོད་བཞག་ནས་སྒྲིག་འཛུགས་ཀྱིས་དཔྱ་ཁྲལ་ལ་ཆགས་ཡངས་གཏོང་རྒྱུ་དང་སྤར་ཆ་གནང་རྒྱུ་དེ་མང་གཙོའི་རྒྱལ་ཁབ་སྤྱིའི་གྲོས་ཚོགས་ཀྱིས་ལམ་ལུགས་དང་མཐུན་པའི་ཁྲིམས་མཐུན་ཞིག་ཡིན་མིན་ཤེས་མ་སོང་ཡང་། དངོས་འབྲེལ་བྱས་ན་འབྱོར་མེད་དབུལ་ཕོངས་ཉམས་ཐག་ནང་ལྷག་པའི་ཁྱིམ་ཚང་དང་། བློ་བུར་ཛ་དྲག་དཀའ་ངལ་ནང་ལྷུངས་པའི་རིགས་ལ་མ་གཏོགས་འབྱོར་ལྡན་ལུང་པའི་ནང་འཚོ་བ་སྐྱལ་ནས་སོ་སོའི་སྒྲིག་འཛུགས་ལ་སྣང་ཆུང་བརྩི་མེད་བྱ་མཁན་ཚོར་དཔྱ་ཁྲལ་ཆགས་ཡངས་གཏོང་རྒྱུ་དེ་གཡང་རྩེའི་ཁ་ལ་ཡར་མགྲོན་རྒྱབ་པ་མ་རེད་དམ།
བདུན་པ། སྤྱི་འཐུས་ཕྱོགས་བསྐྱོད་སྐོར།
སྤྱི་འཐུས་རྣམ་པ་བོད་མིའི་སྡོད་སྒར་ཁག་ལ་འཚམས་གཟིགས་ལ་ཕེབས་པའི་བརྒྱུད་རིམ་ནས་ས་གནས་འགའ་ཤས་ལ་མི་མང་འདུ་འཛོམས་མེད་པ་དང་ཡང་ས་གནས་འགའ་ཤས་ལ་སྤྱི་འཐུས་ཚོར་ངོ་རྒོལ་གྱིས་རྣམ་འགྱུར་སྟོན་མཁན་ཡང་ཡོད་པའི་གནས་ཚུལ་གོ་རྒྱུ་འདུག་ན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་མིང་དང་དོན་གཉིས་ཀ་ཚང་དགོས་པ་ནས་གཞིས་བཞུགས་བོད་མིའི་སེམས་ཁམས་ལ་གནོད་གཞིའི་ལས་འགུལ་ང་ཚོའི་དུས་ནམ་ཡང་སྤེལ་མི་ཉན་པ་ནས་ཕྱོགས་བསྐྱོད་ལ་ཕེབས་མཁན་སྤྱི་འཐུས་ཚོ་ཡང་ས་ཐག་འགྱངས་པོར་འཕྲུལ་ཆས་དང་ཚ་བའི་ནང་ཕེབས་རྒྱུ་སྐུ་ངལ་དང་གཞུང་གྲོན་ཆེ་བ་དང་། ས་གནས་མི་མང་ཡང་ཚོགས་འདུར་འཛོམས་ལ་མི་འཛོམས་སོགས་ལ་ལྟ་སྐབས་ས་གནས་སོ་སོར་མི་མང་གིས་སྐུ་ཚབ་ས་གནས་འཐུས་མིའི་ཚོགས་འདུ་ཡོད་པ་ནས་སྤྱི་འཐུས་ཚོ་ས་གནས་ལ་ཕེབས་ནས་དམིགས་གསལ་མཛད་རྗེས་འདི་རེད་ཟེར་བ་མཐོང་རྒྱུ་མེད་ཁར་དགོས་མེད་ཀྱིས་སྐད་ཆ་མང་པོ་ས་གནས་འགའ་ཤས་ནས་སྤྱི་འཐུས་ལ་ངོ་རྒོལ་རྒྱབ་རེད་ཟེར་བའི་གནས་ཚུལ་ངན་པ་གོ་དུས་རང་གཞན་རོགས་གསུམ་ཚང་མ་བློ་མ་བདེ་བ་ཡོང་བ་སོགས་ལ་ལྟ་སྐབས་སྤྱི་འཐུས་ཚོ་བོད་མིའི་གཞིས་སྒར་ཁག་ནང་ཕེབས་མ་དགོས་གནང་ནས་སྤྱི་འཐུས་ཚོ་གནས་ཡུལ་ལུང་པའི་གྲོང་ཁྱེར་ཁག་ནང་བོད་དོན་ངོ་སྤྲོད་ཆེད་ཕེབས་དགོས་པ་དང་ས་གནས་འཐུས་མི་རྣམས་ནས་ས་གནས་མི་མང་གིས་བདེ་སྡུག་གནས་སྟངས་ལ་རྒྱུས་ལོན་གནང་ནས་ས་གནས་སོ་སོའི་ས་གནས་འགོ་འཛིན་ལ་སྙན་སེང་བརྒྱུད་ནས་དབུས་ས་གཉིས་ནས་དངོས་འབྲེལ་དཀའ་ངལ་ཡོད་པ་ཚོའི་དཀའ་ངལ་དུས་ཐོག་སེལ་དགོས་པ་དེ་ཁྲིམས་མཐུན་ངོ་མ་དེ་ཡིན་པ་དང་།
བརྒྱད་པ། གྲོས་ཆོད་ཡིག་ཆ་ཨང་ ༣༩ དང་འབྲེལ་བའི་སྐོར།
སྤྱི་འཐུས་གྲོས་ཚོགས་སྐབས་བཅུ་དྲུག་དང་བཀའ་ཤག་སྐབས་བཅོ་ལྔ་གཉིས་ནས་སྡིག་པ་མིག་བརྩུམས་གྱིས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་གྱིས་ལོ་རྒྱུས་ནང་སུབ་ནས་ཟུབ་རྒྱུ་མེད་པའི་ལོ་རྒྱུས་ནག་པོའི་ཁྲིམས་འགལ་གྱིས་གྲོས་ཆོད་ཡིག་ཆ་ཨང་ ༣༩ ཟེར་བ་དེ་ག་དུས་ཡིན་ཀྱང་གྲོས་ཚོགས་ལས་རིམ་ནང་སླ་ལོག་རྒྱབ་ནས་མ་བཞུགས་པར་སྤྱི་འཐུས་ཚོའི་བཟང་སྤྱོད་ལ་འགན་འཁུར་ནས་ནོར་བ་དེ་ངོས་བླངས་ནས་རང་ལ་འཁྲི་བའི་ཁྲིམས་བཟོའི་ལས་འགན་ཁག་གཡས་ལྷག་གཡོན་ལྷུང་མེད་པ་མི་མང་གིས་མངོན་འདོད་དང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནས་བཀུར་བའི་ལས་འགན་ཁག་དུས་ཐོག་སྒྲུབ་དགོས་པ་དེ་ཐོག་མའི་ལས་འཁུར་དམ་བཅའ་དང་མ་འགལ་བ་གནང་དགོས་པའི་འབོད་བསྐུལ་ཞུ་འདོད་བྱུང་།
དགུ་པ། སྤྱི་འཐུས་ལྷན་ཚོགས་འཕོ་འགྱུར་སྐོར།
སྤྱི་ལོ་ ༡༩༩༡ ཟླ་བ་ལྔ་པའི་ཚེས་ ༢༩ ཉིན་སྤྱི་འཐུས་སྐབས་བཅུ་གཅིག་གིས་ཁྲིམས་བཟོའི་འགན་འཁུར་བླངས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གནང་བའི། ༼ དོན་ཚན་ང་བདུན་པ། སྤྱི་འཐུས་ལྷན་ཚོགས་དང་། སྤྱི་འཐུས་བྱེ་བྲག་པ་འཕོ་འགྱུར་གཏོང་བ། ༽ ཅེས་གསལ་ཡོད་ན་ཡང་སྤྱི་ལོ་ ༡༩༩༥ ཟླ་བ་ ༢ པའི་ནང་བཅའ་ཁྲིམས་བསྐྱར་བཅོས་བདུན་པའི་སྐབས། ༼ སྤྱི་འཐུས་ལྷན་ཚོགས་དེ་མེད་པ་བཟོས་ནས། ༽ བཅའ་ཁྲིམས་དོན་ཚན་ང་བདུན་པ། སྤྱི་འཐུས་བྱེ་བྲག་པ་འཕོ་འགྱུར་གཏོང་བ། ཟེར་བ་ལ་བསྐྱར་བཅོས་གནང་འདུག་ན་མང་གཙོའི་རྒྱལ་ཁབ་ག་འདྲ་ཞིག་གིས་རྩ་ཁྲིམས་ལ་གཟིགས་དང་གྲོས་ཚོགས་ཀྱིས་འཐུས་མི་ཆ་ཚང་འཕོ་འགྱུར་གཏོང་རྒྱུའི་ཆ་རྐྱེན་༼ Parliament dissolve ༽ དེ་བཞག་ཡོད་པ་ནས་ང་ཚོའི་བཅའ་ཁྲིམས་ཐོག་མ་གཏན་འབེབས་གནང་བའི་ནང་ ༼ སྤྱི་འཐུས་ལྷན་ཚོགས་༽ དེ་འཁོད་ཡོད་པ་དང་བཅའ་ཁྲིམས་བསྐྱར་བཅོས་བདུན་པའི་སྐབས་ ༼ སྤྱི་འཐུས་ལྷན་ཚོགས་ ༽ དེ་མེད་པ་བཟོས་ནས་ ༼ སྤྱི་འཐུས་བྱེ་བྲག་པ་འཕོ་འགྱུར་གཏོང་བ་ ༽ དེ་བཞག་འདུག་ན་སྤྱི་འཐུས་ལྷན་ཚོགས་འཕོ་འགྱུར་གཏོང་རྒྱུའི་ཆ་རྐྱེན་མ་བཞག་པ་དེ་དམངས་གཙོ་གཅིག་བསྡུད་ ༼ Proletarian ༽ལ་ཁ་ཕྱོགས་པ་མ་རེད་དམ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་བཞི་པ། གཞུང་གི་འགན་འཛིན། བཀའ་ཤག་འཕོ་འགྱུར་གཏོང་རྒྱུའི་ཆ་རྐྱེན་དེ་བཞག་འདུག ལེའུ་དྲུག་པ། ཁྲིམས་ལུགས་དབང་འཛིན། འཕོ་འགྱུར་གཏོང་རྒྱུའི་ཆ་རྐྱེན་དེ་བཞག་འདུག
ལེའུ་ལྔ་པ། ཁྲིམས་བཟོའི་དབང་འཛིན། འཕོ་འགྱུར་གཏོང་རྒྱུའི་ཆ་རྐྱེན་མ་བཞག་པ་དེ་གྲལ་རིམ་དམངས་གཙོ་གཅིག་བསྡུད་ལ་ཁ་ཕྱོགས་འདོད་མ་རེད་དམ།