ཀླུ་སྨྱོན།
— — —
མི་ལོ་དུ་མའི་སྔོན་ནས་བཟུང་སྟེ་རྒྱལ་སྤྱིའི་ཅིག་ཅིག་མུག་མུག་ཟེར་བ་ཞིག་གོ་མྱོང་བའི་ཁྲོད་དུ། དགའ་མོས་ཆེ་ཤོས་དང་དོ་སྣང་ཆེ་ཤོས་གཉིས་ཀ་ཡིན་པ་ནི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་དེ་ཡིན་ཞིང་། དུས་དེབ་རེའི་སྟེང་དུ་དཔྱད་རྩོམ་ག་གེ་མོ་ཞིག་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུའི་སྟེང་དུ་སྒྲོག་སྦྱང་བྱས་ཚུལ་འཁོད་དང་། རྩོམ་པ་པོ་ཆེ་གེ་མོ་ཡང་ཚོགས་འདུ་དེར་བསྐྱོད་ཚུལ་སྐབས་རེར་མཐོང་རྒྱུ་ཡོད། ཡིན་ན་ཡང་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་མང་ཆེ་བ་ཡོ་རོབ་ཏུ་འཚོགས་པ་དང་། རང་ཉིད་ས་མཐའི་ལྡོམ་པོ་ཕྱི་བསྐྱོད་ལག་ཁྱེར་མེད་ལ་ལམ་སྣེའི་སྒོར་མོ་ཡང་མེད་པ་ཞིག་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུར་ཇི་ལྟར་བསྐྱོད། ཡིན་ན་ཡང་། འཇིག་རྟེན་འདི་འགྱུར་བའི་ཆོས་ཅན་དུ་གྲུབ་ཅིང་། ཁོ་བོའི་སྡུག་བདེན་གྱི་ཕུང་པོ་འདི་ཡང་ལས་ཉོན་གྱིས་ནུབ་ཕྱོགས་སུ་དྲུད་ནས་ལོ་འགའ་ཐལ། ལོ་དེ་དག་གི་རིང་ལ་དགའ་སྡུག་གི་རྒྱུ་སྤུན་དཀར་ནག་གཉིས་གཤིབས་པའི་རང་ཉིད་ཀྱི་མི་ཚེའི་སྣམ་བུ་རིང་མོ་ཞིག་ཀྱང་བཏགས་དང་འཐག་བཞིན་པའི་སྒང་ཡིན་ལ། སྣམ་བུ་དེའི་སྟེང་གི་སྣང་བར་འགྲོ་ཤོས་ཀྱི་རི་མོ་ཞིག་སྟེ། དེ་རིང་ཁོ་བོ་རང་ཉིད་སྡོད་ས་ནས་ཐག་ཤིན་ཏུ་ཉེ་བའི་ཁེ་ན་སྒྲའི་གྲོང་ཁྱེར་ཝེར་ཁོ་ཝེར་དུ་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུར་འགྲོ་གི་ཡོད། དེ་ཡང་ཟླ་གཅིག་རིང་གི་གྲ་སྒྲིག་དག་ཡོངས་སུ་རྫོགས་ནས་ད་ཆ་ཁུག་མ་ཆུང་ཆུང་ཞིག་གི་ནང་དུ་ཕྱི་བསྐྱོད་ལག་ཁྱེར་དང་སྒོར་མོ་འགའ། ད་དུང་རྩོམ་ཡིག་ཅིག་དང་གློག་ཀླད་ཅིག་བཅས་ཀྱི་ཉེར་བསྡོགས་ཡོངས་སུ་གྲུབ་པར་ཡང་བྱས། ད་ནངས་ལངས་རྒྱུ་འཕྱི་བས་ཆུ་ཚོད་བརྒྱད་པ་ཟིན་གྲུབ་ཡོད་ཀྱང་ད་དུང་ཞོགས་ཇ་འཐུང་རྒྱུའི་ཚབ་ཏུ་ཟིན་བྲིས་འདི་འབྲི་བཞིན་པའི་སྒང་ཡིན། དེ་རིང་ནམ་མཁའ་གཡའ་དག་ཅིང་ཉི་འོད་ཤིན་ཏུ་དྲོ་ལ། སྒེའུ་ཁུང་ལས་ཕྱི་རོལ་གྱི་ལྗང་སྣུམ་ལྗོན་ཤིང་གི་ཚོགས་དང་ཡེ་ཤུའི་ལྷ་ཁང་ཞིག་གི་རྩེ་མོ་སོགས་ནམ་རྒྱུན་དང་འདྲ་བར་མཐོང་ཐུབ་ལ། མདང་ནུབ་ངའི་ཤ་ཁྲག་བཟའ་བཏུང་བྱེད་པར་བསླེབས་པའི་དུག་སྦྲང་ཀླད་མེད་འགའ་རེ་ཡང་ད་ནི་ཕྱིར་འགྲོ་སའི་སྒེའུ་ཁུང་ཡང་མ་རྙེད་པར་རྩིགས་ལྡེབ་རེར་འབྱར་ནས་སྡུག་སྨྲོས་འདོན། གང་ལྟར་ཞོགས་པ་འདིའི་ཚོར་བ་ནི་ཅུང་ཟད་དམིགས་བསལ་བ་ཞིག་ཡིན་པ་ནི་བརྗོད་མ་དགོས། ཚོགས་འདུ་དེ་ནས་ཕྱིར་བསླེབས་རྗེས་སུ་སྐབས་དེའི་མཐོང་ཐོས་མྱོང་གསུམ་ཡིག་ཐོག་ཏུ་ཕབ་སྟེ་སྙིང་ཉེ་བའི་ཀློག་མཁན་ཁྱེད་ཅག་གི་སྤྱན་སྔར་འབུལ་ཡ། སྤྱི་ལོ་༢༠༡༠ཟླ་བརྒྱད་པའི་ཚེས་བཅོ་ལྔ་ལ།
— — —
ཐེངས་འདིའི་རྒྱལ་སྤྱིའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་འདི་ནི་ཁོ་བོར་མཚོན་ན་ཆེས་སྤྲོ་སྣང་ལྡན་པ་ཞིག་ཡིན་ཏེ། ཐེངས་འདིར་རྒྱལ་ཁབ་མི་འདྲ་བ་ཉི་ཤུ་ལྷག་ནས་ཕེབས་པའི་ཆེད་མཁས་པ་དང་ཞིབ་འཇུག་པ་ཐེབས་རྩ་བ་སོགས་ལས་རིགས་མི་འདྲ་བའི་མི་སྣ་བཞི་བརྒྱ་ཙམ་ཞིག་དང་མཉམ་འཛོམས་ཀྱིས་བོད་གངས་ཅན་པའི་རིག་གཞུང་གི་ཕྱོགས་གང་ས་ནས་བགྲོ་གླེང་དང་ལྟ་ཚུལ་བརྗེས་རེས། ད་དུང་དོགས་གཅོད་དང་དགག་གཞག་སོགས་བརྒྱུད་དེ་རང་ཉིད་ལ་མཚོན་ན་ཆེས་བརྗེད་ཐབས་བྲལ་བའི་བག་ཆགས་གཏིང་ཟབ་ཅིག་བཞག་སོང་།
ཚོགས་འདུའི་ཉིན་དང་པོའི་ཞོགས་པར་ཚོགས་ཁང་ཆེན་མོའི་ནང་དུ་ཚོགས་ཞུགས་མི་སྣ་ཡོངས་མཉམ་དུ་འཛོམས་རྗེས་ཐེངས་འདིའི་ཚོགས་འདུ་གོ་སྒྲིག་བྱེད་མཁན་ཚེ་རིང་ཤྰཀྱ་ལགས་དང་དགེ་རྒན་ཆེན་མོ་ཕོལ་ཨེ་ཝིན་སི་དང་དགེ་རྒན་ཆེན་མོ་ཕེ་མིན་ཕོ་ཁྲིར། འབུམ་རམས་པ་ཆར་ལིས་སུ་རམ་སྦིལ་དང་ཐེ་ཕར་ཁི་བཞིས་ཚོགས་འདུའི་ངོ་སྤྲོད་དང་འབྲེལ་བའི་གསུང་བཤད་གནང་།
དེ་རྗེས་ཚོགས་ཁང་མི་འདྲ་བ་དག་གི་ནང་དུ་ཚོགས་ཞུགས་པ་རྣམས་ཚོགས་ཆུང་དུ་བགོས་ནས་དཔྱད་རྩོམ་སྣ་ཚོགས་སྒྲོག་སྦྱང་བྱས། དེ་ཡང་བོད་ནས་ཕེབས་པའི་མི་ཉག་ཆོས་ཀྱི་རྒྱལ་མཚན་གྱིས་ཐང་སྟོང་རྒྱལ་པོའི་ལོ་རྒྱུས་ལ་དཔྱད་པ་ཞེས་པ་དང་། ལྕེ་ནག་ཚང་ཧྰུྃ་ཆེན་གྱིས་གོས་དཀར་ལྕང་ལོའི་སྡེ་ལས་བུད་མེད་སྒྲིབ་སྦྱོང་བ་སྟེ་སྔགས་མ་བཤད་པ་ཞེས་པ་དང་། རྟ་མགྲིན་རྒྱལ་གྱིས་སྔགས་པ་དང་བོད་སྨན་གདོན་བཅོས་བར་གྱི་འབྲེལ་བ། རྨེ་རུ་ཡུལ་ལྷ་ཐར་གྱིས་དུས་རབས་བརྒྱད་པའི་ཡར་སྔོན་གྱི་བོད་རུས་གཏོགས་ཚོ་ཁག་བར་གྱི་འབྲེལ་བའི་སྐོར་གྱི་དཔྱད་ཞིབ། བྱམས་ཕྲུག་བན་དེ་མཁར་གྱིས་ལྷ་ས་མཚོན་པའི་སྙན་ངག་དག་གི་ཀློག་འགྲེལ་དང་རྩོམ་གཤིས་ཞིབ་འཇུག་གནད་བསྡུས། ཚེ་རིང་རྡོ་རྗེས་ཙོང་ཁ་རྒྱལ་པོའི་གྱི་ཐང་མཁར་གྱི་བཀོད་པའི་སྐོར་ཐོག་མར་དཔྱད་པ། བྱང་ངོས་པ་ཚེ་གཡང་གིས་གུང་ཐང་རྒྱལ་ཕྲན་ལས་ལྷ་ས་རིན་ཆེན་མཚོའི་མི་ཚེར་དཔྱད་པ། བོད་དབྱིན་གཉིས་དང་ཚོགས་ཁང་ཆེན་མོ། དགྲ་འདུལ་གྱིས་ཇོ་བོ་རྗེ་དང་ལྷ་བཙུན་བྱང་ཆུབ་འོད་ཀྱི་དྲི་ཚིག་བདུན་སྐོར་གྱི་དཔྱད་པ། བོད་དབྱིན་གཉིས། ཚོགས་ཁང་ཆེན་མོའི་ནང་། རྒྱལ་མོ་འབྲུག་པས་བོད་ཀྱི་ལོ་རྒྱུས་ཡིག་ཚང་རྣམས་སུ་བཀོད་པའི་མི་ཉག་དང་མི་ཉག་གྷའི་སྐོར་དཔྱད་པ། དགེ་འདུན་གྱིས་བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་སྐོར་དཔྱད་པ། ཐུབ་བསྟན་ཕུན་ཚོགས་ཀྱིས་བོད་ཀྱི་སྲོལ་རྒྱུན་གསོ་རིག་དང་འཛམ་གླིང་འཕྲོད་བསྟན་བར་གྱི་འབྲེལ་བ། གཅོད་པ་དོན་གྲུབ་ཀྱིས་རྨི་ལམ་ལ་བརྟེན་ནས་སྒྲུང་པར་གྱུར་པའི་བབས་སྒྲུང་པའི་རིགས་ལ་དཔྱད་པ། མཁའ་མོ་སྐྱིད་ཀྱིས་རེབ་གོང་གླིང་རྒྱའི་ཀླུ་རྩེད་ལས་ཨ་མ་ཀླུ་མོའི་སྐོར་ལ་ཅུང་ཟད་དཔྱད་པ། ལྷུན་གྲུབ་རྡོ་རྗེས་བོད་ཀྱི་རུས་སླར་གསོ་བྱེད་དགོས་སམ། ཆབ་འགག་རྟ་མགྲིན་གྱིས་བོད་ལྗོངས་ཀོང་པོའི་ཡུལ་གྱི་སྔགས་དགོན་དུ་ཕོ་མོའི་མཚན་མ་བཤམས་པའི་དོན་ལ་དཔྱད་པ། འཇིགས་མེད་རྒྱལ་མཚན་གྱིས་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་། པད་མ་ལྷུན་གྲུབ་ཀྱིས་ཨམ་སྐད་དང་འབྲེལ་ནས་ཝ་ཡིག་གི་གནའ་བོའི་ཀློག་གདངས་ལ་དཔྱད་པ། བཅས་བོད་ཡིག་དང་བོད་སྐད་ཀྱི་ལམ་ནས་སྒྲོག་སྦྱང་དང་བགྲོ་གླེང་བྱས་ཤིང་། དེ་ནས་ཚེ་རིང་ཐར་གྱིས་ཨ་མདོའི་བོན་པོའི་བླ་མ་གསུམ་གྱི་རྣམ་ཐར། བཀྲ་ཤིས་ཚེ་རིང་གིས་ཁོང་གི་ཧི་མ་ལ་ཡའི་ཡིག་གཟུགས་དང་ཇོ་མོ་གླིང་མའི་ཡིག་གཟུགས་ལས་འཕྲོས་པའི་གཏམ་དང་། གཡང་མོ་མཚོས་གཉའ་ཁྲི་བཙན་པོ་དང་སྤུ་རྒྱལ་གསུམ་དབྱིན་ཡིག་གིས་སྒྲོག་སྦྱང་བྱས་ཤིང་། གཞན་བོད་ནས་ཕེབས་པ་གཞན་འགས་ཀྱང་རང་རྩོམ་དབྱིན་ཡིག་གིས་སྒྲོག་སྦྱང་བྱས་ཡོད་སྲིད་ཀྱང་རེ་རེ་བཞིན་འདིར་འབྲི་མ་ཐུབ།
རྡ་ས་ནས་ཕེབས་པའི་བཀྲ་ཤིས་ཚེ་རིང་གིས་བླ་སྨན་མཁྱེན་རབ་ནོར་བུའི་མི་ཚེ་དང་ཁོང་གི་བརྩམས་ཆོས་སོགས་གླེང་བ། དབྱིན་སྐད་དང་ཚོགས་ཁང་ཆེན་མོར། སྣར་སྐྱིད་ངག་དབང་དོན་གྲུབ་ཀྱིས་པཎ་ཆེན་སྐུ་ཕྲེང་དགུ་བའི་དབྱིན་ཇི་དང་རྒྱ་ནག་བར་གྱི་མཉམ་ལས། བེ་རི་འཇིགས་མེད་ཀྱིས་ཏྲེ་ཡི་མི་རྒྱུད་དང་ས་ཁུལ་ལ་དཔྱོད་པའི་གཏམ་གྱི་བསྡུས་དོན། ཆུ་སྐྱེས་སྒྲོལ་མས་བོད་ཀྱི་སྲོལ་རྒྱུན་ཞྭ་མོའི་སྐོར་ལ་དཔྱད་པ། དགེ་འདུན་བསོད་ནམས་ཀྱིས་ཏ་པོ་དགོན་རྙིང་གི་གནས་བབ། ལུང་རིགས་རྒྱལ་གྱིས་ཀུན་སྤྱོད་རྣམ་གཞག་གི་གསར་འགོད་རིག་པ་དང་བོད་ཀྱི་མི་ཆོས་རིག་པ། རྡོ་རྗེ་དབང་ཕྱུག་གིས་བཙན་བྱོལ་བོད་ཀྱི་མི་ལོ་ལྔ་བཅུའི་རིང་གི་རྩོམ་རིག་གི་འཕེལ་རིམ་དང་དགེ་སྐྱོན་ལ་དཔྱད་པ། ཟླ་བས་བོད་ཀྱི་གསོ་བ་རིག་པའི་སྨན་རྫས་ངོས་འཛིན་དང་སྤུས་ཚད་བརྟག་ཐབས། སྲུང་སྐྱོབ་བྱ་ཐབས་སྐོར། ཝར་ན་ནས་ཕེབས་པའི་རག་རྡོ་བློ་བཟང་བསྟན་འཛིན་གྱིས་སྲོག་རླུང་གི་ནད་གཞི་བཤད་པ་བཅུད་ཀྱི་བདུད་རྩི།
འཇར་པན་ནས་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས་སངས་རྒྱས་དང་དེ་བཞིན་གཤེགས་པའི་ལྟ་གྲུབ་ཤུགས་རྐྱེན་དང་གོ་དོན། ཤིན་ཨི་ཆི་རོ་ཡིས་པཎ་ཆེན་སྐུ་ཕྲེང་ལྔ་པ་ངོས་འཛིན་བྱས་ཚུལ་གཙོ་བྱས་དུས་རབས་བཅུ་དགུ་པའི་སྟོད་ཀྱི་བོན་པོའི་གནས་ཚུལ་རགས་ཙམ་བརྗོད་པ། བོད་ཡིག་དང་བོད་སྐད།
དབྱིན་ཡུལ་ནས་ཕེབས་པའི་བླ་མ་སྐྱབས་ཀྱིས་གེ་སར་སྒྲུང་། མཛའ་གཞས་དང་བོད་ཀྱི་སྲོལ་རྒྱུན་དགག་སྒྲུབ།
ཧྥ་རན་སི་ནས་ཕེབས་པའི་མཁར་རྨེའུ་བསམ་གཏན་གྱིས་ལྷ་བླ་མ་ཡེ་ཤེས་འོད་ཀྱི་བཀའ་གཙིགས་བོན་ཁྲིམས་སྦྱོར་གྱི་དཔྱད་ཁྲ་གསར་རྙེད། ས་དཀར་འོད་ཟེར་གྱིས་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ལ་དཔྱད་པ།
ཕི་ར་རྗུ་ནས་ཕེབས་པའི་ཆོས་འཁོར་ཚང་ཉི་མ་འོད་ཟེར་གྱིས་སྤྱི་མཆོད་ཅེས་པའི་དོལ་བོའི་སེར་སྲུང་བ།
འབྲུག་ཡུལ་ནས་ཕེབས་པའི་ལུང་བསྟན་རྒྱ་མཚོས་རྒྱལ་ཡོངས་ཀྱི་བདེ་སྐྱིད་རགས་པའི་སློབ་གསོ། ནང་པའི་ལྟ་གྲུབ་དང་འབྲེལ་བ།
ཨ་རི་ནས་ཕེབས་པའི་པད་མ་འབུམ་དང་ཁིར་སི་ཁྲི་གཉིས་ཀྱིས་ལ་རྩེ་དཔེ་མཛོད་ཁང་། རྗིན་སི་མི་ཐི་དང་ཇེ་ཧྥུ་ཝལ་མིན་གཉིས་ཀྱི་བོད་བརྒྱུད་ནང་བསྟན་ཉམས་གསོ་ཁང་། བློ་བཟང་སེང་གེས་བོད་ཆེན་པོ་དང་བོད་ཆུང་ངུ་།
འཇམ་དབྱངས་ནོར་བུས་དེང་རབས་བོད་ཀྱི་རང་སྲིད་རང་སྐྱོང་གི་རྩ་བ་་་་་་སྔོན་འགྲོའི་འདྲི་རྩད་ཅིག
ཧོར་གཙང་འཇིགས་མེད་ཀྱིས་དུས་རབས་ཉི་ཤུ་བའི་ནང་གི་མདོ་སྨད་སྤྱི་ཚོགས་ཀྱི་ངོ་བོ། དགེ་འདུན་རབ་གསལ་གྱིས་འབྲེལ་སྒྲ་དང་འབྲེལ་བ་ཅན་གྱི་བརྗོད་པ། གཡང་འབུམ་རྒྱལ་གྱིས་སྦིར་ཡ་ཁྲི་ཡ་དང་ར་ཤི་ཡར་བོད་སྨན་དང་དེ་ལག་ལེན། ཀླུ་སྨྱོན་གྱིས་བོད་ཀྱི་གཞི་བདག་རིག་གནས་དང་དེའི་ཁྱད་ཆོས་སྒྲོག་སྦྱང་བྱས་ཤིང་། གཞན་ཨ་རི་དང་ཡོ་རོབ་པ། དེ་བཞིན་འཇར་པན་དང་རྒྱ་ནག་པའི་ཞིབ་འཇུག་པའི་ཁྲོད་དུ་བོད་ཡིག་བོད་སྐད་ཆུ་བཞུར་བཞུར་ལྟ་བུ་ཅན་འགའ་རེ་ཡང་འདུག
ཚེས་བཅོ་བརྒྱད་ཀྱི་དགོང་མོར་བོད་ནས་ཕེབས་པ་དག་གིས་ཕྱི་སྡོད་རྩོམ་པ་པོ་དག་ལ་སྣེ་ལེན་དང་། ཚེས་བཅུ་དགུའི་དགོང་མོར་མཚན་སྒྲོག་རིན་པོ་ཆེའི་དགོན་པར་བོད་ཕྱི་ནང་གཉིས་ནས་ཕེབས་པའི་བོད་རིགས་ཤེས་ལྡན་པ་མཉམ་འཛོམས་ཀྱིས་ཁོང་གི་དགོན་པ་དང་ས་གནས་བོད་རིགས་ཚོགས་པའི་ངོས་ནས་བཞེས་ལག་གྲ་རྒྱས་བཤམས་ཏེ་བོད་རིག་པ་བ་ཚོས་ཕན་ཚུན་སྙིང་གཏམ་ལྷུག་བརྗོད་ཀྱི་གོ་སྐབས་ཡངས་པོར་ཕྱེས་པས། མི་ལོ་དུ་མའི་རིང་ལ་རྒྱུ་དང་རྐྱེན་དུ་མའི་དབང་གིས་རི་བོ་ཧི་མ་ལ་ཡའི་ཕར་ཚུར་དུ་ལུས་པའི་མི་རབས་ཤིག་གི་ཚབ་མཚོན་མི་སྣ་གྲགས་ཅན་དུ་མ་ས་གནས་གཅིག་ཏུ་འཛོམས་ཏེ་ཅོག་ཙེ་གཅིག་གི་མཐའ་ནས་བརྗོད་ཆོག་ཅིང་བརྗོད་ཐུབ་པའི་སེམས་གཏམ་དུ་མ་ཞིག་ལོ་མང་བསགས་པའི་སེམས་ངལ་དང་ལྷན་ཅིག་ཕན་ཚུན་རྗོད་པར་བྱེད་དོ།།
ཐེངས་འདིའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་འདི་ནི་རིག་གཞུང་གི་མཁའ་དབུགས་དང་། དུས་རབས་ཀྱི་མཁའ་དབུགས། བསམ་བློའི་མཁའ་དབུགས། ལྟ་གྲུབ་ཀྱི་མཁའ་དབུགས། འབྲེལ་འདྲིས་ཀྱི་མཁའ་དབུགས། ཆབ་སྲིད་ཀྱི་མཁའ་དབུགས་སོགས་མཁའ་དབུགས་མི་འདྲ་བ་དུ་མ་ལས་གྲུབ་ཅིང་། མཁའ་དབུགས་འདི་དག་གི་ཀློང་ནས་ཚོགས་ཞུགས་པ་ཚང་མས་འདྲ་མཉམ་ངང་ལོངས་སུ་སྤྱོད་ཆོག་པ་ནི་བོད་ཀྱི་དེ་རིང་ཞེས་པའི་དྲི་ཚིག་གི་མཁའ་དབུགས་འདི་ཡིན་པར་སེམས་ཤིང་། མཁའ་དབུགས་དང་མཁའ་དབུགས་འདྲེས་མཚམས་སུ་རྒྱལ་ཁབ་མི་འདྲ་བ་དང་སྐྲ་མདོག་མི་འདྲ་བ། ཤ་མདངས་མི་འདྲ་བ་དང་བསམ་བློ་མི་འདྲ་བའི་མི་སྣ་སྐོར་ཞིག་མཉམ་འཛོམས་ཀྱིས་སའི་གོ་ལའི་སྒལ་ཚིགས་སུ་གྲགས་པའི་རི་བོ་ཧི་མ་ལ་ཡའི་འདབས་ཀྱི་བོད་ཁ་བ་གངས་ཅན་པའི་རིག་གཞུང་གི་ངོས་དང་ཟུར་ཅི་རིགས་ནས་རང་རང་གི་བསམ་ཚུལ་སྤེལ་བར་དགའ་བ་འཕེལ་ཅིང་། དགའ་བ་དེ་ཡང་མཐའ་དང་མུ་མེད་པ་ཞིག་སྟེ། ལོ་གསུམ་རྗེས་སུ་འཚོག་ངེས་ཡིན་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་ཐེངས་བཅུ་གསུམ་པ་དེའི་དུས་ཚོད་མ་བསླེབ་བར་དུ་ཁོ་བོའི་སྲོག་གི་ཟུངས་སུ་འདང་ངེས་ཡིན་ནོ།།
ཟུར་བཤད་ཅིག་ནི་ཚོགས་འདུ་འདིའི་སྟེང་དུ་དབྱིན་ཡུལ་ནས་ཕེབས་པའི་རྡོ་སྦིས་བློ་བཟང་ཡོན་ཏན་གྱིས་དགེ་འདུན་ཆོས་འཕེལ་གྱི་ལྟ་གྲུབ་དང་ འབྲེལ་བའི་གཏམ་བཤད་འཁྲུག་ཆ་དོད་པོ་སྤེལ་ཅིང་། ཧྥ་རན་སི་ནས་ཡིན་པའི་དགེ་རྒན་ཆེན་མོ་བདེ་སྦྱིན་བཟང་མོས་ཁོ་བོར་དགེ་ཆོས་ཀྱི་མི་ཚེ་དང་ལྟ་གྲུབ་སོགས་ཀྱི་སྐོར་ལ་ སྐར་མ་བཞི་བཅུ་ཞེ་ལྔ་ཙམ་གྱི་རིང་སྒྲ་གཟུགས་གཉིས་ལྡན་གྱི་བཅར་འདྲི་བྱས་སོང་། དེ་བཞིན་ཚོགས་འདུའི་གཙོ་སྐྱོང་བ་དག་གིས་ངོ་སྤྲོད་གནང་བ་བཞིན་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུའི་བརྗོད་བྱའི་ཁྱབ་ཁོངས་ཀྱང་ཚོགས་ཐེངས་རེ་རེ་བཞིན་རྒྱ་ཆེ་རུ་སོང་དང་འགྲོ་བཞིན་ཡོད་ལ། ཚོགས་ཞུགས་པ་ཚང་མ་མཁས་པའི་དབང་པོ་ཤ་སྟག་མིན་པར་ས་པཎ་གྱིས་ཇི་སྐད་དུ། བྱེ་བྲག་སྦྱངས་པའི་དོན་ཤེས་པ། །དེ་ཡང་དེ་ལ་མཁས་པ་ཡིན། །ཞེས་གསུངས་པ་བཞིན། རང་ཉིད་གང་ལ་འཇུག་ཅིང་མོས་པ་དང་རང་ཉིད་ཀྱིས་བོད་ཀྱི་རིག་གཞུང་སྤྱི་བྱེ་གང་ཞིག་ལ་དོ་སྣང་བྱུང་སྟེ་ཞིབ་འཇུག་བྱས་པའི་སྣེ་ཁ་གཅིག་གམ་ཡང་ན་སྣེ་མང་མཉམ་འབྲེལ་གྱིས་དཔྱད་བརྗོད་སྤེལ་ཆོག་གིན་འདུག་སྟེ། དཔེར་ན་ཕྱི་གླིང་པ་ཞིག་གིས་མདོ་སྨད་བླ་བྲང་མཐའ་བའི་ཁང་པ་དང་དེའི་ནང་གི་ཁྱིམ་ཆས་དང་ཚ་ཐབ་སོགས་ངོ་སྤྲོད་བྱས་པ་ལྟ་བུའོ།།
ཝེར་ཁོ་ཝེར་ཟེར་བའི་མིང་ཚིག་འདི་དེ་རིང་རྗེས་ནས་མཐོང་། ངེད་ཅག་གིས་ཝན་ཁོ་ཝར་ཟེར་གི་ཡོད། དབྱིན་ཡིག་གི་ཚིག་ (Vancouver)འདི་རེད། ང་ཚོ་ས་ཆ་འདིར་སྡོད་མི་ཡིན། ཝེར་ཁོ་ཝེར་ཟེར་ནི་ཙིག་དེ་རིང་མ་གཏོགས་གོ་མྱོང་མེད། ཁྱོད་མྱི་མཁས་པ་ཞིག་ག་མ་རིག་ག ཝན་ཁོ་ཝར་ཟེར་ན་ར་སྒྲ་ཡག་པོ་ཞིག་ཡོང་གི་མེད་ཀི འོན་ཀྱང་། འདི་ལས་སྒྲ་ཐག་ཉེ་ཤོས་ཙིག་བོད་ཡིག་ནང་ན་མེད་ག
གཞན་ཁྱེད་ཀྱིས་ཞིབ་ཅིང་ཕྲ་བ་རྒྱ་ཞིང་རྒྱས་པ་བྲིས་འདུག དྲན་པ་ཧ་ཅིང་ཡོད་པོ་ཡོད་ས་རེད། བདག་ཀྱང་དེའི་སྐབས་སུ་ཟུར་ཉན་ན་ཡོད། ཁྱེད་ཀྱིས་དྲི་བ་ཧ་ཅང་མང་བོ་དྲིས་སོང་བ་བདག་གིས་ད་རུང་དྲན་གི་འདུག ཡིན་ན་ཡང་། ཆི་ཙིག་ཆི་ཙིག་དྲིས་སོང་བ་གཅིག་ཀྱང་དྲན་གི་མི་འདུག་ལགས། བདག་ལ་བཤད་རྒྱུ་ཞིག་ཡོད་ནོ། རྗེས་མ་ཝེར་ཁོ་ཝེར་མི་འདྲི་བར་ཝན་ཁོ་ཝར་འདྲི་རོགས་གནང་། བཀའ་དྲིན་ཆེ།
བརྗེད་ཐོ་ཡག་པོ་བཀོད་འདུག
ཁྱོའི་རྩོམ་ཡིག་དེར་ལྟ་འདོད་ཡོད།
ཕྱི་རྒྱལ་མི་མིང་དང་ཡུལ་མིང་གསར་འབྱོར་མང་ཆེ་བ་ཚོར། སྒྲ་གདངས་ཀློག་ཁག་པོ་ཡོད། ཡང་བཙན་བྱོལ་བ་ཚོར་རྒྱ་མིའི་མིང་དང་རྒྱ་མིའི་གོ་གནས་ཀྱི་མིང་ཀློག་ཁག་པོ་ཡོད། འདི་ཚོ་གོམས་གཤིས་ཡོད་མེད་ལ་རག་ལས་ཡོད།
སྨྱོན་པ་མིན་ཟིག དྲན་པ་བརྟན་པོ་ཡོད་ཀི། ཀླུ་སྨྱོན་ལ་རེ་འབོད་ཞུ་ཡ་གཅིག་ལ་རྗེས་མ་བོད་རིག་པའི་ཚོགས་འདུའི་སྟེང་ཕེབས་འཆར་ཡོད་ན། ངེས་པར་དུ་བོད་ཀྱི་བུད་མེད་མཛངས་མའི་སྐོར་དང་ལྷག་པར་དུ་མཛངས་མ་ཚེ་རིང་སྐྱིད་ཀྱི་ལོ་རྒྱུས་སྐོར་ལ་འབྲི་རོགས་ཞུ་གི་ཡོད་གང་ཡིན་ཟེར་ན་དྲ་གྲོགས་མང་པོས་རེ་བསྐུལ་ཞེ་དྲགས་གནང་་གི་འདུག