དཔལ་དགྱེས་པ་རྡོ་རྗེ།
འཕགས་པ་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ།།
གཟུར་གནས་ཉི་མ་སྒྲ་གཅན་ཁ་རུ་བཟུང་།།
བློ་ལྡན་ཟླ་བ་གནམ་གང་ཚེས་སུ་གྱུར།།
དོན་གཉེར་སྐར་ཚོགས་སྤྲིན་ནག་འཐུག་པོས་བསྒྲིབས།།
གངས་ཅན་ཤེས་རབ་འོད་སྣང་རྫུན་གྱིས་གཡོགས།།
ཞེས་བརྗོད་བྱའི་དོན་ཡོངས་སུ་བསྟན་ནས་ངོས་ནས་སྔོན་མ་ཡིན་ན་ཝ་ར་ཎ་སིའི་སློབ་གྲྭའི་དགེ་སློབ་དང་རྡ་སའི་མི་ཆེན་དང་སྒྲིག་འཛུགས་ལ་རྩ་ཆེན་དང་ཡིད་ཆེས་བྱེད་འཁན་ཞིག་ཡིན། ཡིན་ན་ཡང་དེང་སྐབས་འོས་འདེམས་སྐབས་སུ་ཚོགས་གཙོས་བོད་མིས་རང་དབང་རང་གིས་བརླགས་སོང་། མ་ཚད་རྒྱལ་བའི་དགོངས་པ་ལོག་འབྲེལ་ཡང་དོལ་ཚོགས་ལས་སྡུག་གཅིག་བྱས་སོང་། བོད་ལ་ཁྲིམས་དང་ཁྲིམས་ཁང་མེད་པའི་རྐྱེན་ལས་སྲིད་སྐྱོང་གི་བགྲོ་གླེང་ཡང་གཉིས་ཀ་ལ་ཐོབ་་དང་གོ་ས་ཡོད་པ་ཞིག་ལ་དགོན་ཆུང་གི་གྲྭ་ཆུང་ཞིག་ལ་བློ་རྒྱུག་ལེན་ལེན་བྱེད་པ་ནི་མེས་པའི་སྲོལ་རྒྱུན་དྲིན་ལན་མི་ཤེས་པའི་བརྡ་རྟགས་གསལ་བོ་བསྟན་སོང་།
ཁྱད་པར་ཚོགས་གཙོས་མིང་འཛིན་བོད་སྤྱི་དོན་དང་རང་བཙན་ཆེད་དུ་མི་ལོ་དྲུག་བདུན་ལ་མུན་ནག་གི་བཙོན་དོང་དུ་བོད་དོན་ཆེད་དུ་དཀའ་སྡུག་མྱོང་མཁན་ཀླུ་མཁར་བྱམས་ལ་སྡང་ཟུག་ཆེན་པོས་ལོ་རྒྱུས་ལོག་འབྲེལ་དང་ལས་ཐོག་གི་སྲིད་སྐྱོང་བློ་བཟང་སེངྒེ་ལ་གཞི་མེད་སྒྲོ་འདོགས་ནག་པོ་ལ་བདེན་པ་དངོས་ཡོད་ཀྱི་གཟུགས་མེད་གྲིབ་གཟུགས་སྐྱག་རྫུན་ནག་པོས་བོད་རིགས་སྤུན་ཟླ་ནང་འཁོར་གྱི་ལ་རྒྱ་དེ་རྒྱ་རིགས་དང་རྒྱ་གཞུང་གི་སྔོན་ནས་ཆུ་ལ་གཡུགས་ནས་ངོ་ཚ་དགོས་པ་ཞིག་མ་ཡིན་ནམ། ད་དུང་མ་ངོམས་པར་མི་ལོ་ཉི་ཤུ་དང་དྲུག་བཅུའི་གྲངས་ཀ་བགྲང་བ་དེ་རུལ་སེངས་དངོས་སུ་བསྟན་པ་མ་ཡིན་ནམ། ཚོགས་གཙོའི་ལོ་རྒྱུས་རྒྱས་པ་འཇུ་ཆེན་ལོ་རྒྱུས་ཆེན་མོ་སྐུ་སྒེར་གྱིས་བདག་རྐྱེན་ཐོབ་པའི་དེབ་རྒན་ནང་དུ་ངའི་གྲོགས་པོས་མི་བསད་པ་རེད་བཤད་པ་གསལ་བོ་འདུག་པས་འདིར་མང་པོ་རྔོ་མི་ཐོགས་སོ།།
བློ་སེང་དང་ཚུལ་བློ་ཞེས་པའི་གླེང་ཕྱོགས་བཟོ་ཡོངས་པ་ནི་བོད་སྤྱི་དམངས་ལ་རྙིང་ཞེན་དང་ཆོས་ཆོལ་ཁའི་འཁོན་འཛིན་ངན་པའི་དུག་རོ་བསལ་མེད་པའི་བདེན་རྟགས་གཅིག་གསལ་བོ་བསྟན་པ་རེད། དེས་ན་༧གོང་ས་མཆོག་ཡར་ཞོགས། དེས་འཕྲོས་འབུམ་རམ་པ་སྲིད་སྐྱོང་བློ་བཟང་སེངྒེ་དང་ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་ལས་ལྷག་ཅིག་གངས་ཅན་ཕྱི་ནང་ཡོངས་ལ་མེད་པར་ཕྱི་གསལ་ནང་གསལ་རེད། བོད་རང་གི་རིན་ཆེན་ནོར་བུ་ལ་ནོར་ངོ་མི་ཤེས་པར་ལུད་ཕུང་དུ་འཕེན་པ་མ་ཡིན་ནམ།
ངོས་ལ་སྲིད་སྐྱོང་ལ་ངོས་ནས་ཆོས་དང་འཇིག་རྟེན་གཉིས་ཀའི་ཕྱོགས་ནས་འབྲེལ་བ་ཏིལ་ཙམ་མེད་ཀྱང་། མི་དབང་ཉིད་སྲིད་སྐྱོང་གི་གོ་ས་བཞག་ནས་བཟུང་བོད་གངས་ཅན་ཡོངས་ཀྱི་དབུ་རྣ་དེ་གཟེངས་སུ་བསྟོད་ནས་ཆིག་སྒྲིལ་དང་དཔའ་སྤོབས་ལྡན་པའི་ཚོར་ཤུགས་ཤིག་དངོས་སུ་སྐྱེད་པའི་བདག་པོ་ཆགས་སོང་།
གངས་བོད་ཅན་པ་ཞེས་ཤེས་ཡོན་དང་དེང་རབས་དམངས་གཙོ་བདེན་པ་ཞིག་འགྱུར་བ་ད་དུང་ལོ་འཁོར་བརྒྱ་ཕྲག་འགོར་བའི་དུས་ཞིག་མིན་ནམ། ཇི་སྐད་དུ། བོད་ལ་དྲིན་ཆེན་བྱས་ཀྱང་དྲིན་མི་གོ ཞེས་གསུངས་པ་ཅི་མ་བདེན། རྟེན་འབྲེལ་མ་རབས་ཞིག་ལ་ཚོགས་གཙོས་སྲིད་སྐྱོང་གི་གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་ཞེས་པ་དེ་འགྲུབ་མི་སྲིད་པའི་སྐད་ཆ་རེད་ཟེར་དེས་གོང་གི་རྒྱལ་བ་རིན་པོ་ཆེས་དབུ་མའི་ལམ་སྟོན་དང་ཐ་ན་ཉམ་ཆུང་ངེད་ཚོས་བོད་རང་བཙན་གཙང་མ་རེད་ཅེས་པ་ཚང་མ་གཡོ་སྒྱུའི་ཚིག་ཏུ་འབད་པ་མ་ཡིན་ནམ།
དོལ་ཚོགས་ཀྱིས་རྒྱལ་བ་རིན་པོ་ཆེ་ལ་རྒོལ་བ་དང་། སྐུ་ཚབ་ཀྱི་ཇུས་ཉེས་དང་། ཚོགས་གཙོས་གཏམ་འཆལ་དེ་ཚོ་བོད་མིའི་ལོ་རྒྱུས་བདེན་པ་དང་། ནང་ཁུལ་ཁྲག་བཞིན་དཀྲུག་པའི་ནག་ཐིག་བསུབ་ཏུ་མེད་པ་གཅིག་རེད།
མདོར་ན་ཆོས་ཕྱོགས་ནས་རྒྱལ་བསྟན་ཕན་པའི་བཤད་སྒྲུབ་འཛིན་སྐྱོང་གོང་སྤེལ་གནང་བ་དང་། སློབ་གྲྭ་དང་ཚོང་ལས། དཔལ་འབྱོར་གོང་འཕེལ་དང་། རྒྱལ་བ་མཆོད་པའི་གྱ་སྟོན། སྲིད་ཕྱོགས་ནས་པོ་ཏ་ལའི་གཞུང་ལམ་དང་རྒྱལ་ཡོངས་སྤྱི་ཁྱབ་ཏུ་ཕྱག་ལས་གནང་བ་ཐམས་ཅད་སྲིད་སྐྱོང་ལས་ཐོག་པ་དེས་མཛད་རྗེས་དང་གཟི་བརྗིད་ལས་བོད་མི་བཅོས་མ་ཚོས་ཕྱོགས་འཐེན་བྱས་རུང་ད་སྔོན་ཡན་དུ་མ་འབྱོན་པ་དག་གསར་དུ་ཉི་མ་ཤར་བ་བཞིན་བྱུང་བ་མ་ཡིན་ནམ། བོད་ནང་ཁུལ་གྱི་སྲིད་སྐྱོང་དེ་རྩ་ཆེན་དང་རྒྱལ་ཁབ་གཅིག་གི་མགྲིན་ཚབ་དང་སྲིད་རྒྱལ་ཞིག་ཡིན་པས་མ་ཤེས་ནས་ན་ནིང་དང་ད་ལོ་ལ་ལུག་རྫི་ར་རྫི་ཡན་ཆོད་ཀྱི་ཨང་སྟེགས་རྩོད་སའི་གླེང་རྟགས་གཅིག་ཏུ་བསྒྲུབས་པ་རེད། ད་སྐབས་སྲིད་སྐྱོང་ལ་སྡིག་པ་ནི་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཡོངས་ལ་ཁྱད་གསོད་དང་། ལྷག་པར་དུ་ལོ་བཞི་དང་ཕྱེད་ཀའི་རིང་དཀའ་བ་བརྒྱ་ཕྲག་གིས་སྤྱིའི་ལས་དོན་སྒྲུབ་མཁན་གྱི་ཕྱི་དྲིལ་ལས་ཁུངས་ཀྱི་ལས་བྱེད་རྣམས་ལ་མི་འོས་པའི་ངན་སྨད་མཐོང་ཆུང་དང་། བླ་ན་མེད་པའི་དབུ་ཁྲིད་རྒྱལ་དབང་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་ཡང་དག་གི་འགོ་ཁྲིད་མེད་པར་མ་ཟད། བོད་དང་བོད་མིའི་ཕྲལ་ཕུགས་རྒྱང་རིང་གི་ཁེ་ཕན་མེད་པའི་རྫུན་གཏམ་འདི་དམ་སྲི་འམ་དུ་ཆང་གི་བཟི་འཆལ་གཏམ་དངོས་སུ་མཚོན་ཐུབ་པ་ངས་སེམས་གཏིང་ཡིད་ཆེས་བྱས་ཡོད། བདག་གིས་བྲིས་པའི་སྲིད་སྐྱོང་སྐོར་སྙན་ཐུང་དང་གབ་ཚིག་གླུ་ཚིག་འགའ་ཞིག་ཁ་བརྡ་དྲ་ཐོག་བསྐུར་ཀྱང་དྲ་བདག་གིས་མ་བཀོད་པ་ནི་སྒེར་མིའི་ཚེ་སྲོག་ལ་བདག་སྲུང་བྱས་པ་བཀའ་དྲིན་ཞུ་འདོད་བྱུང།
གལ་ཏེ་དངོས་འོས་ལ་འགྱུར་བ་ཕྱིན་ནས་སྲིད་སྐྱོང་ཉིད་ཡང་སྐྱར་ལོ་ལྔར་བཀོད་འདེམས་མ་ཐུབ་ཚེ་གོ་སྐབས་ཤིན་ཏུ་བཟང་བའི་རང་བཙན་གྱི་གོ་སྐབས་ཤོར་བ་མ་ཚད་་གཉིས་སྨན་དབུ་མའི་ལམ་བཟང་ཡང་གང་དྲན་དྲན་གྱི་དུ་ཆང་འཁན་གྱི་ཁ་རྒྱག་གི་ཚོགས་བཤད་ཀྱི་བོད་དམངས་མགོ་བོ་གདུགས་བཞིན་སྐོར་བའི་ལག་ཆ་་ཡིན་པར་ཐེ་ཚོམ་གང་ཡང་མེད་པར་འདུག་པས་བདེན་པ་དང་དྲིན་ཆེན་ལ་བྱས་ཤེས་དྲིན་བཟོ་འཁན་རེ་སྲིད་ན་བཟང་སྤྱད་དང་ངན་སྤྱོད་མ་ནོར། ཁ་ཟས་དང་རེག་མ་ནོར་བ་ཞིག་དགོས་པ་ནི་ཤིན་ཏུ་གལ་ཆེའོ།།
ཡང་དག་ལྟ་བའི་མིག་མེད་ན།།
ལེགས་བཤད་མཛོད་ལ་ལོ་སྟོང་དུ།།
ཉལ་རུང་དམུས་ལོང་རང་གཤིས་ལ།།
འབྱུང་བ་མེད་པར་དངོས་པོའི་གཤིས།།
བཅུ་ཕྲག་རིག་པའི་ཞིང་ས་ལ།།
ཡོན་ཏན་ལྡན་པའི་འབྲུ་དྲུག་སྨིན།།
གངས་ཅན་སྣོད་བཅུད་དགའ་མའི་ཚལ།།
རྫོགས་ལྡན་དགའ་སྟོན་བཞད་གྱུར་ཅིག།
ཞེས་པ་འདི་ཡང་སྲིད་དབང་གི་བྲོ་གར་དེ་ལ་མི་རང་སྒེར་བ་ཞིག་གི་བསམ་ཆ་དང་མཐོང་ཚུལ་ལས་ཕྱོགས་ཞེན་གང་ཡང་མེད་པར་དབྱིན་ཡུལ་བྷན་གྷོར་གཙུག་ལག་སློབ་གླིང་ནས་རིག་འཛིན་དཔལ་དགྱེས་པ་རྡོ་རྗེ་རུ་འབོད་པས་གངས་ཅན་བོད་མིའི་ཡག་དགའ་ཉེས་སྡུག་མཚོན་པའི་ལག་བརྡ་རི་མོ་གཟུགས་སུ་བཀོད་པར་དགེའོ།།
ས་སྐྱའི་ཡིད་དམ་ཡིན་ཁུལ་གྱི་མི་རྫུན་དགྱེས་རྡོར་ཁྱོད་་རང་སར་གཏན་པོར་གནས་ན་དགའ་ཡོང་ འོས་མི་གཉིས་པོ་ཡག་ན་ཡག་ཉམས་དང་སྡུག་ན་སྡུག་ཉམས་ཡིན་པ་ལས་ཁོ་ཡག་དང་ཁོ་སྡུག་གི་གཏམ་འཆལ་ལུང་པ་གང་བཤད་མ་ཡོངས་ བློ་སེང་གི་སྐྱོན་རྣམས་ཁྱོད་ནས་གསངས་ཐུབ་ཀྱི་མ་རེད་དཔེར་ན་་ནམ་མཁར་ཉི་མ་ཤར་བ་ལགས་པས་མི་འཁེག་ཟེར་དཔེ་ལྟར་རེད་
དངོས་འབྲེལ་བྱས་ན་སྔོན་འགྲོ་ལ་བློ་སེང་ལ་འོས་ཐོབ་པ་ལྟར་དངོས་གཞི་ལའང་བློ་སེང་གཏན་འཁེལ་ཚར་བ་རེད་། ཡིན་ཀྱང་ད་ཆ་ཡག་པོ་མཐོང་མ་སོང་གང་ལགས་ཞུས་ན་མི་དོན་མ་མགོ་རང་མིང་གྲགས་ནས་སྤྱི་ཚོགས་དཀྲུགས་མཁན་ཚོའི་བློ་སེང་ལ་བསྟོད་རྒྱུ་དང་སྤེན་པ་ལ་སྨད་རྒྱུ་མང་ནས་མི་མང་བློ་སེང་གི་ཕྱོགས་གཏོགས་ཚོའི་བྱེད་སྟངས་ལ་རྣམ་དཱོགས་ཆེན་པ་ཟ་འདུག་ད་བློ་སེང་ཤོར་ན་དེའི་འགན་དེ་བློ་སེང་ལ་རྒྱབ་སྐྱོར་བྱེད་མཁན་གྱི་དྲ་འབུ་མགོ་གཉིས་ཚོའི་ཁྱེར་དགེས་སོ་།
ད་ལྟ་སྐད་ཆ་མང་པོ་མང་པོ་བཤད་འདོད་མེད།
རང་ཉིད་བརྗོད་འདོད་ཚང་མ་བསྡུས་ན་ཚིག་གཅིག་མ་གཏོགས་མེད།
ང་ཚོ་ལ་སྲིད་སྐྱོང་དགོས། བློ་བཟང་སེང་གེ་མི་དགོས།
ང་ཚོ་ལ་སྲིད་སྐྱོང་དགོས། བློ་བཟང་སེང་གེ་མི་དགོས།
སངས་རྒྱས་བསྟན་པ་བཀའ་ཤག་སྤྲིན་གྱིས་བསྒྲུབས།།
སེམས་ཅན་བདེ་སྐྱིད་མི་དཔོན་ལག་ཏུ་ཤོར།།
སྙིགས་དུས་བློ་སེང་དཔོན་པའི་ཆ་ལུགས་འཛིན།།
འདི་གསུམ་མ་གོ་འཕགས་པ་མིན་པར་གོ།
གོང་གི་དཔྱད་རྩོམ་དང་དཔྱད་བརྗོད་སྤེལ་བ་དངོས་ནས་ཡག་པོ་འདུག ཚང་མ་བལྟས་ཚར། བློ་སེང་མི་དགོས་ཟེར་བར་ཅུང་འཐད། རྒྱུ་མཚན་ནི་ང་ཚོ་སུ་ཡིན་རུང་འགྱུར་བ་དང་བརྗེས་རེས་ཁྲོད་ན་གནས་ཡོད་པས་ཟ་མ་བརྗེས་ན་ཞིམ། ལ་བ་བརྗེས་ན་ཡག དཔོན་པོ་བརྗེས་ན་བཟང་ངོ།།
གཟུགས་མེད་གྲིབ་གཟུགས་སྐྱག་རྫུན་ནག་པོས་བོད་རིགས་སྤུན་ཟླ་ནང་འཁོར་གྱི་ལ་རྒྱ་དེ་རྒྱ་རིགས་དང་རྒྱ་གཞུང་གི་སྔོན་ནས་ཆུ་ལ་གཡུགས་པ་དང་བོད་རང་གི་རིན་ཆེན་ནོར་བུའི་ནོར་ངོ་མི་ཤེས་པར་ལུད་ཕུང་དུ་འཕེན་མཁན་ནི་བློ་སེང་ཡིན་པ་ལས་སྤེན་ཚེ་མིན་ནོ་།
ལྷིང་འཇགས་རང་གི་བྱས་རྗེས་སུ་རྩི་མཁན་ཤོག་སངས་འདིས་༧ གོང་ས་མཆོག་ཆབ་སྲིད་ཀྱི་ལག་ཆ་ཁོ་ན་ལ་བརྩིས་ནས་གཏམ་བཤད་རེ་གནང་ན་༧ གོང་ས་མཆོག་གི་མཚན་ཉི་ཤུ་སུམ་ཅུ་ཡོང་གི ཁ་ནས་བཤད་ན་དེ་འདྲ་ཡིན་རུང་དོན་དངོས་ཐོག་ཁོང་༧གོང་ས་མཆོག་ལ་དད་པ་ཡོད་པ་དོགས་པ་ཡོད།རྒྱུ་མཚན་ག་རེ་ཡིན་ལབ་ན་ཁོས་བྲིས་བའི་རྩོམ་ཡིག་ཅིག་གི་ནང་༧གོང་ས་མཆོག་ལ་ཆེ་བསྟོད་ཀྱི་ཚིག་(his holiness)བེད་སྤྱོད་མ་བཏང་བ་མ་ཚད་༧ གོང་ས་མཆོག་གིས་སྲིད་དབང་རྩིས་མ་སྤྲད་བའི་བར་དུ་དམངས་གཙོ་ཡང་དག་པ་ཅིག་ཆགས་ཐུབ་ནི་མ་རེད་བྲིས་འདུག ཁོང་ལྟ་བུའི་མི་ཡིས་དམངས་གཙོ་སུས་ང་ཚོ་ལ་གནང་དང་དེ་ལ་ཡག་བྱུང་མི་ལབ་པར་ད་དུང་དེ་འདྲ་གླེང་ན་ངོ་མ་ཧང་སང་དགོས་བ་ཞིག་རེད། འབྱུང་འགྱུར་ཁོ་ལྟ་བུ་ཞིག་སྲིད་སྐྱོང་ལ་སླེབས་མི་ཐུབ་པའི་སྨོན་འདུན་ཞུ།