དགེ་བཤེས་བསྟན་པ་བཀྲ་ཤིས།
གུས་པ་ནི་རིག་གཞུང་ཆེད་སྦྱོང་དང་རིག་གཞུང་ཆེད་ལས་པ་ཞིག་ཡིན་པ་ལས། ཆབ་སྲིད་ཆེད་སྦྱོང་དང་ཆབ་སྲིད་ཆེད་ལས་པ་ཞིག་མིནའང༌། ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྒྱུན་དུ་བོད་མི་ཡོད་དོ་ཅོག་གིས་སོ་སོའི་སྒེར་དོན་་གཅིག་བུ་ལ་མགོ་མ་འཁོར་བར་བོད་དོན་ལ་དོ་སྣང་དང་འགན་མང་ཙམ་ལེན་དགོས་པའི་བཀའ་སློབ་རིན་པོ་ཆེ་ལན་མང་སྤྱི་ཕེབས་ལྟར། ཁོམ་པ་ནམ་བྱུང་ལ་བོད་དོན་སྐོར་ལ་བསམ་གཞིགས་དང་བགྲོ་གླེང༌། རྩོམ་སྤེལ་དང་མཉམ་ཞུགས་གང་ཐུབ་བྱེད་མཁན་ཞིག་ཡིན། ལྷག་པར་དུ་ྋགོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གི་དགོངས་བཞེས་གནང་ཕྱོགས་དང༌། རྒྱལ་སྤྱིའི་གནས་བབ་དང་ཁྲིམས་ལུགས། ཕྱིའི་རྒྱལ་ཁབ་དང་ཚོགས་སྡེ་ཁག་གི་གཞི་རྩའི་རྒྱབ་སྐྱོར་གནང་ཕྱོགས། བོད་ནང་གི་རྒྱ་ཆེའི་མང་ཚོགས་ཀྱི་དཀའ་སྡུག་ཉམས་མྱོང་གི་བསམ་ཚུལ་དང༌། རེ་འདུན་སོགས་ལ་དོ་སྣང་བྱེད་མཁན་ཞིག་ཡིན་པས། གནད་དོན་དེ་དག་གཞི་རྩར་བཟུང་སྟེ་བསམ་ཚུལ་ཁ་ཤས་ཤིག་དོན་ཚན་གསུམ་དུ་བསྡུས་ནས་ཞུ་རྒྱུ་ཡིན། གཤམ་གསལ་དོན་ཚན་ཁག་གི་ནང་གསེས་དོན་གནད་ཁག་ལ་ཐུགས་སྣང་དཔྱད་ཞིབ་དང་འབྲེལ་འདོད་མོས་ལྟར་འགྲིག་དང་མི་འགྲིག་གི་རྟགས་སྐྱོན་རོགས།
དོན་ཚན་དང་པོ། ཉེ་ལམ་བོད་ནང་གི་ཛ་དྲག་གི་གནས་ཚུལ་བྱུང་རྐྱེན།ཉེ་ལམ་ྋགོང་ས་མཆོག་གིས་བོད་མི་མང་སྤྱི་འཐུས་ཚོགས་དུས་དྲུག་པའི་ཐོག་སྩལ་བའི་བཀའ་རྩ་རིན་པོ་ཆེའི་དགོངས་དོན་ལྟར་ཉེ་ལམ་བོད་ནང་གི་ཛ་དྲག་གནས་ཚུལ་བྱུང་རྐྱེན་ལ་ཞིབ་དཔྱོད་དང་འབྲེལ་རྒྱལ་སྤྱིའི་ཐོག་དག་གཙང་བཟོ་རྒྱུ་དེ་ཡིན། དེ་ཡང་རྒྱ་དམར་སྲིད་གཞུང་གི་མགོ་ཁྲིད་ཚོས་སུམ་གཅིག་བཞིའི་དོན་རྐྱེན་ཟེར་བ་དེ་ྋགོང་ས་མཆོག་དང་བཙན་བྱོལ་གཞུང་གིས་འཆར་གཞི་ལྡན་པའི་བརྒྱུད་བསྐུལ་བྱས་ཚུལ་སོགས་ཀྱི་སྙོན་འཛུགས་ལོག་བཤད་མང་དག་ཅིག་ཕྱི་ནང་གི་གསར་ལམ་ཁག་ཏུ་ཆེད་སྤེལ་དང༌། སྙོན་འཛུགས་སྐྱོན་བརྗོད་ཆེད་སྒྲིག་དང༌། བླ་སྤྲུལ་དང་གནད་ཡོད་བོད་མི་རྣམས་ལ་སྐྱོན་འཛུགས་འདྲ་མིན་ཤོད་དུ་བཅུག་པ། རྒྱལ་གཅེས་ཆོས་གཅེས་ཟེར་བའི་མིང་འདོགས་འོག་དགོན་སྡེ་ཁག་གིས་གཙོས་མང་ཚོགས་ནང་ྋགོང་ས་མཆོག་ལ་མཚན་དམས་སྒྲོ་བཀུར་བྱེད་པ་དང་བྱེད་དུ་བཅུགཔ། སྐབས་དེར་ྋགོང་ས་མཆོག་གིས་ཁྲིམས་བཤེར་དགོས་ལུགས་ཀྱི་དགོངས་ཚུལ་བཏོན་ཡོད་པ་མ་ཟད། དུས་ཏེ་བོད་གཞུང་མང་ཛ་དྲག་ལས་འགུལ་ལྷན་ཚོགས་གསར་འཛུགས་གནང་ནས་ཉིན་ལྔ་ཙམ་གྱི་རྗེས་གུས་པས་ཀྱང་དེ་མཐུན་གྱི་རེ་སྐུལ་ཞུ་སྙན་ཞིག་ཕུལ་ཡང་གཞུང་མང་ཛ་དྲག་ལས་འགུལ་ཚོགས་པས་གནད་དོན་འདིའི་ཐོག་ལ་ཕྱག་ལས་གང་ཡང་གནང་མེད་པ་ནི་བློ་ཕམ་གྱི་རང་བཞིན་དུ་གྱུར་ཡོད། རྒྱ་ནག་པེ་ཅིང་སོགས་སུ་ཡོད་པའི་བོད་པའི་དགེ་འདུན་པ་དང་བོད་མི་རྣམས་ནི་མི་ཤ་་ཟ་མཁན་དང་མི་ཁྲག་མཐུང་མཁན་ཡིན་ཚུལ་སོགས་བློ་ཡུལ་ལས་འདས་པའི་སྙོན་འཛུགས་རྒོལ་གཏམ་མང་པོ་རྒྱ་ནང་མི་མང་ནང་དུ་ཆེད་སྤེལ་གྱིས་བོད་མི་རྣམས་སྡོད་བཟོད་མི་ཐུབ་པ་བཟོས་པ་སོགས་ནི་ས་གནས་མི་རིགས་རིང་ལུགས་ལ་གཉའ་གནོན་བྱེད་ཆེད་མི་རིགས་ཆེན་པོའི་རིང་ལུགས་བསྐྱར་གསོ་དང་སྲ་བརྟན་བྱས་ཡོད་པ་ཞིག་ཡིན་པས། དེ་ནི་རྒྱ་ནག་གི་རྩ་ཁྲིམས་དོན་ཚན་བཞི་བ་དང་དངོས་འགལ་ཆགས་ཡོད། དེའི་ཕྱིར་ང་ཚོས་ཉེ་ལམ་བོད་ནང་གི་ཛ་དྲག་གི་གནས་ཚུལ་དེའི་བྱུང་རྐྱེན་འཚོལ་དགོས་ན། ང་ཚོ་གཅིག་བུས་རྒྱ་གཞུང་གིས་རྩ་ཁྲིམས་དང་འགལ་བའི་བོད་ཐོག་འཛིན་པའི་སྲིད་ཇུས་དང༌། ལག་ལེན། རྫུན་སྒྲིག་དྲིལ་བསྒྲགས་སོགས་ཀྱི་སྐོར་གླེང་སློང་བྱས་པ་ཙམ་གྱིས་མི་འཐུས་པར་འཛམ་གླིང་རྒྱལ་སྤྱིའི་ཐོག་གི་གཟུར་གནས་མཁས་ཅན་ཁག་དང༌། གཟུར་གནས་སྲིད་ཇུས་ཉམས་ཞིབ་པ་དང་དཔྱད་བརྗོད་པ། གསར་འགོད་པ་དང༌། བོད་རྒྱ་ཉམས་ཞིབ་པ་སོགས་མཉམ་སྦྲེལ་གྱིས་ཞིབ་དཔྱོད་དང་འབྲེལ་རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་དག་གཙང་ཡོང་ཐབས་དང༌། བོད་ནང་གི་དོན་རྐྱེན་ཁག་གི་བྱུང་རྐྱེན་ཞིབ་ཕྲ་འཚོལ་ཞིབ་ཀྱིས་དཔང་རྟགས་གསལ་འདོན་བྱ་རྒྱུ་གལ་ཆེར་སོང༌། ཕྱི་ལོ་༡༩༤༩ ཙམ་ནས་དེང་བར་དུ་རྒྱ་གཞུང་གིས་ཞི་བའི་བཅིངས་འགྲོལ་དང༌། རིག་གནས་གསར་བརྗེ་སོགས་མིང་སྙན་སྣ་ཚོགས་ཁྲོད་བོད་ཀྱི་སྣོད་བཅུད་ཡོངས་རྫོགས་ལ་གནོད་སྐྱོན་གང་ཐེབས་ཀྱི་དོན་དངོས་ལོ་རྒྱུས་རྣམས་ཀྱི་སྟེང༌། འདི་ལོར་བོད་ས་ཡོངས་རྫོགས་ནས་ཞི་བའི་ངོ་རྒོལ་རིམ་པར་བྱུང་བའི་དོན་དངོས་རྒྱུ་རྐྱེན་དང༌། རྒྱ་གཞུང་གི་དྲག་ཆས་དཔུང་དམག་གིས་ཚབས་ཆེའི་བསད་རྨས་བཏང་བའི་དོན་དངོས་གཟུགས་བརྙན་རྣམས་ཡིག་རིགས་འདྲ་མིན་ནང་ཆེད་ཕབ་ཀྱིས་རྒྱལ་ཁབ་གང་སར་སྟབས་བདེའི་དྲ་རྒྱ་སོགས་ཀྱི་བརྒྱུད་ལམ་ནས་ཁྱབ་སྤེལ་ཡོང་ཐུབ་བྱ་རྒྱུ། འགྲིག མི་འགྲིག
དོན་ཚན་གཉིས་པ། རྒྱལ་སྤྱིའི་གནས་བབ།
ྋགོང་ས་མཆོག་གི་རླབས་ཆེན་གྱི་མཛད་རྗེས་དང༌། ཀུན་ཕན་གྱི་དགོངས་བཞེས་གནང་ཕྱོགས་བཅས་ལ་བརྟེན་བོད་ཀྱི་གནད་དོན་དེ་དེང་སྐབས་རྒྱལ་སྤྱིའི་ཐོག་རྒྱལ་སྤྱིའི་རང་བཞིན་ཅན་གྱི་གནས་ཚུལ་དུ་གྱུར་ཡོད་ལ། ང་ཚོས་འཚེ་མེད་ཞི་བའི་ལྟ་གྲུབ་གཞིར་བཟུང་གིས་ཀུན་ཕན་ལྷག་བསམ་དང༌། དོན་དངོས་དྲང་བདེན་གྱི་དར་ཆ་མཐོན་པོར་བསྒྲེང་སྟེ་རྒྱལ་སྤྱིའི་གནས་བབ་དང་བསྟུན་ནས་ལས་འགུལ་གང་མང་སྤེལ་དགོས་པ་ནི་གོར་མ་ཆགས། དེ་ཡང་རྒྱལ་ཁག་མང་པོའི་གྲོས་ཚོགས་དང༌། གཞུང་འཛིན་ཚོགས་པ་སོགས་ཀྱི་བོད་དོན་རྒྱབ་སྐྱོར་གྲོས་ཆོད་ཁག་དོན་སྨིན་ཡོང་སླད་མཐོང་ཆེན་བསྐུལ་མ་ཞུ་རྒྱུ་དང༌། ལྷག་པར་རྒྱལ་ཁབ་སོ་སོའི་བོད་དོན་རྒྱབ་སྐྱོར་གྲོས་ཆོད་ཁག་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཚོགས་ཆེན་ཁག་གི་ཐོག་སླེབས་ཐུབ་ལ་འབྲེལ་ཡོད་རྒྱལ་ཁབ་ཁག་ལ་ནན་བསྐུལ་ཡང་ཡང་ཞུ་རྒྱུ། གཞན་ཡང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་ལུགས་ཁག་གི་དགོངས་དོན་རྣམས་ལག་ལེན་ཡོང་ཐབས་སུ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་ལ་བརྒྱུད་ལམ་འདྲ་མིན་ནས་ཤུགས་སྣོན་རྒྱག་རྒྱུ། འགྲིག མི་འགྲིག
དོན་ཚན་གསུམ་པ། རྩ་དོན་སྒྲུབ་ཕྱོགས།
བོད་ཆགས་འཇིག་ཛ་དྲག་གི་དུས་སྐབས་འདིར་ང་ཚོས་ཆབ་སྲིད་ཀྱི་ལྟ་གྲུབ་འདྲ་མིན་འཁྱེར་ནས་ནང་ཁུལ་གཡས་འཐེན་གཡོན་འཐེན་བྱས་པས་ཕན་ཐོགས་གང་ཡང་མེད་ལ། དོན་དངོས་བསྒྲུབ་བྱ་གང་ལ་ཕན་པའི་སྒྲུབ་བྱེད་ཡང་དག་གི་ཐབས་ལམ་སྣ་ཚོགས་བང་སྒྲིག་མ་ཐུབ་པ་ཡིན་ན་དེ་བས་ཕན་ཐོགས་མེད་པ་འདས་པའི་ལོ་ཟླའི་ནང་གི་བོད་དོན་འཐད་རྩོད་བྱས་རིམ་ལས་ར་སྤྲོད་གང་འཚམས་བྱུང་ཡོད། དེས་ན་ང་ཚོས་ཆབ་སྲིད་ཀྱི་ལངས་ཕྱོགས་གང་ཞིག་འཁྱེར་གྱི་ཡོད་ནའང་དམིགས་ཡུལ་དེ་དང་མཐུན་པའི་ཐབས་ལམ་དང་སྒྲུབ་བྱེད་ཡང་དག་རུ་སྒྲིག་བྱ་རྒྱུ་དེ་གལ་གནད་ཆེ་བར་མངོན་པས། ང་ཚོས་ཀུན་ཕན་ལྷག་བསམ་དང༌། དྲང་བདེན། དོན་དངོས་བོད་ཀྱི་གནས་བབ། རྒྱ་ནག་གི་ཁྲིམས་ལུགས། རྒྱལ་སྤྱིའི་གནས་བབ། རྒྱལ་སྤྱིའི་ཁྲིམས་ལུགས་གཞི་རྩར་བཟུང་ནས་ལག་ལེན་བསྟར་ཐུབ་པའི་རྣམ་གྲངས་གང་ཡོད་ལ་བསམ་གཞིགས་ནན་མོ་དང་ནུས་ཤུགས་གཅིག་བསྒྲིལ་བྱ་དགོས་པའི་དུས་ལ་སླེབས་ཡོད།
༡༽བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་ྋསྐྱབས་མགོན་ྋརྒྱལ་མཆོག་བཅུ་བཞི་བ་ཆེན་པོ་ནི་གཞིས་བྱེས་བོད་མི་ཡོངས་ཀྱི་རེ་བཅོལ་ཡིད་ཆེས་བྱེད་ས་གཅིག་བུ་དེ་ཡིན་པར་བརྟེན། ང་ཚོ་ཕྱི་སྡོད་བོད་མི་ཡོངས་ནས་ཁོང་གི་ལམ་སྟོན་བཀའ་དགོངས་གང་ཕེབས་ལ་དུས་ཐོག་སློབ་སྦྱོང་བརྒྱུད་ལག་ལེན་དོན་འཁྱོལ་ཡོང་ཐུབ་བྱ་རྒྱུ། འགྲིག མི་འགྲིག
༢༽དེ་ཡང་ལས་འགུལ་གང་ཞིག་སྤེལ་སྐབས་འཚེ་བ་མེད་པའི་ལྟ་གྲུབ་ལས་མ་འདས་པ་དང༌། ལྷག་དོན་དགེ་འདུན་པ་རྣམས་ལས་འགུལ་གང་ལ་མཉམ་ཞུགས་གནང་སྐབས་རང་གི་འདུལ་ཁྲིམས་དང་མ་འགལ་བའི་ལུས་ངག་ཡིད་གསུམ་གྱི་ཀུན་སྤྱོད་ཞི་བ་ཁོ་ནའི་ངང་ཚུལ་འཛིན་དགོས་པའི་རྩ་འཛིན་བཀོད་ཁྱབ་གནང་རྒྱུ། འགྲིག མི་འགྲིག
༣༽ ྋགོང་ས་མཆོག་གི་བཀའ་དགོངས་ལམ་སྟོན་ལྟར་བོད་རང་གི་གནས་བབ་དང་ས་བབ་ལ་གཞིགས་ཏེ་འཛིན་སྐྱོང་སྤེལ་གསུམ་སོགས་འབྱུང་འགྱུར་གྱི་བོད་མིའི་མདུན་ལམ་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཡོད་པའི་སློབ་གསོའི་ལས་དོན་ཁག་གཙུགས་འཛིན་གྱིས་ཆེད་ལས་ཤེས་ཡོན་པ་སྐྱེད་བསྲིངས་དང༌། མཐོང་ཆེན་གྱིས་བདག་ཉར་ཡོང་ཐུབ་བྱ་རྒྱུ། འགྲིག མི་འགྲིག
༤༽བོད་ནང་གི་བོད་མི་རྣམས་ནས་ྋགོང་ས་མཆོག་བོད་ནང་དུ་ཕེབས་རྒྱུའི་རེ་འདུན་གསོལ་འདེབས་དང༌། ཇི་ལྟར་རེ་སྒུག་བྱེད་བཞིན་པ་ལྟར་རྒྱལ་སྤྱིའི་ལྟ་རྟོགས་འོག་ྋགོང་ས་མཆོག་བོད་དང་རྒྱ་ནག་རི་བོ་རྩེ་ལྔ་སོགས་སུ་གནས་གཟིགས་ཕེབས་ཐུབ་བྱ་རྒྱུ། འགྲིག མི་འགྲིག
༥༽འབྱུང་འགྱུར་བོད་རྒྱ་ཞི་མོལ་གྱི་ཚོགས་ཆུང་ནང་དུ་ཐོག་མཐའ་བར་གསུམ་དུ་རྒྱུས་མངའ་ཡོད་པའི་མི་སྣ་ྋསྐུའི་གཅེན་པོ་རྒྱལ་ལོ་དོན་འགྲུབ་ངེས་ཕེབས་དགོས་པ་མ་ཟད། ཕྱོགས་གཉིས་ཀྱི་མཐོ་རིམ་མི་སྣ་དང་བོད་རང་སྐྱོང་ལྗོངས་དང༌། མཚོ་སྔོན་སོགས་བོད་ཀྱི་ས་ཁུལ་ཁག་གི་བོད་རིགས་མགོ་ཁྲིད་ཆེ་གྲས་ཁག་མཉམ་ཞུགས་ཡོང་ཐུབ་པ་བྱ་རྒྱུ། འགྲིག མི་འགྲིག
༦༽ཕྱི་ལོ་༢༠༠༩ ནས་ ༢༠༡༡ བར་ལོ་གསུམ་རིང་རྒྱ་ནག་སྲིད་གཞུང་ནས་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གསལ་མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་ལུགས་ཁག་ལག་ལེན་ཡོང་ཐབས་སུ་བོད་རྒྱའི་འབྲེལ་མོལ་མུ་མཐུན་མཐོར་འདེགས་ཡོང་བར་ཤུགས་སྣོན་བརྒྱག་རྒྱུ། འགྲིག མི་འགྲིག
༧༽ཀྲུང་ཧ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་དགོངས་དོན་ལྟར་མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་ལུགས་སྲིད་ཇུས་ལག་བསྟར་གནང་པ་ལ་འབད་བརྩོན་དང་ཤུགས་སྣོན་དང༌། ལྷག་པར་ཀྲུང་ཧ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དོན་ཚན་བཞི་བ་དང༌། གྲངས་ཉུང་མི་རིགས་འདུས་སྡོད་བྱེད་པའི་ས་གནས་སོ་སོར་ས་ཁོངས་རང་སྐྱོང་ལག་ལེན་དུ་བསྟར་ཏེ་རང་སྐྱོང་ལས་ཁུངས་འཛུགས་རྒྱུ་དང་རང་སྐྱོང་དབང་ཆ་སྤྲོད་རྒྱུ། དོན་ཚན་བརྒྱ་དང་བཅུ་བདུན་དང་བཅོ་བརྒྱད་སོགས་ཀྱི་ནང་གསལ་ལྟར། རང་སྐྱོང་ལས་ཁུངས་ཀྱི་རྩ་ཁྲིམས་དང༌། བཅའ་ཁྲིམས་སོགས་ཞི་སི་ཊ་སི་སྦག་གི་བཀའ་སྩལ་དགོངས་དོན་ལྟར་ལག་ལེན་ཡོང་ཐུབ་ལ་འབད་བརྩོན་བྱ་རྒྱུ། འགྲིག མི་འགྲིག
༨༽དེ་ལྟར་ལོ་ངོ་གསུམ་གྱི་རྗེས་རྩ་ཁྲིམས་དང་མི་རིགས་ས་གནས་བཅའ་ཁྲིམས་ཞི་བའི་དོན་ཚན་ལྔ་ཡི་དགོངས་དོན་ལྟར་མི་རིགས་ས་གནས་རང་སྐྱོང་མིང་དོན་མཚུངས་པ་ལག་བསྟར་གནང་ཚེ་བཙན་བྱོལ་གཞུང་གི་སྒྲིག་འཛུགས་ཕྱིར་འཐེན་གྱིས་བོད་མི་རྣམས་བོད་དུ་ལོག་རྒྱུ། འགྲིག མི་འགྲིག
༩༽གལ་སྲིད་དུས་ཡུན་དེའི་ནང་དུ་གོང་གསལ་གྱི་གནད་དོན་ཁག་རྒྱ་གཞུང་ནས་ལག་ལེན་མ་གནང་ཚེ་བོད་ཀྱི་རྩ་དོན་ཀྱི་ཁ་ཕྱོགས་ལ་བསྐྱར་ཞིབ་ཀྱིས་ཐག་གཅོད་གཞན་ཞིག་གནང་རྒྱུ། འགྲིག མི་འགྲིག
བོད་གཞུང་དབུས་སྨན་རྩིས་མཐོ་སློབ་ཀྱི་དགེ་མིང་འཛིན་པ་དགེ་བཤེས་བསྟན་པ་བཀྲ་ཤིས་པས་ཕྱི་ལོ་༢༠༠༨ ཟླ་ ༡༡ ཚེས་ ༡ ལ།འབྲེལ་གཏུག་ཁ་པར་ཨང༌། ༩༨༡༦༨༤༢༥༩༦།
གལ་སྲིད་དོན་ཚན་བརྒྱད་པ་འགྲིག་ན་འཆར་ཟླའི་ཚོགས་དེ་ཚོགས་དགོས་དོན་ཡོད་པ་མ་རེད། ༢༠༡༡བར་དུ་གུང་ཁྲན་ཏང་ལ་གསོལ་བ་སྨོན་ལམ་བཏབ་ནས་ཉལ་བསྡད་ན་འགྲིག་གི་རེད། མགོན་ཁང་ཚང་མའི་ནང་གི་སྐུ་རྙིང་ཚང་མ་མར་གཡུག་ནས་དེའི་ཚབ་ལ་ཧོས་ཅིན་ཐོ་དང་ཧྥིན་ཅ་པོའི་པར་བཞག་ནས་བསྐང་གཤེགས་བཏོན་ན་ཡག་པོ་ཡོད་པ་མ་རེད་དམ།
དོན་ཚན་དགུ་བ་འགྲིག་ན། སྤྱི་ཟླ་བཅུ་གཅིག་ནང་གི་དམིགས་བསལ་ཚོགས་ཆེ་དེའང་༢༠༡༡གི་རྗེས་ལ་ཚོགས་པ་ལས་ད་ལོ་རྦད་དེ་སྔ་དྲགས་པས་འགྲོ་སོང་དང་དུས་ཚོད་འཕྲོ་བརླག་རེད། སྐད་ཆ་ཆོ་མེད་འདི་འདྲ་ཉན་འདོད་ཙམ་ཡང་མེད་ཀྱང་། གཞུང་གིས་ཉན་དུ་བཅུག་པའི་མ་ཚད་ལག་ལེན་ཡང་བསྟར་གི་རེད། རིག་པ་འདི་ཧ་ལམ་ Sunday market ནས་རྐུན་ཚོང་ཚོའི་ས་ནས་སྦྱངས་པ་འདྲ་བོ་འདུག
ང་ཚོས་ཁེ་ཕན་དང་རྒྱལ་ཁ་སོགས་ལ་ལྟ་དགོས་པ་ལས་། ག་རེ་ཟ? ཀུན་ཕན་ལྷག་བསམ་དང་དྲང་བདེན་དོན་དངོས་ཟེར་བ་དེ་ཚོ་གོ་ཡོང་དུས་ཐང་ཆད་ཀྱི་འདུག
ཀྲུང་ཧ་མི་མང་སྤྱི་མཐུན་རྒྱལ་ཁབ་ཟེར་བ་དེ་སུ་ཡིན་མི་ཤེས་དེ། རྒྱ་ནག་གི་མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་ལུགས་ཟེར་བ་དེ། རྒྱ་ནག་གི་མངའ་ཁོངས་སུ་ཡོད་པའི་གྲངས་ཉུང་མི་རིགས་ཚང་མར་སྤྱི་མཚུངས་སུ་ཁྱབ་པའི་རྩ་ཁྲིམས་ཅིག་ཡིན་པ་ལས། བོད་ལ་དམིགས་བསལ་གྱིས་བཟོས་པ་ཞིག་མ་རེད། གང་ལྟར་མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་ལུགས་ལག་སྟར་བྱས་པ་ཙམ་གྱིས་འགྲིག་གི་ཡོད་ན། དེ་སྔོན་ཆིངས་ཡིག་དོན་ཚན་བཅུ་བདུན་རྩིས་མེད་བཏང་བར་དགོས་པ་གང་ཡང་མེད་པ་མ་ཟད། གྱོང་ཆེན་པོ་རག་ཡོད་པ་རེད། གལ་ཏེ་རྒྱ་ནག་གིས་ཆིངས་ཡིག་དོན་ཚན་བཅུ་བདུན་ཇི་བཞིན་ལག་སྟར་བྱས་པ་ཡིན་ན། དེ་ནི་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་ལས་བཞི་འགྱུར་གྱིས་ལྷག་ཞིག་ཡིན་མིན་དོན་ཚན་བཅུ་བདུན་རེ་རེ་བཞིན་བློ་ལ་ཟུངས་དང་ཤེས་པར་འགྱུར་རོ།།
ང་ཚོས་ནམ་ཡང་འདི་ལྟར་རྐྱང་བྱས་ནས་མཚམས་འདིར་སླེབས་པ་རེད། ད་རྨོངས་གཉིད་ལས་སད་རྒྱུ་ཞིག་ཡོད་ན་སད་རན་རེད། བོད་ཀྱི་རྩ་དོན་བདེན་པའི་འཐབ་རྩོད་ལ་ཤུགས་སྣོན་རྒྱག་དགོས། རྩ་དོན་ཟེར་བ་དེ་རང་བཙན་རེད། བདེན་པའི་འཐབ་རྩོད་ཟེར་བ་དེ་ཡང་རང་བཙན་རེད། ང་ཚོས་བདེན་དོན་ཕར་གཡུགས་ནས་ཆེས་དམའ་རིམ་ཞིག་ནས་རྩོད་གླེང་བྱེད་བཞིན་ཡོད་པས། དེ་རིང་གི་སྐྱུར་རྩི་འདི་འཐུང་དགོས་བྱུང་བ་རེད། གང་ལྟར་དགེ་བཤེས་བསྟན་པ་བཀྲ་ཤིས་ལགས་ཀྱིས་གསུངས་པར་རྒྱབ་སྐྱོར་ཤིག་གི་མཐོ་གང་ཙམ་ཡང་བྱེད་ན་མི་འདོད་ཀི དེ་བས་རང་ཉིད་གཅིག་པོས་བོད་རང་བཙན་ཡིན། བོད་ལ་རང་བཙན་དགོས་ཞེས་སྡུག་རྒྱག་བཞིན་ཉལ་ན་སྐྱིད་པོ་འདུག
དགེ་བཤེས་ལགས།
དོན་ཚན་གསུམ་པའི་ནང་གསེས་དང་པོ་ནང་། གོང་ས་མཆོག་གི་བཀའ་དགོངས་ལ་སློབ་སྦྱོང་བྱས་ནས་ལག་ལེན་འཁྱོལ་བ་ཟེར་བ་འདི། རྒྱ་ཕྱོགས་ཀྱིས། གཙོ་འཛིན་མའོ་ཀྲུའུ་ཞིའི་བཀའ་སློབ་ལ་སློབ་སྦྱོང་བྱས་ནས་ལག་ལེན་བསྟར་ཟེར་བ་དང་དྲ་བོ་འདུག
ངས་བལྟས་ན། ང་ཚོས་རྒྱལ་བ་མཆོག་གི་དགོངས་གཞི་ལ་སློབ་སྦྱོང་བྱས་པ་མ་ཟད། དེ་དག་ལ་ཞིབ་འཇུག་ལེགས་པོ་བྱས་ནས། དགེ་སྐྱོན་རྣམས་ཞིབ་པར་དབྱེ། དགེ་མཚན་ལྡན་པ་རྣམས་ལག་ལེན་བྱས། སྐྱོན་ཡོད་པ་རྣམས་གཡུགས་དགོས་ཀྱི་འདུག གོང་ས་མཆོག་གི་གསུངས་པ་ཐམས་ཅད་བདེན་པ་རེད་ཟེར་ལག་ལེན་བསྟར་ན། དེ་ཡང་འགྲིག་གི་མིན་འདུག རྒྱུ་མཚན་ནི། ཁོང་གི་གང་བཤད་པ་དེ་བདེན་པ་རེད་ཟེར་ན། དེ་རྨོངས་དད་རེད། ཁྱེད་ཀྱིས་ཆོས་ཕྱོགས་ནས་ཁོང་ལ་སྐྱོན་མི་མཐོང་རུང་། ཆབ་སྲིད་ཐོག་ལ་སླེབས་དུས། ང་ཚོ་ཚང་མས་རྟག་དཔྱད་ལེགས་པོ་བྱེད་དགོས།
རྒྱལ་བ་མཆོག་ལ་སྐྱོན་མེདྙམ་ནས་རྗེས་སུ་རྒྱུག་ན་ཉེན་ཁ་ཆེན་པོ་རེད། དཔེར་ན། ྔོན་མ་ཁོང་ཡང་ཤུགས་ལྡན་བསྟེན་པ་རེད། དེ་དུས་རྒྱལ་བ་མཆོག་ལ་གསེར་སྐོང་རིན་པོ་ཆེ་དང་བླ་མ་མང་པོས་འདི་མ་གནང་ཟེར་དུས། ངའི་བླ་མར་ནོར་བ་མེད་གསུངས། ངའི་བླ་མ་ཟེར་ན་ཁྲི་བྱང་རིན་པོ་ཆེ་རེད། རྗེས་སུ། ཁྲི་བྱང་རིན་པོ་ཆེར་ནོར་འདུག་ཅེས་ད་ལྟ་རྒྱལ་བ་ནས་གསུངས་ཀྱི་འདུག
གཉིས་པ། གོང་གི་དོན་གསུམ་པའི་ནང་གསེས་གསུམ་པའི་ནང་བོད་མིའི་དངོས་ཡོད་ཀྱི་དགོས་མཁོ་དང་མཐུན་པའི་ཤེས་ཡོན་ཟེར་བ་འདི་ཡག་པོ་འདུག ངས་ལྟས་ན། ཁ་ཡོད་ལག་ཡོད་ཀྱི་བོད་མི་རྐང་པས་གཟུགས་པོ་སྟེགས་ཐུབ་པའི་ཤེས་ཡོན་འདི་ཚན་རིག ལག་ཤེས། ཐབས་ཤེས། འཕྲུལ་རིག་སོགས་ཡིན་པ་ལས། ནང་ཆོས་དང་བོད་ཀྱི་རིག་གཞུང་ཞེས་ལྷ་གསོལ་བ་དང་ཞབས་རྟན་སྒྲུབ་པ་འདི་མ་རེད།
དེར་རྟེན་དངོས་གནས་བོད་མིར་ཕན་ཐོག་པོ་བྱེད་མཁན་ཡིན་ན། དང་པོ་དགོན་པ་འདི་ཚོའི་གྲྭ་པ་རྣམས་སྐྱ་ཆས་གཡོགས་ནས་ཚན་རིག་དང་། དེང་དུས་ཀྱི་ཤེས་ཡོན་སློབ་ནས་མི་རབས་གསར་པ་ཞིག་འཚར་བ་བྱེད་དགོས་ཀྱི་འདུག
གྲྭ་པ་མང་པོ་ཞིག་བོད་ཀྱི་རིག་གཞུང་ཕར་ཞོག་རང་གི་ལྟོ་གོས་ཀྱང་སྒྲུབ་ཐུབ་ཀྱི་མེད་པས། བོད་ལ་ཇི་ལྟར་ཕན་ཐོག་ཐུབ་བམ། བྱས་ཙང་། བོད་མིའི་ཤེས་ཡོན་འདི་དངོས་ནས་མི་འཚོ་ཐུབ་པའི་ཤེས་ཡོན་དགོས་པ་ལས། ལྟ་དང་། བླ་མ། དགེ་བཤེས་ཟེར་བ་འདི་དགོས་ཀྱི་མིན་འདུག
ཁྱེད་ཀྱི་ལྟས་ན་ཇི་ལྟར་རེད།
བོད་ནང་གི་མི་ཚོས་སྲོག་བཏང་ནས་བོད་རང་བཙན་རྩོད་བཞིན་པ་དང་། མང་པོ་ད་དུང་ཡང་བཙོན་འོག་ན་སྤོབས་པ་དང་བཅས་ཡོད་སྐབས། ཕྱི་ལོག་ནས་རྒྱ་ནག་གི་རྩ་ཁྲིམས་ཡག་པོ་ཡོད་ལུགས་རྐྱང་བཤད་བསྡོད་པ་གོ་ན་ག་རེ་དྲན་གི་ཡོད་འགྲོ།
དགེ་བཤེས་རིག་པའི་རྡོ་རྗེ་ལགས།
ཁྱེད་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་དེ་མ་ཤེས་ད་སྐབས་ཀྲུང་གོ་ཟེར་བ་མི་རིགས་ལྔ་བཅུ་ང་བཞིས་གྲུབ་ཡོད་པའི་རྒྱལ་ཁབ་དེ་རེད་ཟེར་གྱིན་འདུག ང་ཚོའི་གོང་ས་མཆོག་གིས་བོད་ཀྱི་ཆོས་དང་རིག་གཞུང་མི་རིགས་བཅས་ལ་བོད་རང་གིས་འཛིན་སྐྱོང་ཆོག་པའི་ལམ་ཁ་ཞིག་བྱུང་ན་བོད་འདི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གྱི་ནང་དུ་སྡོད་ཀྱི་ཡིན་གསུང་གི་འདུག་ག གལ་སྲིད་གོང་ས་མཆོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གྱི་ནང་དུ་བསྡད་ན་ཁྱེད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གྱི་ནང་དུ་སྡོད་ཀྱི་ཡིན་ནམ། ཡང་ན་གོང་ས་མཆོག་གིས་བོད་ཀྱི་འཐབ་རྩོད་མཚམས་བཞག་རུང་ཁྱེད་ཀྱིས་ད་དུང་མཚམས་མི་འཇོག་པར་རང་བཙན་རྩོད་ཀྱི་ཡིན། འདི་ནི་ངའི་དྲི་བ་དང་པོ་ཡིན།
ངས་ཤེས་ཚོད་དང་ངས་གོ་ཚོད་ཡིན་ན། གཙོ་བོ་རྒྱ་ནག་གཞུང་གི་མི་རིགས་ས་གནས་རང་སྐྱོང་གི་རྩ་ཁྲིམས་ཟེར་བ་དེས་མ་འགྲིག་པ་མ་རེད། གང་ཡིན་ཟེར་ན་དེའི་ནང་དུ་རང་བཙན་དང་། གཞུང་གི་དམག་དཔུང་མི་འཇོག་རྒྱུ་ཙམ་མ་གཏོགས་གཞན་ང་ཚོ་ལ་དགོས་ཚད་མཁོ་ཚད་ཕལ་ཆེ་བ་ཞིག་ཡོད་པ་རེད། འོན་ཀྱང་དེ་ཁ་གཡང་དང་ཕྱི་ཕྱོགས་ལ་ཁྱབ་བསྒྲགས་ཙམ་ཡིན་པ་ལས་དོན་ལ་ལག་བལྟར་བྱེད་ཀྱི་ཡོད་པ་མ་རེད་བསམས་ཀྱིན་ཡོད། གོང་ས་མཆོག་གིས་ཀྱང་རྒྱ་ནག་གཞུང་ཁ་བཤད་དོན་ལ་གནས་ཀྱི་མི་འདུག་གསུང་གི་འདུག་མ་གཏོགས། ཁ་བཤད་ཀྱི་འགྲིག་གི་མི་འདུག་གསུངས་ཀྱིན་མི་འདུག་ག འོ་ན་བོད་རྒྱ་ཞི་མོལ་གྱི་གྲུབ་འབྲས་ལ་བསྟེན་ནས་གལ་སྲིད་རྒྱ་ནག་གཞུང་ཁ་བཤད་དོན་ལ་གནས་པ་ཞིག་བྱུང་ན་ཁྱེད་ཀྱིས་ད་འགྲིག་སོང་ཟེར་གྱི་ཡིན་ནམ། ཡང་ན་ད་དུང་སི་ཏྲས་སི་སྦག་གི་ཞི་བའི་གྲོས་འཆར་དོན་ཚན་ལྔ་པོའི་བརྒྱ་ཆ་བརྒྱ་ཐམས་པ་རྒྱ་ནག་གཞུང་གི་ཁས་ལེན་མ་བྱས་ང་ལ་ཞི་མོལ་མི་དགོས་ཟེར་གྱི་ཡིན། འདི་ནི་ངའི་དྲི་བ་གཉིས་པ་ཡིན།
མ་གཞི་ཁྱེད་ཀྱིས་བོད་རྒྱ་ཞི་མོལ་ཟེར་བ་དེ་ལ་ངོས་འཛིན་ག་འདྲ་གནང་གི་ཡོད། བོད་རྒྱ་ཞི་མོལ་གྱི་སྐབས་སུ་བོད་མིའི་ཕྱོགས་ནས་ཀྱང་ཆ་རྐྱེན་ཁ་ཤས་ཆག་ཡང་དང་། རྒྱ་མིའི་ཕྱོགས་ནས་ཀྱང་ཆ་རྐྱེན་ཁ་ཤས་ཆག་ཡང་དགོས་པ་ཞིག་ལ་ངོས་འཛིན་གནང་གི་ཡོད་དམ། ཡང་ན་རྒྱ་མིའི་ཕྱོགས་ནས་ཆ་རྐྱེན་གང་མང་ཞིག་ཆག་ཡང་དགོས་པ་དང་། བོད་མིའི་ཕྱོགས་ནས་སི་ཏྲས་སི་སྦག་གི་ཞི་བའི་གྲོས་འཆར་དོན་ཚན་ལྔ་པོའི་ནང་ནས་གང་ཡང་ཆག་ཡང་བྱེད་རྒྱུ་མེད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། འདི་ནི་ངའི་དྲི་བ་གསུམ་པ་ཡིན།
ང་ནི་ལུག་ལྟར་ལྐུགས་པའི་མི་ཞིག་ཡིན་སྟབས་ནམ་རྒྱུན་འདི་ཚོ་ལ་མགོ་འཐོམས་ཀྱིན་འདུག ཁྱེད་མཚན་ཉིད་དང་སྲིད་དོན་གཉིས་ལ་མཁས་པ་ཞིག་ཡིན་སྐད་འདུག་པས། ཡ་སོ་ཅན་གྱི་གླང་རྒན་ངའི་ཐེ་ཚོམ་སེལ་བའི་ལན་ཞིག་གནང་རོགས་ཞུ།
སྐུ་ཞབས་འབྲུག་མོ་རྒྱལ་ལགས།
ཁྱེད་ཀྱིས་ང་ལ་དོགས་འདྲི་འདི་དག་གནང་བར་གུས་པས་སྙིང་ནས་དགའ་བསུ་ཡོད། ཐོག་མར་འདི་ལྟར་ཤོད་འདོད་བྱུང་། ངས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་དེ་རྒྱ་ནག་ལ་ཟེར་གྱིན་ཡོད་པ་མ་ཤེས་པ་མིན་མོད། དེ་ཟེར་མ་འདོད་པ་ཡིན། ད་དུང་ཁྱེད་ཀྱིས་ང་ལ་དགེ་བཤེས་ཟེར་བ་དེ་ནོར་བ་རེད། ང་སྤྱིར་བཏང་གི་བོད་མི་དཀྱུས་མ་ཞིག་ལས་ཆོས་སྲིད་གཉིས་ཀྱི་ཆ་ནས་གོ་གནས་གང་ཡང་མེད་མཁན་ཞིག་ཡིན།
དང་པོ། ༧གོང་ས་མཆོག་གིས། རྒྱ་གཞུང་གིས་བོད་ལ་ཚད་མཐོའིོ་རང་སྐྱོང་ཞིག་སྤྲད་པ་ཡིན་ན། བོད་རྒྱ་ནག་གི་མངའ་ཁོངས་སུ་སྡོད་རྒྱུ་ཡིན་གསུང་གིན་ཡོད་པ་བདེན་པ་རེད། ཡིན་ཡང་ངས་རྒྱ་ནག་གིས་དེ་སྤྲོད་ཀྱི་མ་རེད་བསམ་གི གལ་ཏེ་སྤྲད་པ་ཡིན་ན་ཡང་ངས་བོད་རྒྱ་ནག་གི་མངའ་ཁོངས་ཡིན་པར་ངོས་འཛིན་བྱས་ནས་དེའི་འོག་ཏུ་མི་སྡོད་ཐག་ཆོད་ཡིན། དེ་དུས་༧གོང་ས་མཆོག་གིས་བོད་དོན་འཐད་རྩོད་ཀྱང་མཚམས་འཇོག་གནང་གི་རེད། འོན་ཀྱང་རང་གི་ངོས་ནས་ཇི་སྲིད་རང་གི་མི་ཚེ་མ་རྫོགས་དེ་སྲིད་དུ་རང་བཙན་རྩོད་ངེས་ཡིན་ལ། བདེན་དོན་འཐབ་རྩོད་མཚམས་འཇོག་བྱེད་ཀྱི་མིན།
གཉིས་པ། རྒྱ་ནག་གི་མི་རིགས་ས་གནས་རང་སྐྱོང་གི་རྩ་ཁྲིམས་ཟེར་བ་དེ་དང་ལག་ལེན་གཉིས་ཀྱི་བར་ན་སྟོང་ཆ་ཆེན་པོ་ཡོད་པ་བདེན་ལ། བོད་རྒྱའི་གྲོས་མོལ་བརྒྱུད་ནས་རྒྱ་གཞུང་གིས་དེ་དོན་ལག་ལེན་བྱེད་རྒྱུར་ཁས་ལེན་བྱས་ན་ཡང་། ངས་ད་འགྲིག་གི་གཏན་ནས་མི་ཟེར། རྒྱུ་མཚན་ང་རྒྱ་ནག་སྲིད་གཞུང་ལ་ཡིད་ཆེས་གཏན་ནས་མེད་ལ། གཡག་གོ་རློན་པའི་ཞྭ་མོ་གྱོན་ན་མི་འདོད་ཀི
གསུམ་པ། ངས་བོད་རྒྱའི་ཞི་མོལ་ལམ་གྲོས་མོལ་ཟེར་བ་འདི་གྲོས་མོལ་ཞིག་ལ་ངོས་འཛིན་བྱེད་ཀྱིན་མེད། དེ་ནི་ངོ་མ་བཤད་ན་འབྲེལ་མོལ་ཙམ་རེད་མ་གཏོགས་གྲོས་མོལ་མ་རེད། གལ་ཏེ་གྲོས་མོལ་ཡིན་ན་ཕྱོགས་ཡོངས་ཀྱི་ཁེ་ཕན་ལ་གཞིགས་ཏེ། བོད་རྒྱ་གཉིས་ཀྱི་རྩ་བའི་ལངས་ཕྱོགས་ལ་འགྱུར་བ་གཏོང་དགོས་མོད། རྒྱ་མིའི་ལངས་ཕྱོགས་ལ་འགྱུར་བ་སྤུ་ཙམ་མི་གཏོང་བ་མ་ཟད། ང་ཚོའི་ཕྱོགས་ནས་ཐ་ན་སྔོན་འགྲོའི་ཆ་རྐྱེན་ཙམ་ཡང་འདོན་ཆོག་གི་མེད་པ་གང་ལ་ཐུག་ཡོད་དམ། ལྷག་པར་དུ་ད་ལོའི་གྲོས་མོལ་ཟེར་བ་འདི་རྒྱ་ནག་གཞུང་གིས་གནས་སྐབས་བོད་ནང་ལྷིང་འཇགས་ཡོང་ཆེད་དང་། འཛམ་གླིང་ལ་གཡོ་རྒྱུའི་ཁྲབ་སྟོན་བྱེད་ཀྱིན་ཡོད་པ་རེད། དཔེར་ན་དེ་སྔོན་བསྟུད་མར་འབྲེལ་མོལ་ཐེངས་གཉིས་བྱས་པས། བོད་ས་ཡོངས་ནས་གྲོས་མོལ་བྱེད་བཞིན་འདུག ད་རེ་བ་ཅིག་ཡོད་རྒྱུ་རེད་སྙམ་ནས་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཚམས་བཞག་སོང་བ་དེས་ཤེས་ཐུབ། ཁེ་བཟང་བོད་ཀྱིས་རེག་ཡོད་དམ་རྒྱ་ནག་གིས་རེག་ཡོད་སོམས་དང་།
མཐའ་དོན་ངས་ཤོད་འདོད་པ་ནི། རྒྱ་ནག་སྲིད་གཞུང་ལ་བོད་ཀྱི་གནད་དོན་དེ་ཞི་བ་དང་གྲོས་མོལ་གྱི་ལམ་ནས་སེལ་འདོད་ཡོད་པ་མ་རེད། གལ་ཏེ་རྒྱ་ནག་ལ་དེའི་འདོད་པ་ཡོད་ན། ༧གོང་ས་མཆོག་གིས་བཏོན་པའི་གཉིས་ཕན་དབུ་མའི་ལམ་ལས་ལྷག་པ་ཞིག་གང་ན་ཡོད། ཁེ་བཟང་ཡོད་ཚད་རྒྱ་ནག་གིས་རེག་གི་ཡོད་མོད། རྒྱ་ནག་དེ་ཙམ་གྱིས་འདོད་པ་གང་གི་ཡོད་པ་མ་རེད། རྒྱ་ནག་གཞུང་གིས་མུ་མཐུད་དུ་བོད་ཡོངས་རྫོགས་ཟ་འདོད་ཀྱི་ཡོད་པ་རེད། འཐུང་འདོད་ཀྱི་ཡོད་པ་རེད། བོད་མི་རིགས་རིག་གཞུང་དང་བཅས་པ་རྩ་མེད་བཏང་ནས་མཱན་ཇིའི་མི་རིགས་བཞིན། རྒྱ་ནག་ཧན་མི་རིགས་ཀྱི་ཁོངས་སུ་གཉིས་སུ་མེད་པར་བསྟིམ་འདོད་ཀྱི་ཡོད་པ་རེད། རྒྱ་ནག་གིས་རྒྱལ་ཁབ་རྒྱ་བསྐྱེད་འདོད་ཀྱི་ཡོད་པ་རེད། བོད་ཙམ་མ་ཟད་འཛམ་གླིང་ཡོངས་ཟ་འདོད་དང་འཐུང་འདོད་ཀྱི་ངན་སེམས་བཅིང་ཡོད་པ་རེད།
ཕྱོགས་གཞན་ནས་བཤད་ན། གལ་ཏེ་གྲོས་མོལ་གྱི་ལམ་ནས་རྒྱ་ནག་གིས་ཉིན་ཞིག་བོད་ལ་རང་སྐྱོང་སྤྲོད་ཅེས་བཤད་དེ། ༧གོང་ས་མཆོག་དང་། ཕྱི་སྡོད་བོད་མི་རྣམས་ཕྱིར་ཕེབས་ཤོག་ཅེས་བཤད་པ་ཡིན་ན། འདི་ཡང་ཆེས་ཆེ་བའི་ཉེན་ཁ་ཞིག་རེད། རྒྱུ་མཚན་ང་ཚོས་དེ་ལྟར་བྱས་ཏེ་རྒྱ་ཁུངས་སུ་འཛུལ་བ་ཡིན་ན། ད་ལྟའི་ཆར་འཛམ་གླིང་ཐོག་བོད་དང་བོད་ཀྱི་གནད་དོན་ཟེར་བ་ཞིག་ཡོད་པ་དེའི་མཇུག་བསྒྲིལ་ཚར་བ་རེད། དེ་རིང་དེ་ཙམ་མོ།། ཐུགས་རྗེ་ཆེ།
རིག་པའི་རྡོ་རྗེ། ༧གོང་ས་མཆོག་གིས་བོད་དོན་འཐད་རྩོད་མཚམས་འཇོག་གནང་ཡང་ཁྱེད་ཀྱིས་མཚམས་འཇོག་བྱེད་ཀྱི་མིན་ཟེར། བོད་རྒྱ་ཞི་མོལ་ལ་ཡིད་ཆེས་མེད་ཟེར། རྒྱ་ནག་གིས་བོད་ལ་ཚད་མཐོའི་རང་སྐྱོང་སྤྲད་པ་ཡིན་ན་འདི་ཡང་ཆེས་ཆེ་བའི་ཉེན་ཁ་ཞིག་རེད་ཟེར། དེས་ན་ཁྱེད་ལ་བོད་རང་བཙན་གཙང་མ་ཐོབ་ནས་རྒྱ་ནག་གིས་གྱོང་རག་རྒྱུ་གཅིག་པོ་མ་གཏོགས་གཞན་གང་ཡང་དགོས་ཀྱི་མ་རེད་པ། ངས་མཚན་ཉིད་ཀྱི་གཞུང་གི་ནང་ནས་ཁེ་དང་རྒྱལ་ཁ་གཞན་ལ་ཕྱིན།། གྱོང་དང་ཕམ་ཁ་རང་གི་ལེན་ཟེར་བ་ཞིག་མཐོང་མྱོང་། དེ་ཅི་ཟེར་བ་རེད། བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ཀྱི་དབུ་ཁྲིད་ཟམ་གདོང་བླ་མས་བོད་མི་ཚོར་བོད་དོན་འཐབ་རྩོད་ཀྱི་སྔོན་ལ་བྱང་ཆུབ་ཀྱི་སེམས་བསྒོམ་ཏུ་འཇུག་གི་འདུག་ག དེ་ཁེ་དང་རྒྱལ་ཁ་གཞན་ལ་ཕྱིན་དགོས་པའི་དོན་མ་རེད་དམ། ཟམ་གདོང་བླ་མ་དང་ཁྱེད་གཉིས་ཀྱི་བར་ལ་ཉམས་ལེན་བཟང་ངན་དེ་འདྲ་ཞིག་ཤོར་དོན་ཅི་ཡིན་ནམ། ཨ་བུ་རྒོད་པོ། ད་དུང་ཁྱེད་ཀྱི་ཉམས་ལེན་གྱིས་འདང་གི་མེད་པ་འདྲ། གོ་སྐབས་བྱུང་ན་ཟམ་གདོང་བླ་མའི་མདུན་དུ་རྒྱལ་སྲས་ལག་ལེན་ཞུ་བར་རྒྱུགས་དང་། གནམ་གྲུའི་ཊི་ཀའི་ཐོག་ལ་ངས་ཞལ་འདེབས་ཕུལ་ཆོག
རིག་པའི་རྡོ་རྗེས་ཁོས་རང་བཙན་བརྩད་ནས་རྒྱལ་བ་རིན་པོ་ཆེས་མཁྱེན་རླབས་ཆེ་བའི་མཛད་པ་ལས་ལྷག་ཅིག་བྱ་རྒྱུ་ཡོད་མདོག་བཤད་སྐབས་ང་ནི་ངོ་འདྲ་ཞིག་ཚ་བྱུང་། བོད་རང་བཙན་ཤོར་ནས་མི་ལོ་དྲུག་ཅུ་འགྲོ་གི་ཡོད་པ་རེད། ད་ལྟ་བར་དུ་རིག་པའི་རྡོ་རྗེ་ཟེར་བའི་རང་བཙན་རྩོད་མཁན་འཁྲུག་པོ་ཞིག་ཡོད་པ་ཐོས་མ་མྱོང་། རྒྱ་ནག་གིས་བསྒྲིགས་པའི་བོད་ཀྱི་ལོ་རྒྱུས་གོ་བབ་ཅེས་པ་དེའི་གླེང་བརྗོད་ནང་རྒྱ་རི་པདྨ་རྒྱལ་པོ་སོགས་རང་བཙན་རྩོད་མཁན་ཉེས་ཅན་པ་འགའི་མིང་ཐོ་བཀོད་འདུག་པ་དེའི་གྲས་སུ་རིག་པའི་རྡོ་རྗེ་ཁྱོད་མ་ཚུད་པ་ཡང་ཡ་མཚན། བོད་རང་བཙན་བྱེད་དགོས་ན་རྒྱ་ནག་ལ་དམག་བརྒྱག་ཐུབ་དགོས་ཀྱི་རེད། དེ་མིན་དབུ་མའི་ལམ་ནས་རྒྱ་ནག་གི་རྩ་ཁྲིམས་སུ་གསལ་བའི་རང་སྐྱོངས་ཙམ་ཡང་ངོས་ལེན་མི་བྱེད་ན་རང་བཙན་ཟེར་བ་དེ་རྒྱ་ནག་ལ་མཚོན་ན་ཁྭ་ཏ་ལ་མདའ་བསྟན་པ་ནང་བཞིན་ལོས་ཡིན། ཁར་སང་མཆན་འགོད་མཁན་ཞིག་གིས་ཁྱོད་དགེ་བཤེས་ཤིག་རེད་ཅེས་བྲིས་འདུག དགེ་བཤེས་ཀྱིས་དམག་དཔོན་བྱེད་པར་ལུང་བསྟན་ཡང་འདུག་པས་གཅིག་བྱས་ན་ལུང་དུ་བསྟན་པའི་དགེ་བཤེས་དམག་དཔོན་བྱ་མཁན་དེ་ཁྱོད་ཡིན་སྲིད་པས་དམག་དྲོངས་ཤིག
དྲ་གྲོགས་འབྲུག་མོ་རྒྱལ་ལགས།
ཟམ་གདོང་བླ་མས་ཆོས་སྲིད་གཉིས་ཀ་ཕྱོགས་ཙམ་ཡང་ཤེས་ཀྱིན་མི་འདུག དེར་བརྟེན་ངས་ཟམ་དགོང་བླ་མ་ཆོས་ཕྱོགས་ཀྱི་བླ་མར་བརྟེན་འདོད་མེད་ལ། སྲིད་ཀྱི་མགོ་ཁྲིད་དུ་ཡང་བརྩི་བཀུར་བྱེད་འདོད་མེད། དེར་བརྟེན་གནས་སྐབས་རིང་གནམ་གྲུའི་འཛིན་བྱང་གི་ཞལ་འདེབས་མི་དགོས་ལགས། འོན་ཀྱང་ཁྱེད་ཀྱི་གཏོང་ཕོད་ལ་རྗེས་སུ་ཡི་རང་ཡོད། གལ་ཏེ་ཁྱེད་ལ་དངོས་གནས་ཞལ་འདེབས་ཕུལ་འདོད་ཡོད་ན། ཨ་བཟང་གི་བུ་མ་འཆུག་ཡ། ང་ཚོར་རེ་བ་མང་པོ་ཡོད་ལ། ཞལ་འདེབས་ཕུལ་ས་ཡང་མང་པོ་ཡོད། དཔེར་ན་བདེན་དོན་འཐད་རྩོད་ཚོགས་པ། ནུབ་བོད་དྲག་པོའི་དཔུང་སྡེ་སོགས་མང་པོ་ཡོད་ཅིང་། ཁོང་ཚོའི་འཆར་གཞི་རྒྱ་ཆེ་ཞིང་ལས་འགུལ་ཤུགས་དྲག་པས་ཨ་སྒོར་ཐེར་འབུམ་མང་པོ་དགོས་ཀྱི་ཡོད། དེ་ཚོར་ཞལ་འདེབས་རེ་ཕུལ་དང་། བོད་མི་ཕྱུག་པོ་ཞིག་ཡིན་པའི་ཡིན་གོ་ཆོད་སོང་བ་རེད། ཐུགས་རྗེ་ཆེ།
སྤོབས་པ་ལགས། ཁྱེད་ཀྱིས་ནོར་འདུག དགེ་བཤེས་ཀྱིས་དམག་དཔོན་བྱས་ནས་ཕྱི་དགྲ་ནང་འདྲེན་གྱི་སྣེ་ཁྲིད་བྱེད་མཁན་གྱི་དགེ་བཤེས་ཚོ་སུ་ཡིན་ཤེས་འདོད་ན། རྨུ་ལི་ཆོས་འབྱུང་སོགས་ལ་ལྟོས་དང་ཤེས་པར་འགྱུར། ང་ནི་དགེ་བཤེས་མིན་ལ་དམག་དཔོན་ཀྱང་བྱེད་པའི་ནུས་པ་མེད་མོད། བདེན་དོན་བཤད་ཕོད་ལ་བསྒྲུབ་འདོད་ཀྱི་སྤོབས་པ་ཡོད་པའི་གངས་ཕྲུག་དག་མ་ཞིག་ཡིན། ད་དུང་ཁྱོད་ལ་གསལ་བཤད་བྱེད་རྒྱུ་ཞིག་ལ། རང་བཙན་བརྩད་པ་ཙམ་གྱིས་དྲག་པོ་དང་དམག་འཁྲུགས་བྱེད་དགོས་པའི་ངེས་པ་མེད། རང་བཙན་ཡང་གྲོས་མོལ་དང་ཞི་བའི་ཐབས་ལམ་ཐོག་ནས་རྩོད་ཆོག འདི་ཤེས་དགོས་པ་གཅིག་རེད།
བགྲོ་གླེང་འཁྲུགས་པོ་རེད། དྲི་བ་ནག་པོ་རེད། དྲིས་ལན་ཁ་ཐུག་རེད། ལངས་ཕྱོགས་གསལ་པོ་རེད།
ད་རིག་པའི་རྡོ་རྗེ་ཁྱེད་རང་གིས་སུ་སྲིད་ཀྱི་མགོ་ཁྲིད་བསྟེན་རྒྱུ་ཡིན་ནམ། འཇམ་དབྱངས་ནོར་བུའམ་ལྷ་བཟང་ཚེ་རིང་། ཡང་ན་གཞན་ཞིག
ད་རུང་ང་ཚོའི་རྩ་དོན་དེར་ཁྲིམས་ཐོག་ནས་འགྱུར་བ་ཕྱིན་ཡོད་པ་མ་རེད། དེར་འགྱུར་བ་ཇི་ལྟར་གཏོང་རྒྱུ་ཡིན་ནམ།
སྐྱིད་ཉི་མ་ཤར་རུང་མི་དྲོས་པའི་མགོ་ྐླད་པའི་དཀྱིལ་ན་འཁྱག་ཅིག་དང་སྨན་ཟང་དྲུག་བརྟེན་རུང་མི་སོས་པའི་ཤ་མཆིན་པའི་དཀྱིལ་ན་གཟེར་ཞིག་ཡོད་
རིག་པའི་རྡོ་རྗེ་ཟེར་བ་འདི་ཡང་འདོད་པ་མ་གང་མཁན་ཞིག་ཡིན་ཐག་ཆོད་རེད། འདོད་པ་མ་གང་བ་དེ་ཡང་བོད་གཞུང་དང་ཟམ་གདོང་སྤྲུལ་སྐུས་བོད་སྤྱི་དོན་སྒྲུབ་སྟངས་ལ་འདོད་པ་མ་གང་བ་ཡིན་ན་སྐྱོན་མི་འདུག འོན་ཀྱང་སྒེར་ངོས་ཀྱི་འདོད་པ་མ་གང་བར་ཚད་ལས་བརྒལ་བའི་བསྙོན་འཛུགས་དང་སྐྱོན་བརྗོད་བྱེད་བཞིན་པ་ཡིན་པའི་དོགས་པ་ཆེ། བླ་རྒན་འཁྱམས་པོ་འདི་ཚོའི་གྲས་ལ་ན་ཚ་དེ་འདྲ་འཁྱེར་རྒྱུ་མེད་ན་སྤྱི་དོན་དང་སྲིད་དོན་གླེང་སར་ཡོང་ཡང་ཡོང་གི་མ་རེད།
ཟམ་གདོང་གིས་ཆོས་སྲིད་ཤེས་རུང་མ་ཤེས་རུང་བོད་མི་མང་གིས་བདམས་ནས་དབུ་ཁྲིད་དུ་བསྐོས་པ་རེད། རྒྱལ་བ་རིན་པོ་དགྱེས་ཚོར་ཆེན་པོས་བཀའ་བློན་ཁྲི་པ་འོས་འདེམས་བྱུང་ཚུན་ཁོང་གིང་སྐུ་ངལ་གསོ་ཐུབ་སྐོར་ལན་གཅིག་མིན་པར་ཞལ་གྱིས་བཞེས་པ་རེད། དེ་ཚོའི་འདོད་པ་གང་བ་ལ་རིག་པའི་རྡོ་རྗེ་ལ་སྐྱིད་ཉི་མ་ཤར་རུང་མི་དྲོས་པའི་མགོ་ྐླད་པའི་དཀྱིལ་ན་འཁྱག་ཅིག་དང་སྨན་ཟང་དྲུག་བརྟེན་རུང་མི་སོས་པའི་ཤ་མཆིན་པའི་དཀྱིལ་ན་གཟེར་ཞིག་ཡོད་པ་དེ་སྒེར་ངོས་ཀྱི་ན་ཚ་ཞིག་ཡིན་རྒྱུ་རེད།
མ་འཇོན་པ་ང་ཚོ་ཚང་མས་མ་འཇོན་པ་རེད་མ་གཏོགས་ཟམ་གདོང་སྤྲུལ་སྐུ་མི་གཅིག་གིས་མ་འཇོན་པ་ག་ལ་ཡིན། སྤྱིར་བཏང་རང་གི་ལག་པ་གཉིས་རང་ལ་ཐོགས་ཡོད་བཞིན་དུ་ཡོད་ཚད་ཟམ་གདོང་དང་རྒྱ་རིའི་མགོར་འགེལ་བ་དེ་དེ་ཙམ་འཚམ་པོ་ཞིག་ཨེ་ཡིན་ནམ། མདོ་ཚུར་བསྡུས་ན་ཁྱོད་ཚོ་སྒེར་གྱི་ལྟོ་རྒྱབ་མ་འཚེངས་པར་ས་མཐའ་སྡེ་མཐའ་ཁྱི་སྡོམ་བཞིན་དུ་ཉུལ་ནས་བསྡད་ཡོད་པ་རེད། ཟམ་གདོང་སྤྲུལ་སྐུས་འཇོན་རུང་མ་འཇོན་རུང་ཚེ་གང་བོར་བོད་སྤྱི་དོན་དང་རྒྱལ་བ་རིན་པོ་ཆེའི་ཞབས་ཕྱི་སྒྲུབ་བཞིན་པ་ལ་སྐྱོན་བརྗོད་བྱེད་པ་ངོ་ཚ་དགོས་པ་ཞིག་རེད། ས་སྐྱ་པཎ་ཌི་ཏས། ངན་པ་ཕལ་ཆེར་རང་གི་སྐྱོན། །གང་ཡིན་གཞན་ལ་འགོད་པར་བྱེད། །ཁྭ་ཏས་མི་གཙང་ཟོས་པའི་མཆུ། །གང་ཡིན་གཞན་ལ་འགོད་པར་བྱེད། །ཅེས་པ་དེ་ལོས་བདེན།
ལོག་སྨྲ་འབྱུང་བོ་བྱ་བརྒྱའི་ཁྱུ་ཚོགས་ཀྱིས།།
ལོག་རྟོག་དུག་གི་མཚོན་ཆའི་དཔུང་སྟོབས་བཅས།།
སྟོང་ཆེན་དབུ་མའི་ལམ་འདིར་མི་གཟིགས་པར།།
ཕྱོགས་འཛིན་མུན་པའི་གླིང་དེར་ཧད་ཀྱིས་བལྟ།།
བླ་རྒན་འདི་ཚོས་དབང་ཞུས་མ་ཞུས་དང་དམ་ཚིག་ཉམས་མ་ཉམས་ཀྱི་ན་ཚ་ཞིག་ཟུར་ནས་གླེང་ཁུལ་བྱེད་ཀྱིན་འདུག ཁྱོད་ཚོ་དངོས་གནས་ཆོས་དམ་ཚིག་གི་གལ་ཆེའི་གནད་དོན་ཤེས་མཁན་ཞིག་དང་རྩི་མཁན་ཞིག་ཡིན་ན་རྒྱལ་བ་རིན་པོ་ཆེ་ཟེར་ནས་དམ་ཚིག་རྩི་དགོས་ས་ཞིག་དང་ཟམ་གདོང་སྤྲུལ་སྐུ་ཟེར་ནས་དགྲ་བོའི་དྭངས་མར་འཛིན་ཆོག་པ་ཞིག་ཨེ་ཡོད། དེ་ལྟ་བུའི་ངོ་གནོང་དགོས་པའི་སྐད་ཆ་ཤོད་མ་ཡོང་། ཁྱོད་ཚོས་ཆོས་དམ་ཚིག་གི་འབྲེལ་བ་ཟེར་བ་དེ་ཚོ་ཕར་བཅད་ནས་སྲིད་དོན་ལ་ཁ་གཡར་ནས་ལས་ངན་གསོག་བཞིན་པ་མ་རེད་དམ། བདེན་པ་རེད། རྒྱལ་བ་རིན་པོ་ཆེ་དབང་ཞུ་སའི་བླ་མ་རེད། རྒྱལ་བ་རིན་པོ་ཆེའི་དྲུང་ནས་ཟམ་གདོང་སྤྲུལ་སྐུ་དང་དབང་མཉམ་དུ་ཞུས་ནས་དབང་གི་བུམ་ཆུ་རྫ་མ་གང་རེ་མཉམ་དུ་འཐུང་མེད་དམ། རྡོ་རྗེ་སྤུན་ལ་འགལ་མི་རུང་བ་དེ་རྩ་བའི་དམ་ཚིག་གི་གྲས་སུ་ཡོད་སྟབས་བླ་མ་དང་འགལ་བ་མཚུངས་པ་རེད། དེ་རིང་འདིར་བླ་རྒན་ཁ་ཤས་ཤིག་ལ་ཆེད་དུ་ལབ་ཀྱིན་ཡོད། ཕྱག་གཉིས་པ་དང་ལྕགས་རྒྱ་འགྲམ་ནག་སོགས་འདིར་ཚུད་མེད། ཁོང་ཚོས་ཆོས་དམ་ཚིག་ཟེར་བའི་ཁ་གཡར་ས་དེ་ཟུར་ནས་ནམ་ཡང་བཤད་ཡོང་གི་མེད་པ་རེད།
བཀུར་འོས་སྤོབས་པ་ལགས། ཁྱེད་ཀྱིས་གསུང་པ་བདེན་པ་རེད། ང་ནི་འདོད་པ་མ་གང་པའི་མི་ཞིག་ཡིན། དེ་ལ་དོན་དག་གཙོ་བོ་གསུམ་ཡོད། དང་པོ་བོད་རྒྱའི་གྲོས་མོལ་ཟེར་བ་འདིས་ངའི་འདོད་པ་གང་གི་མི་འདུག གཉིས་པ་ཟམ་གདོང་བླ་མས་སྲིད་ཀྱི་སྣེ་ཁྲིད་བྱེད་སྟངས་འདིས་ངའི་འདོད་པ་གང་གི་མི་འདུག གསུམ་པ་ཕྱིར་སྡོད་བོད་མི་རྣམས་ཀྱིས་བོད་དོན་ཆེད་ལས་འགུལ་སྤེལ་སྟངས་འདིས་ངའི་འདོད་པ་གང་གི་མི་འདུག དེ་མིན་སྒེར་གྱི་ཐོག་ནས་འདོད་པ་མ་གང་བ་གང་ཡང་མེད་ལ། ཡོད་ཀྱང་དེ་སྤྱིར་བསྒྲགས་བྱེད་དགོས་པའི་གནད་དོན་ཅིག་མ་རེད།
གལ་ཏེ་ཁྱེད་འདོད་པ་ཡོངས་སུ་གང་ཡོད་པའི་མི་ཞིག་ཡིན་ན། དྲ་གྲོགས་ཚོར་གསུང་ཚིག་དྲག་པོ་དང་རྩུབ་མོ་རྐྱང་རྐྱང་གསུང་དོན་ཅི་ཡིན་ནམ། དེ་ཡང་སེམས་ཀྱི་འདོད་པ་མ་གང་པའི་རྒྱུ་ལས་བྱུང་བ་མིན་ན་གང་ལས་བྱུང་བ་རེད། གང་ལྟར་སྨྲ་བརྗོད་རང་དབང་གི་ཐོབ་ཐང་སུ་ལ་ཡང་ཡོད་པས། གང་འདོད་གསུང་ཆོག་མོད། གསུང་སྟངས་ཀྱི་ཆ་ནས་ཐུགས་ཉམས་ཅུང་ཟད་རེ་འཇོག་རྒྱུ་བཀའ་དྲིན་ཆེ།
མི་ལི་ཆོས་འབྱུང་ངས་ཀྱང་བྐླགས་མྱོང་། སྐྱབས་སུ་མཆི། དེ་བཞིན་སངས་རྒྱས་ཀྱི་སྐྱེས་རབས་ན་ཡང་དེད་དཔོན་སྙིང་རྗེ་ཅན་གྱིས་མི་ནག་མདུང་ཐུང་ཅན་བསད་ནས་བསྐལ་པ་མང་པོའི་ཚོགས་འདུམས་ཚུལ་འདུག གཅིག་བྱས་ན་དེ་ཚོ་གཅིག་མཚུངས་ཡིན་སྲིད། སྤྱིར་ཐེག་པ་ཆེན་པོ་དང་ཡང་སྒོས་སུ་རྡོ་རྗེ་ཐེག་པ་ལས་ཞི་རྒྱས་དབང་དྲག་གང་ལ་གང་འདུལ་གྱི་ལམ་བསྟན་པ་དེ་བླ་ན་མེད་པའི་མྱུར་ལམ་མ་ཡིན་ནམ།
ཚད་མ་རྣམ་འགྲེལ་ལས། ཇི་ལྟར་ྐླ་ྐློ་སྐད་གཞན་གྱིས། གཟུང་བར་མི་ནུས་དེ་བཞིན་དུ། །གསུངས་པ་ལྟར་མི་འདི་རིགས་ལ་རྒྱུ་མཚན་འདི་འདྲ་དྲངས་དགོས་པ་རེད། དྲྭ་གྲོགས་གཞན་ཚོར་དགོང་དག་ཞུ།
ལྟད་ཆད་མཐའ་ལ་ལྷུང་བའི་ལང་ཚོ་ལ།།
ཞེན་པའི་རང་སེམས་གྱོང་པོ་མི་འདུལ་བར།།
འདོད་སྲེད་ཡིད་ཀྱི་གླང་ཆེན་སྨྱོན་པ་དེ།།
འཁྲུལ་ལམ་ལྟས་ངན་གཡང་དུ་མཆོང་བར་རྩོམ།།
ཁྱེད་ཚོས་རྩོད་པ་ཡག་པོ་བྱེད་ཀྱིན་འདུག ངས་བར་སྐབས་ནས་གླུ་རེ་ལེན་བཞིན་ཡོད། དེ་མིན་གཞན་ཅི་ཡང་མིན།
ས་པཎ་གྱིས། མཁས་པ་རང་གིས་དཔྱོད་ཤེས་ཀྱི།། བླུན་པོ་གྲགས་པའི་རྗེས་སུ་འབྲང་།། ཁྱི་རྒན་ཀུ་ཅོ་འདོན་པ་ན།། རྒྱུ་མཚན་མེད་པར་གཞན་དག་རྒྱུགས།། ཞེས་གསུངས་པ་ལྟར། སྐུ་ཞབས་སྤོབས་པ་ལགས་ཀྱིས། བསྒྲུབ་བྱའི་དོན་དང་འབྲེལ་བ་སྤུ་ཙམ་མེད་པའི་རྣམ་འགྲེལ་གྱི་ལུང་ཞིག་དྲངས་ནས། གཡུལ་ལས་རྒྱལ་བའི་དཔའ་སྐད་སྒྲོག་བཞིན། དྲ་གྲོགས་གཞན་ཚོར་དགོངས་དག་གསུང་ཚུལ་ལ་བལྟས་ན། སྔ་རྒོལ་ལུང་རིགས་ཀྱིས་ཐལ་བའི་རྡུལ་དུ་བརླགས་ཡོད་པའི་དཔའ་ཉམས་ཅིག་ཡོད་མོད། དོན་ལ། སྤྲེལ་རྒན་རྣམས་ཀྱིས་མི་བཟུང་ནས།། མཇུག་མ་མེད་ཅེས་བཞད་གད་བྱེད།། གསུངས་པ་ལྟ་བུ་ལས་མ་འདས་སོ།།
སྨྲ་བརྗོད་རང་དབང་ཡིན་སྟབས་འདི་ལྟ་བུའི་རང་མགོ་རྡུང་སྤྱད་ཀྱི་སྐད་ཆ་དེ་ཚོ་རྒྱ་ནག་གི་འོག་ཏུ་གླེང་ན་གནས་ཚུལ་གཞན་རེད་མ་གཏོགས་དམངས་གཙོ་རང་དབང་གི་ཡུལ་དུ་གླེང་མ་ཡོང་ཟེར་གྱིན་ཡོད།
བོད་རྒྱ་ཞི་མོལ་ཡིན་ནམ་འབྲེལ་མོལ་ཡིན་ནམ་དེ་རྒྱ་ནག་གིས་ངོས་ནས་བཟང་ཕྱོགས་ཀྱི་བརྡ་ལན་མ་སྤྲད་ན་ང་ཚོས་གང་བྱེད། གལ་སྲིད་ཁྱོད་རིག་པའི་རྡོ་རྗེ་སྐུ་ཚབ་ཏུ་བསྐོས་ན་ཁྱོད་ཀྱིས་གང་ཞིག་འཇོན། ང་ཚོའི་གཞུང་དང་དབུ་ཁྲིད་སྐུ་ཚབ་བཅས་ལ་སྟོབས་ཤུགས་མེད་པ་རེད། སྟོབས་ཤུགས་མེད་པའི་རྒྱུ་མཚན་གཅིག་ནི་ཁྱོད་དང་ཁྱོད་འདྲ་བ་ཚོ་ཕྱི་འཇམ་ནང་རྩུབ་གྲོད་པུ་ལྟ་བུ་ཚོས་དབུ་འོག་དཔུང་འདེགས་ཞུ་ཐུབ་ཀྱིན་མེད་པས་རེད།
ཟམ་གདོང་སྤྲུལ་སྐུ་འདི་མ་དྲག་ནང་གི་དེས་དྲག་རེད། འདི་ལས་དྲག་ཅིག་བཙན་བྱོལ་བོད་མིའི་འདས་པའི་བཀའ་བློན་གཅིག་ཀྱང་བྱུང་མེད་ལ་འདིའི་རྗེས་སུ་བཀའ་ཁྲིའི་འོས་གཞི་ཁོང་འདྲ་བ་ཞིག་ཀྱང་མི་རྙེད་པ་ནི་ང་ཚོའི་སེམས་ཁྲལ་ཆེ་ཤོས་ཡིན།
ཕྱིར་སྡོད་བོད་མིས་ལས་འགུལ་སྤེལ་སྟངས་ལ་འདོད་པ་མ་གང་ན་ཁྱོད་ཀྱང་ཕྱིར་སྡོད་བོད་མི་རེད། ཁྱོད་ཀྱིས་རང་ངོས་ནས་འདོད་པ་གང་བ་ཞིག་སྤེལ་ན་མི་ཆོག་གམ། གལ་སྲིད་ཁྱེད་འདྲ་བའི་མི་འཇོན་པོ་མང་པོ་མེད་པས་འགྲིགས་ཀྱིན་མི་འདུག་ལབ་ན་རྒྱུ་མཚན་མེད་པ་རེད། འཇིགས་སྐུལ་བ་མི་ཆེས་ཉུང་ཤས་ཤིག་གིས་སྟོབས་ཅན་ཨ་མེ་རི་ཁ་ཡང་སྡོད་བཟོད་མི་བདེ་བ་ཞིག་བཟོས་མ་སོང་ངམ། ངས་གོང་དུ་བཤད་ཡོད། རང་གི་ལག་པ་གཉིས་རང་ལ་ཐོགས་ཡོད་བཞིན་དུ་ཡོད་ཚད་ཟམ་གདོང་སྤྲུལ་སྐུ་དང་རྒྱ་རི་ཚང་གི་མགོར་མ་འགེལ་ཟེར་གྱི་ཡོད།
རིག་པའི་རྡོ་རྗེས་གོང་གི་ཚད་མ་རྣམ་འགྲེལ་གྱི་ལུང་དོན་དང་ལུང་དེ་སྐབས་འདིར་འབྲེལ་བ་ཡོད་ཚུལ་མ་གོ་བ་འདྲ། ཁག་མེད། མི་འདི་རིགས་ཨུ་ཚུགས་ཀྱི་དད་ཞེན་ཙམ་ལས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་གོ་རྟོགས་ཚོ་ལ་ཁ་ཡ་བྱེད་ཀྱི་མ་རེད། ྐླ་ྐློ་ཞིག་རྗེས་སུ་འཛིན་དགོས་ན་ྐླ་ྐློའི་སྐད་བཤད་ནས་རྗེས་སུ་འཛིན་དགོས་པ་ལས་ལེགས་སྦྱར་གྱི་སྐད་བཤད་ནས་ྐླ་ྐློ་རྗེས་སུ་འཛིན་ཐུབ་ཀྱི་མ་རེད། དེ་བཞིན་ཁྱོད་ཀྱིས་མི་ལའི་ཆོས་འབྱུང་ནང་དུ་དགེ་བཤེས་འགས་དམག་དཔོན་བྱས་པ་དེ་ཡག་པོ་མ་རེད་མདོག་མདོག་ཅིག་བཤད་པ་ལ་ངས་རྒྱུ་མཚན་གཞན་མ་བཤད་པར་སངས་རྒྱས་ཀྱི་སྐྱེས་རབས་ཤིག་དང་འབྲེལ་ནས་མགོ་མཚུངས་བསྒྲིགས་པ་ཡིན། སྤྱིར་བཏང་ང་ཚོས་ཆབ་སྲིད་གླེང་ས་ནས་ཆབ་སྲིད་དང་འབྲེལ་བའི་ལན་ཞིག་རྒྱག་དགོས་ཀྱང་ངས་ཁྱོད་ལ་དམིགས་བསལ་དུ་སངས་རྒྱས་ཀྱི་སྐྱེས་རབས་ཤིག་དང་མགོ་མཚུངས་བྱས་ནས་ཁ་ལ་སྨྲ་བཅད་ཀྱི་རྒྱ་བཏབ་པ་ཡིན། མི་ཁྱོད་ལྟ་བུ་ལ་རྒྱུ་མཚན་དེ་ལྟ་བུ་དགོས་ཀྱི་རེད་ཟེར་བའི་དོན་ཡིན། དྲྭ་གྲོགས་གཞན་ཚོར་དགོང་དག་ཞུ་དགོས་དོན་ཡང་དེ་ཡིན།
ཏག་ཏག་རེད། ཁ་སྟོང་ནང་ནས་ཚིག་སྟོང་བཤད་དེ་ཉི་མ་འཁྱོལ་ཐབས་བྱེད་མཁན་ཚོར་ཚོགས་གཏམ་འདི་མི་འབབ་ཅི་འབབ། ད་འདི་ཚོའི་ལག་ཞ་བའི་མི་ཚད་ཁ་ཡང་ཞ་ནས་གྲགས་རྒྱུ་མེད་པ་འདི་ཅི་རེད།
རིག་པའི་རྡོ་རྗེ་ལགས། ད་དུང་ཡང་ལན་ཞིག་འབྲི་ཐུབ་ཀྱི་མི་འདུག་གམ། ངས་བསྒུགས་བསྡད་ཡོད། གཏམ་ལན་པོ་མེད་ན་ལྐུག་པ་རེད། ཟས་ལན་པོ་མེད་ན་ཁྲམ་པ་རེད། ཡང་མིན་ན་ཟམ་གདོང་སྤྲུལ་སྐུ་དང་ངེད་གཉིས་ལ་དགོང་དག་ཞུས་ཤོག བོད་མི་འདི་ཚོས་དགོང་དག་ཞུ་ཐུབ་ཀྱི་མ་རེད། ནམ་ཡིན་ཡང་ཨུ་ཚུགས་བྱས་ནས་རང་ཉིད་དཀར་པོ་དཀར་རྐྱང་ཞིག་ཏུ་བསྒྲུབ་ཨེ་ཐུབ་ལྟ་ཡི་རེད། རིག་པའི་རྡོ་རྗེ་ལ་དགོང་དག་ཞུ་ཐུབ་པའི་སྙིང་སྟོབས་ཤིག་གང་ན་ཡོད། མུ་མཐུད་དུ་ཨུ་ཚུགས་བྱ་རྒྱུ་ལས་མ་འདས།
སྤོབས་པ་ལགས། ཟམ་གདོང་བླ་མ་ལ་ཁ་གཏོང་མཁན་འགོག་གི་ཡོད་ན་ཁྱེད་ཀའི་ཨ་ལགས་ལྟེ་བ་ཡིན་པས་མཉམ་འགོག་བྱས་ཤོག དེ་མིན་ཁྱོད་གཟུར་གནས་བྱས་པ་མ་གཏོགས་ཅི་བཤད་ཟུར་ནས་བུད་ཐལ།
རྩོད་པའི་ལྷ་ཡི་རོལ་མོའི་སྒྲ།།
དྲ་རྒྱའི་རྩེ་མོར་གྲགས་པ་ན།།
སྣང་སྲིད་སེམས་ཀྱི་བུ་ཆུང་འདི།།
སྐྲག་སྟེ་མགོ་བོ་མལ་དུ་ལྷུང་།།
སྤོབས་པ་ལགས།
འཚོགས་ལ་ཉེ་བའི་ཚོགས་ཆེན་དེ་ཅི་ཞིག་གི་སླད་དུ་འཚོགས་རྒྱུ་ཡིན་པ་ཁྱེད་ཀྱིས་ལོས་ཤེས། དེ་ནི་རྒྱ་ཕྱོགས་ནས་གྲོས་མོས་ལ་རྣམ་འགྱུར་ཡག་པོ་མ་བསྟན་ཅིང་། འདས་པའི་མི་ལོ་ལྔ་བཅུའི་རིང་གི་བོད་མིའི་རྩ་དོན་སྒྲུབ་ཕྱོགས་ལ་ཕྱི་མིག་ཅིག་བལྟས་དུས། གྲུབ་འབྲས་གང་ཡང་ཐོན་གྱིན་མེད་སྟབས། ༧གོང་ས་མཆོག་གིས་ད་ངའི་ལངས་ཕྱོགས་ཀྱིས་ནུས་པ་ཐོན་གྱི་མི་འདུག རྒྱ་གཞུང་ལ་ཡིད་ཆེས་ཀྱང་ཆུང་ངུར་འགྲོ་བཞིན་ཡོད། དེས་ན་མི་མང་ཚོགས་ཆེན་འཚོགས་ནས་དེའི་ཐོག་བསམ་ཚུལ་བསྡུ་ལེན་བྱས་ཏེ། བོད་མིའི་རྩ་དོན་སྒྲུབ་ཕྱོགས་ལ་འགྱུར་བ་གཏོང་དགོས་མིན་ཐག་གཅོད་བྱེད་གལ་ཞེས་གསུངས་པས། ཚོགས་འདུ་དེ་འཚོགས་རྒྱུ་ཡིན་པ་རེད།
དེ་མིན་ང་ཚོས་སྐུ་ཚབ་ཚོགས་པ་དང་། བཀའ་ཁྲི་སོགས་ཀྱིས་འཇོག་གིན་ཡོད་ན། བོད་ཀྱི་རྩ་དོན་ཐད་ནུས་པ་ཐོན་གྱིན་ཡོད་ན། ཛ་དྲག་གི་ཚོགས་འདུ་འཚོགས་དགོས་ཡོད་པ་མ་རེད། མི་མང་ལ་བསམ་ཚུལ་དྲིས་དུས་བསམ་བློ་འདྲ་མི་འདྲ་མང་པོ་ཡོང་གི་རེད། མི་རེ་རེའི་བསམ་ཚུལ་བཤད་པ་ཙམ་གྱིས་དེས་དེ་བསྒྲུབ་ཐུབ་པའི་ངེས་པ་མེད་ལ། བསྒྲུབ་དགོས་པའི་རྒྱུ་མཚན་ཡང་མེད། དཔེར་ན་དབང་པོ་མི་ཚང་བའི་མིའི་ནང་ན་ཡང་གཞན་ལ་མེད་པའི་རྣམ་དཔྱོད་དང་བསམ་ཚུལ་ཡོད་མཁན་ཡོང་གི་ཡོད། དེས་ཅི་ཞིག་མཚོན་གིན་ཡོད་རེད་ཟེར་ན། བཤད་ཐུབ་པ་ཙམ་གྱིས་དོན་དེ་བསྒྲུབ་ཐུབ་དགོས་ཀྱི་མ་རེད། དོན་དག་དེ་བསྒྲུབ་མ་ཐུབ་ན་བཤད་མི་ཆོག་པའི་ཁྲིམས་ཞིག་དམང་གཙོའི་རྒྱལ་ཁབ་གང་དུ་ཡང་ཡོད་པ་མ་རེད། དེར་བརྟེན་ངས་བསལ་ཚུལ་ཤོད་ཀྱིན་ཡོད་མ་གཏོགས། བཀའ་ཁྲི་དང་སྐུ་ཚབ་ཀྱི་ལས་ཀ་ངས་འཇོན་གྱིན་ཡོད་ཅེས་ཤོད་ཀྱིན་མེད། གལ་ཏེ་ཁྱོད་བཀའ་ཁྲིར་སླེབས་པ་ཡིན་ན། ཁྱོད་ཀྱིས་མི་མང་གི་ཁ་ལ་ལྕགས་གཟེར་རྒྱག་རྒྱུ་ཡིན་ནམ། ཁྱོད་ཀྱིས་མོའུ་ཙེ་ཏུང་གིས་དབང་ཆ་གཅིག་བསྡུད་ལམ་ལུགས་ལག་བསྟར་བྱེད་རྒྱུ་ཡིན་ནམ།
གང་ལྟར་ང་བོད་མི་དཀྱུས་མ་ཞིག་ཡིན་པའི་ཆ་ནས་བསམ་ཚུལ་གླེང་བ་ཡིན། ད་དུང་གླེང་གི་ཡིན། བཀའ་ཁྲི་དང་སྐུ་ཚབ་སོགས་སུས་མ་འཇོན་ན་མ་འཇོན་ཐ། སུས་བཤད་མ་ཤེས་ན་མ་ཤེས་ཐ། སུས་ནོར་འཁྲུལ་བཟོས་ན་ནོར་འཁྲུལ་རེད་ཅེས་ཤོད་རྒྱུ་ཡིན། འདི་མི་ཆོག་ཟེར་མཁན་ཞིག་ཡོད་རྒྱུ་མ་རེད། གལ་ཏེ་ཡོད་ན་ཡང་དེ་ལ་དགོངས་དག་ཞུ་བ་ལས་བྱ་ཐབས་གཞན་མེད།
ཨ་ལེ། སྤོབས་པ་ཟེར་བ་འདི་ལ་ངོ་མ་སྤོབས་པ་ཆེན་པོ་འདུག ད་ལྟ་དགོངས་དག་ཞུས་ཤོག་ཅེས་བཙན་བསྐུལ་བྱེད་ཀྱིན་འདུག ཟམ་གདོང་བླ་མ་དང་ཁྱེད་གཉིས་ལ་དེ་འདྲའི་སྙིང་སྟོབས་ཡོད་ན། བཙན་གཏམ་བཤད་ས་ནོར་སོང་བ་རེད། ང་ཚོའི་ཕ་ས་འཕྲོག་མཁན་རྒྱ་མི་རེད། རང་བཙན་འཕྲོག་མཁན་རྒྱ་མི་རེད། བོད་མི་རྣམས་ཉེས་མེད་དམར་གསོད་གཏོང་མཁན་རྒྱ་མི་རེད། དེ་ཚོར་དགོངས་དག་ཞུས་ཤོག ཉེས་བཤགས་ཕུལ་ཤོག འགྱོད་བཤགས་ཀྱིས་ཤོག་ཅེས་ཤོད་དང་རྒྱུ་མཚན་ཡོད། དེ་མིན་བོད་མི་དཀྱུས་མ་ཞིག་གིས་བསམ་ཚུལ་གླེང་བ་ཙམ་གྱིས་དགོངས་དག་ཞུ་དགོས་ཟེར་ན། དེ་ནི་བཙན་རྒྱལ་རྒྱ་ནག་གི་ལྟ་བ་ལས་ཐབས་སྡུག་པས། སུས་ཀྱང་དགོངས་དག་ཞུ་གི་མ་རེད། དགོངས་དག
རིག་པའི་རྡོ་རྗེའི་ལུང་རིགས་ཐོག་རྒོད་ཀྱིས།།
སྤོབས་པའི་སྤོབས་པའི་བྲག་རི་ཐལ་བར་བཟོས།།
བདེན་དོན་རྣོ་ངར་འབུམ་ལྡན་རལ་གྲི་ཡིས།།
སྤོབས་པའི་སྨྲ་བའི་དུག་སྡོང་དུམ་བུར་གཏུབས།།
འཇོན་མི་འཇོན་དང་། ཤེས་མ་ཤེས། ནོར་འཁྲུལ་བཟོས་མ་བཟོས་གང་ཞིག་གླེང་རྒྱུ་ཡིན་ན་ཆེས་ཐོག་མར་རང་ཉིད་ཀྱིས་གང་ཞིག་འཇོན་གྱི་ཡོད་མེད་དང་ཤེས་ཀྱི་ཡོད་མེད། རང་ཉིད་བཀའ་ཁྲི་དང་སྐུ་ཚབ་ཏུ་བསྐོས་ན་གང་ཞིག་བྱེད་རྒྱུ་ཡིན་ཚུལ་བཤད་རྒྱུ་ཡོད་དགོས་རྒྱུ་རེད། དབུ་ཁྲིད་དང་སྐུ་ཚབ་ཚོའི་ལས་ཀ་ལམ་ལྷོངས་ཡོང་གི་མེད་པའི་ནག་ཉེས་དེ་གཙོ་བོ་དེ་ང་ཚོས་རྒྱ་ནག་གཞུང་ལ་གླགས་འཁེལ་གྱི་མེད་པ་རེད། དེ་བཞིན་ཁྱོད་དང་ཁྱོད་ལྟ་བུ་ཚོས་གཞུང་དང་དབུ་ཁྲིད་ལ་བརྩི་བཀུར་རྒྱབ་སྐྱོར་མེད་ཐོག་རྟག་ཏུ་བརྙས་བཅོས་དང་རྡོག་རྫིས་གཏོང་བཞིན་པ་དེ་གཞུང་དང་དབུ་ཁྲིད་ཀྱི་ལས་ཀའི་འགོག་རྐྱེན་ཆེ་ཤོས་ཤིག་རེད་ལ་བོད་རྒྱ་ཆེའི་མི་དམངས་ཀྱི་སེམས་ཁམས་ལ་ཕོག་ཐུག་གཏོང་མཁན་སྡུག་ཤོས་དེ་ཡང་རེད། མངོན་གསལ་དོད་པོ་གཅིག་ནི་དོལ་ཚོགས་ཀྱི་བྱེད་སྟངས་དེ་ལྟ་བུ་རེད། ངས་ཁྱོད་དོལ་ཚོགས་རེད་ཅེས་བརྗོད་ཀྱིན་མེད་མོད་ཁྱོད་ཀྱིས་བཤད་སྟངས་རྩ་བ་དེ་དོལ་ཚོགསཀྱིས་བཤད་སྟངས་དང་ཁྱད་པར་མི་འདུག དོལ་ཚོགས་ཀྱིས་ཀྱང་བོད་མི་དམངས་དང་ལྷག་པར་ཡང་རི་བོ་དགེ་ལུགས་པ་ཁ་ལ་འཁྱེར་གྱི་ཡོད་རེད། ཁྱོད་ཀྱིས་ཀྱང་ཟམ་གདོང་སྤྲུལ་སྐུའི་དབུ་ཁྲིད་འོག་ལ་འགྲོ་རྒྱུ་མིན་ཚུལ་ཁྱབ་བསྒྲགས་བྱས་པ་རེད། ལས་སྟངས་འདི་དང་འདི་ལྟ་བུ་ཚོ་ལ་བརྟེན་ནས་རྒྱ་ནག་གིས་ང་ཚོའི་གཞུང་དང་དབུ་ཁྲིད་དང་སྐུ་ཚབ་བརྙས་བཅོས་བྱེད་ཀྱིན་ཡོད་པ་རེད། ཏཱ་ལའི་བླ་མ་ལ་བོད་མི་མང་གི་སྐུ་ཚབ་བྱེད་པའི་ཐོབ་ཐང་༡༩༥༩ ཚུན་ནས་མི་འདུག དེའི་ཕྱིར་རྒྱ་ནག་གིས་ང་ཚོས་ཏཱ་ལའི་དང་མཉམ་དུ་བོད་དོན་ཐག་གཅོད་བྱ་རྒྱུ་གང་ཡང་མེད་ཅེས་པའི་གནད་དོན་དེ་ཡང་ཁྱོད་དང་ཁྱོད་ཚོའི་དགྲ་དགའ་གཉེན་སྡུག་གི་སྐད་ཆ་འདི་འདྲ་ཚོ་ལ་བརྟེན་ནས་ཡོང་གི་ཡོད་པ་རེད། ངས་ཀྱང་ཁྱོད་ཀྱིས་སྐད་ཆ་ཤོད་མི་ཆོག་ཅེས་བརྗོད་ཀྱིན་མེད། སྐད་ཆ་ཤོད་ཤེས་ཀྱིན་མི་འདུག ནོར་འཁྲུལ་བཟོ་གི་འདུག སྐད་ཆ་འདི་དང་འདི་ལྟ་བུའི་རྒྱལ་བ་རིན་པོ་ཆེའི་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་གི་ལས་དོན་ལམ་ལྷོངས་ལ་གནོད་སྐྱོན་བཟོ་ཡི་འདུག ཟམ་གདོང་རིན་པོ་ཆེའི་ཕྱག་ལས་དང་རྒྱ་རི་བློ་གྲོས་རྒྱལ་མཚན་གྱིས་སྣེ་ཁྲིད་པའི་སྐུ་ཚབ་ཚོའི་ཕྱག་ལས་ལ་བཀག་འགོག་བྱེད་ཀྱིན་འདུག་ཅེས་བརྗོད་ཀྱིན་ཡོད། མི་འགྱངས་བར་རྒྱ་ནག་གིས་ཁྱོད་ཚོའི་སྐད་ཆ་ལུང་འདྲེན་བྱས་ནས་ཕྱི་སྡོད་བོད་མིས་ཏཱ་ལའི་ཡུལ་གྱར་སྲིད་གཞུང་ལ་བརྩི་བཀུར་མེད་ཚུལ་གྱི་འཆལ་གཏམ་ཤོད་ཀྱི་རེད། དེ་དུས་ཁྱོད་ཚོ་དང་ཁྱོད་ཚོའི་གཏམ་ངན་དེ་ཚོ་དགྲ་བོའི་ལག་ཆ་ཆགས་ཚར་བ་རེད། བོད་མི་རིགས་དང་བོད་མི་རིགས་ཀྱི་ལོ་རྒྱུས་སྟེང་དུ་ནག་ཉེས་ཀྱི་རི་མོ་བྲིས་ཚར་དུས་འགྱོད་པ་རྟས་མི་ཟིན་པ་ཞིག་སྐྱེས་རྒྱུ་ལས་གང་ལུས་མེད།
བོད་དོན་ཆེད་འགྱོད་པ་རྟས་མི་ཟིན་རྒྱུ་ཞིག་བཟོ་མཁན་དེ་ཟམ་གདོང་བླ་མ་དང་འབྲེལ་ཡོད་ཁྱོད་ཚོ་རེད་མ་གཏོགས་ང་མ་རེད། མི་བཟང་ན་ཡང་བཟང་གི མི་དགའ་ན་ཡང་དགའ་མདོག མགོ་ཕྲུག ལྕེ་གནར། སྐེད་པ་སྒུར་བ་སོགས་དེ་སྔོན་གྱི་སྐུ་དྲག་ལམ་ལུགས་མི་ལོའི་བཅུ་ཕྲག་དུ་མའི་གོང་བསྡུ་གསོག་རྒྱབ་ཚར་བ་རེད། ཟམ་གདོང་བླ་མ་དང་ཁྱེད་ཚོར་ད་དུང་སྐུ་དྲག་ལམ་ལུགས་ལྟར་ཅི་གསུང་བཀའ་སྒྲུབ་དགོས་ཀྱིན་ཡོད་མོད། དེའི་དུས་ཚོད་དེ་ཡལ་ཚར་བ་རེད། དཔོན་གིས་ལས་བྱས་པར་མ་འགྲིག་ན། འབངས་ལ་མི་འགྲིག་གི་ཞེས་བཤད་རྒྱུའི་ཐོབ་ཐང་ཡོད་པ་རེད། དེ་མང་གཙོའི་ཁྱད་ཆོས་རེད། ད་མང་པོ་མི་བཤད། དོན་དག་མི་འདུག
རིག་པའི་རྡོ་རྗེ་འདི་ངོ་མ་སྙན་ངག་མེ་ལོང་ནང་གི་དཔའ་བའི་ཉམས་དང་འཇིགས་རུང་གི་ཉམས་སོགས་ལ་མཁས་པ་ཡོད་ས་རེད། ཡིན་ན་ཡང་སྙན་ངག་མེ་ལོང་འདི་རྩ་བ་ཆེན་པོ་གང་ཡང་མ་རེད། ཟམ་གདོང་རིན་པོ་ཆེས་རྒྱ་གར་ལ་སྙན་ངག་མེ་ལོང་མ་དང་མཚུངས་པའི་གཞུང་ཉི་ཤུ་སུམ་ཅུ་ཞིག་ཡོད་རེད། དེའི་ནང་ཡག་གྲས་ཤིག་ཀྱང་གང་ཡང་མ་རེད་ཅེས་གསུངས་འདུག
ཡིན་ན་ཡང་ཁྱེད་ཀྱིས་ཐོག་འཕེན་ས་དང་གྲི་གཡུག་ས་དེ་ནོར་སོང་བ་རེད། ཁྱོད་ཀྱིས་འདི་ལྟ་བུ་རྐྱང་རྐྱང་བྱས་ཡོང་དུས་ངས་སྨྲེ་ངག་འདོན་དགོས་བྱུང་བ་རེད། ཁྱོད་ཀྱི་ཐོག་དེས་ང་གཅིག་པོ་མ་གཏོགས་ཐལ་བར་མ་བརླགས་ན་སྐྱོན་ཆེར་མི་འདུག་ཀྱང་གཟབ་གཟབ་མ་བྱས་ན་མི་རིགས་རིག་གཞུང་རྩ་ལག་དང་བཅས་པ་རྩ་མེད་གཏོང་མཁན་རྒྱ་དམར་གྱི་ལག་ཆ་ཆགས་པའི་ཉེན་ཁ་འདུག་གོ།
ཟམ་གདོང་བླ་མ་བཀའ་ཁྲིར་འདེམས་ཐོན་བྱུང་བའི་ཉི་མ་དེ་རང་ལ། “རླངས་འཁོར་རྙིང་བ་ཞིག་གི་ཁ་ལོ་བ་བརྗེས་པ་ཙམ་རེད། ཞེ་དྲགས་བྱེད་རྒྱུ་ཡོད་པ་མ་རེད་”ཅེས་གསུངས་ཚར་བ་རེད། ད་ལྟ་བར་དུ་ཁ་ལོ་བ་འདིས་རླངས་འཁོར་འདིའི་རྣམ་པ་གསར་སྒྱུར་བྱེད་མ་ཐུབ་པ་རེད། ཐ་ན་རླངས་འཁོར་འདིའི་མེ་ཡང་སྦར་མ་ཐུབ་པ་རེད། ད་རླངས་འཁོར་འདི་གད་སྙིགས་ཀྱི་ཁྲོད་དུ་དབྱུགས་ནས་རླངས་འཁོར་གསར་བ་ཞིག་ཉོ་གི་ཡིན་ནམ། ཡང་ན་རླངས་འཁོར་བཟོ་བཅོས་རྒྱག་པའི་ལག་རྩལ་བྱང་དུ་ཆུབ་པའི་ཁ་ལོ་བ་གསར་བ་ཞིག་འཚོལ་གྱི་ཡིན། ང་ཚོ་ལ་གདམ་ཀ་མང་པོ་ཞིག་མཐོང་གི་མི་འདུག
རྣམ་དཔྱོད་གཡུ་ཡི་ཡལ་ག་རྒྱས་པའི་རྩེར།།
སྙིང་སྟོབས་སྤོབས་པའི་སྙེ་མ་གཡུར་ཟ་བ།།
བདེན་དོན་ཚིག་གི་འབྲས་བཟང་སྨིན་པ་ཅན།།
དྲ་གྲོགས་དཔག་བསམ་ལྗོན་པ་ཁྱེད་ལ་གུས།།
དྲ་གྲོགས་སྤོབས་པ་ལགས་སུ། གུས་འདུད་བཅས།
སྐུ་དྲགས་ལམ་ལུགས་ཀྱིས་བོད་འདི་ལོ་ངོ་བརྒྱ་ཕྲག་མང་པོར་རང་ས་རང་སྐྱོང་གིས་དབང་བསྒྱུར་བྱས་ཐུབ་པ་རེད། དེ་ཡང་འདུས་བྱས་ཡིན་སྟབས་རྒྱ་དམར་གྱི་བཙན་འཛུལ་འོག་ནས་འཐོར་ཞིག་སོང་བ་རེད། སྐུ་དྲགས་ཚོ་རྒྱལ་ཁབ་ཀྱི་དོན་དུ་སྟག་འཛུམ་དྲུག་ཉི་ལེ་ཤི་སོང་བ་ལ་འཕྱ་སྨོད་བྱེད་དགོས་མིན་མི་ཤེས་དེ་ཁྱོད་དང་ང་ལྟ་བུ་ཝ་རྔ་མ་ཤ་ལེར་འབྲོ་བཞིན་དུ་ད་དུང་རྟེའུ་བརྒྱགས་ན་མ་ལ་འཕྲ་ཁ་འགྲན་ནས་གཞུང་དང་དབུ་ཁྲིད་ལ་རྡོག་རྫིས་གཏོང་མཁན་ཚོ་ངོ་མ་ངོ་གནོང་དགོས་པ་ཞིག་རེད་ཡ།
སྤོབས་པ་དང་རིག་པའི་རྡོ་རྗེ་གཉིས་མདའ་ཁ་མདུང་ཁ་ཐུག་ནས་མེ་སྟག་ཁྲོམ་ཁྲོམ་བྱེད། དེ་རིང་ངས་ཟུར་དུ་ལྟད་མོ་བལྟ་གི་ཡིན།
ཕྱི་རུ་འཇམ་ཉེན་དར་ཀྱི་རེག་བྱ་ཅན། །
ནང་དུ་རྣོ་རྩུབ་མཚོན་གྱི་གདེངས་ཀ་ངོམ། །
དྲྭ་གྲོགས་གྲོད་པུའི་བརྟུལ་ཞུགས་འཛིན་པ་ཁྱོད། །
མི་གཙང་གཏམ་གྱི་གང་བུར་རང་ངོ་འཕྲོད། །
བདག་ལ་གུས་པའི་ངག་གིས་བཀུར་བའམ། །
རྩུབ་མོའི་ཚིག་གིས་གཤེ་ཡང་ཆོག་མོད་ཀྱིས། །
དགྲ་གཤེད་དབྱེ་བ་འབྱེད་པའི་རྣམ་དཔྱོད་ཀྱིས །
དབུལ་ན་ཁྱོད་ཉིད་དགྲ་བོའི་ལག་ཆ་ཙམ། །
རྒྱང་རིང་རྒྱ་མཚོའི་མུ་ཁྱུད་ཀྱིས་བསྐལ་ཡང། །
རིགས་ཞེན་གདུགས་དཀར་གཅིག་གི་གྲིབ་བསིལ་འོག །
རིགས་ཀྱི་མདུན་ལམ་གླེང་བའི་སྤྲོ་བ་འདིས། །
མཐོང་བའི་ལམ་གྱི་དགའ་བ་མོག་པོར་བྱས། །
དྲྭ་གྲོགས་རིག་པའི་རྡོ་རྗེ་ལ་ཕུལ།
དྲྭ་གྲོགས་ཚོ་དགོང་དག ད་རིག་པའི་རྡོ་རྗེ་བྲོས་སོང་བ་འདྲ། ངས་བསྒུགས་བསྡད་ཡོད་ཀྱང་ཁོ་ཡོང་རྒྱུ་མི་འདུག ད་ང་གྲོད་ཁོགས་ལྟོག་བྱུང་། ཐབས་ཚང་ནང་དུ་བཟའ་རྒྱུ་ཞིག་འཚོལ་བར་འགྲོ་གི་ཡིན། བདེ་མོར་བཞུགས། མྱུར་དུ་མཇལ་ཡོང་།
ངས་དེ་རིང་ལུག་ཤ་བཙོས་ཡོད། ཤ་མོག་མོག་ཀྱང་བཟོས་ཡོད། དེའི་ཐོག་གྲང་ཚལ་དང་ཤིང་ཏོག་ཡོད་ཡོད་པ་རེད། བརྒྱགས་དྲགས་ནས་དེ་རིང་སྐད་ཆ་ཞེད་དྲག་བཤད་ཐུབ་ཀྱི་མི་འདུག ཁྱེད་རང་འདིར་ཡོད་ན་ངས་སྐད་གཏོང་ཆོག་གི་རེད་དེ་ད་ཐབས་ཤེས་གཞན་མི་འདུག ཁྱེད་དེ་རིང་རིག་རྡོར་ཐོག་ངར་ལངས་སྟངས་ལ་བལྟས་ན་དངོས་གནས་གྲོད་ཁོག་ལྟོགས་པ་ཡིན་ས་རེད་གོ
དྲྭ་གྲོགས་རྣམ་པ་ལགས། རིག་པའི་རྡོ་རྗེས་ད་ནི་སྙིང་པོ་མེད་པས་འགྲོ་རྒྱུ་ཡིན་ཟེར་ཕྱིན་སོང་། སྤྱིར་བཏང་སྙིང་པོ་ཡོད་མེད་ཀྱི་ངོས་ནས་བཤད་ན་འདི་ལས་སྙིང་པོ་ཆེ་བ་ཞིག་གང་ན་ཡོད། བོད་མི་ས་ཡ་དྲུག་གི་གནད་དོན་དང་འབྲེལ་བའི་སྐོར་ཞིག་རེད། དེ་ལ་སྙིང་པོ་མེད་པ་ཤེས་ཡོད་ན་དང་པོ་ནས་བརྗོད་གཞི་འདིའི་སྟེང་དུ་ཅིག་མང་པོ་ཞིག་བཤད་འདུག་མཁན་དེ་རིག་པའི་རྡོ་རྗེ་ཁོ་རང་རེད། དེ་རིང་གི་དྲྭ་ངོས་འདིར་རིག་པའི་རྡོ་རྗེས་བྱེད་སྟངས་དེས་སྤྱིར་བཏང་བོད་མི་ཕལ་མོ་ཆེའི་གཤིས་ཀ་ཞིག་མཚོན་གྱིན་འདུག བོད་མི་ཕལ་མོ་ཆེས་རང་གི་གང་ཞིག་མགོ་བཙུགས་པ་དེ་མཇུག་མ་འཁྱོལ་ན་གཞི་ནས་ངེས་འབྱུང་སྐྱེས་མདོག་དང་སྙིང་རྗེ་སྐྱེས་མདོག་བྱས་ནས་སྙིང་པོ་མི་འདུག་ཅེས་མིག་ཟུམ་ཟུམ་དང་མཆི་མ་ཁྲོམ་ཁྲོམ་བྱས་ནས་ང་ཆབ་སྲིད་ལ་དགའ་བོ་མེད་ཅེས་ལས་ཀ་མཚམས་འཇོག་བྱེད་ཀྱི་རེད། རང་གི་ལས་ཀ་དེ་ལམ་ལྷོངས་ཡོང་ན་མི་གསོན་པོའི་མགོ་གཅོད་དགོས་ན་ཡང་ཐོགས་པ་མེད་པ་རེད། དེ་བཞིན་བོད་མི་ཕལ་མོ་ཆེས་རང་གི་གང་བརྗོད་དེར་མངོན་པར་བསྟོད་པ་ཕུལ་ས་ཞིག་ནས་རྫོགས་རྒྱུ་མེད་པ་ཞིག་བཤད་རྒྱུ་ཡོད་རེད། རང་གི་གང་བཤད་པ་དེ་ལ་དོགས་སློང་དང་དགག་བཞག་བྱེད་ས་ཞིག་ཡིན་ན་བཟུར་ནས་འགྲོ་གི་རེད། དེ་རིང་གི་བགྲོ་གླེང་འདིས་ངའི་ཡིད་ཚིམ་མ་སོང་། ངའི་དྲི་བ་མང་པོ་ཞིག་ལ་རིག་པའི་རྡོ་རྗེས་ལན་བརྒྱབས་མི་འདུག བདེན་མིན་ཁྱེད་ཚོར་དུས་ཚོད་ཡོད་ན་ངེད་གཉིས་ཀྱི་གཏམ་ཉོག་འདིར་ཞིབ་གཟིགས་ཤིག་མཛོད་དང་།
སྤོབས་པ་ལགས།
ང་ལ་བོད་ཀྱི་སྐད་ཡིག་གི་འགྲོ་ལུགས་སམ་བརྡ་སྤྲོད་པའི་སྐོར་གྱི་དྲི་བ་ཞིག་ཡོད།
ཁྱེད་ཀྱིས་དགོངས་ཚུལ་ལྟར་ལན་བསྐྱོན་ན་འགྲིག་གམ།
དེང་གི་ཆར་བོད་ཀྱི་དུས་བབ་ཀྱི་ནང་གསར་འགོད་པས་བཅར་འདྲི་ཁག་ཡིག་ཐོག་ཏུ་འགོད་སྐབས།
དཔེར་ན།སྔར་དུས་བབ་དང་ཤེས་བྱ་དུས་དེབ།༸རྒྱལ་བའི་བཀའ་སློབ་སྒྲ་ཕབ་འཁོར་ཐག་ནས་ཡིག་ཏུ་ཕབ་པའི་རིགས་ཚང་མར་དཔེར་ན།ཕན་གྱི་རེད།བསྐུར་གྱི་ཡོད།འགུལ་གྱི་འདུགགནོད་ཀྱི་ཡོད།བཏབ་ཀྱི་ཡིན།དེར་ཕྱོགས་ཀྱི་ཡོད།ལྟ་བུའི་རིགས་ལ་དེང་དུས་གཅིག་གྱུར་གྱིས་ཕན་གི་རེད།བསྐུར་གི་ཡོད།འགུལ་གི་འདུགགནོད་གི་ཡོད།བཏབ་གི་ཡིན།དེར་ཕྱོགས་གི་ཡོད་ལྟ་བུར་འཇིག་རྟེན་གྲགས་པའི་རྗེས་སུ་འབྲངས་པར་བརྩིས་ཏེ་དེ་ལྟར་སྦྱོར་ཚུལ་ཞིག་རིམ་པར་ཁྱབ་བརྡལ་དུ་གཏོངབཞིན་འདུག་ལ།དེའི་ཐད་ཁྱེད་ལ་དགོངས་ཚུལ་ཅི་ཞིག་ཡོད་དམ།
སྒྲ་སྦྱོར་ལྟར་བྲིས་ཚེ་དགེ་སྐྱོན་གང་ཡོད་དང་།
དུས་བབ་ཀྱི་ལུགས་ལྟར་བྲིས་ན་དགེ་མཚན་གང་ཡོད་མེད་དགོངས་ཚུལ་ཞིག་གསུངས་རོགས།
འདི་དྲ་གྲོགས་གཞན་རྣམས་ལ་ཡང་གླེང་གཞིར་ཕུལ་བ་ཡིན་ལགས།
སྤོབས་པ་ལགས།
ངས་ཁྱེད་ལ་དྲ་ཐོག་ནས་དྲི་བ་ཞིག་འབུལ་བར་འདོད།
ཁྱེདཀྱི་དགོངས་ཚུལ་ལྟར་ལན་འདེབས་གནང་རོགས།
སྔོན་ནས་དུས་དེ་རིང་གི་བར་བཙན་བྱོལ་གྱི་ནང་གི་གསར་ཤོག་ཁག་དང་།ཤེས་བྱ་དུས་དེབ་སོགས་ཀྱི་ནང་བཅར་འདྲིའི་རིགས་ཀྱི་དྲི་བ་དྲིས་ལན་གྱི་ནང་།
དཔེར་ན།ཕན་གྱི་རེད།བྱེད་ཀྱི་ཡོད།བསམ་གྱི་འདུགའབྱོར་གྱི་རེད།འགུལ་གྱི་འདུགབཤད་ཀྱི་རེད།འཇོན་གྱི་མ་རེད།བཅངས་ཀྱི་འདུགཤེས་ཀྱི་མི་འདུག་ལྟ་བུའི་རིགས་བེད་སྤྱོད་གཏོང་རྐྱང་གནང་འདུག་ཀྱང་།
དེང་གི་དུས་བོད་ཀྱི་དུས་བབ་ཀྱི་ནང་དེ་དག་གི་ཚབ་ཏུ་དཔེར་ན།
བྱེད་གི་ཡོད།བསམ་གི་འདུགའབྱོར་གི་རེད།འགུལ་གི་འདུགབཤད་གི་རེད།འཇོན་གི་མ་རེད།བཅངས་གི་འདུགཤེས་གི་མི་འདུག་ལྟ་བུར་བེད་སྤྱོད་གཏོང་བཞིན་འདུག་ལ།དེ་ནི་འཇིག་རྟེན་གྲགས་པ་དང་བསྟུན་ཏེ་བརྗོད་བདེ་ཡིན་ཁུལ་མཁས་པ་ཁག་ལ་བཅར་འདྲི་གནང་སྟེ་བེད་སྤྱོད་གཏན་འབེབ་གནང་སྐོར་གསུངས་འདུག
དེ་ནི་རྒྱུ་མཚན་ཙམ་ཡིན་ཡང་སྒྲ་སྦྱོར་དང་གོང་འཁོད་དཔེ་མཚོན་ལྟ་བུ་སྒྲ་སྦྱོར་དང་བསྟུན་ན་དགེ་སྐྱོན་གང་ཡོད་མེད་དང་།དུས་བབ་ལུགས་ལྟར་བྲིས་ཚེ་དགེ་མཚན་གང་ཡོད་སྐོར་ལན་འདེབས་ཤིག་གནང་རོགས།
ང་ནི་དྲ་སྤྱོད་པ་གསར་པ་ཞིག་ཡིན་ལ།བོད་ཡིག་ཁོ་ནས་རང་ཁ་གསོ་བའི་མི་ཕྱེད་ཀ་ཞིག་ཡིན།
སྤོབས་པ་ལགས་དེ་དོན་ཡིད་འཇགས་ཡོད་པ་ཞུ།
བསེ་རུ་ལགས། ང་རང་ཉིད་ཡིན་ན་ཡུལ་སྐད་ཉི་ཚེ་བ་དང་བསྟུན་ནས་འབྲི་སྲོལ་འདི་ལ་ཧ་ཅང་སྐྲག་མཁན་ཞིག་ཡིན། དེང་དུས་སུ་འབྲུག་གི་རྫོང་ཁ་ཞེས་པའི་སྐད་དང་ལ་དྭགས་ཀྱི་ཕལ་སྐད་གཉིས་པོ་ཡིག་ཐོག་ལ་འབྲི་སྲོལ་བྱུང་ཚར་བ་རེད། དེ་གཏན་འབེབས་ལེགས་པོ་ཞིག་ཡོང་བར་ད་དུང་དུས་ཡུན་རིང་པོ་འགོར་རྒྱུ་ཡིན་ཐོག་སྔར་ཡོད་བཀའ་བསྟན་གཙོས་པའི་རིག་གཞུང་ཁག་ཀྱང་དེ་དང་བསྟུན་པའི་གསར་བཅད་རེ་བྱ་མ་ཐུབ་ན་དེ་ལས་ཀྱང་ཉེན་ཁ་རེད། རང་རེའི་དུས་བབ་ལྟ་བུ་ཚོས་ཀྱང་བཀའ་བསྟན་ནས་དབུ་བརྩམས་ཏེ་སྐད་གསར་བཅད་ལྟ་བུའི་ལས་འགུལ་གཞི་རྒྱ་ཆེ་ཙམ་རེ་སྤེལ་མ་ཐུབ་ན་དེ་ག་ཙམ་དུ་ཁྲིམས་མེད་ལུགས་མེད་ཀྱི་ཟློས་གར་འཁྲབ་རྒྱུ་མང་ན་བླ་རྒན་འཕྱི་དགའ་ཆེ་བས་གསེར་སྐུ་རག་ལ་འགྱུར་བའི་ཉེན་ཁ་ཡོད་ངེས་རེད་སྙམ། ཐབས་སྡུག་པོ་ཞིག་ལ་ང་རང་གིས་ཀྱང་མཚམས་རེར་ཨ་མཚར་དུ་ཁ་སྐད་སྟེང་ནས་འབྲི་ཤོར་གྱིན་འདུག
ཁྱེད་ཀྱིས་བོད་ཡིག་ལ་བརྟེན་ནས་རང་ཁ་གསོ་བཞིན་ཡོད་ལུགས་ཐོས་པས་སྤྲོ་བ་འཕེལ། ང་ལ་མཚོན་ན་བོད་ཡིག་ལ་བརྟེན་ནས་རུའུ་པུས་གཅིག་གི་ཡོང་སྒོ་ཡང་ཐོབ་ཀྱིན་མེད་མོད་བོད་ཡིག་འབྲི་ྐློག་ནི་ཉི་མ་གཅིག་ལ་མཚམས་འཇོག་བྱ་དགོས་ཀྱང་སེམས་པ་ཕམ་གྱིན་འདུག
སྤོབས་པ་ལགས།
ངས་ཐེངས་དང་པོར་ཁྱེད་ཉིད་ལྷན་དུ་གླེང་མོལ་གྱི་འགོ་བཙུགས་པ་འདི་རྒྱུན་མཐུད་ནས་གནས་རྒྱུར་ཡིད་ཆེས་ཡོད།ངས་ཧི་ཡིག་བེད་སྤྱོད་བྱེད་སྐབས་ང་ལ་དཀའ་ངལ་ཞིག་ཡོད་པ་ནི་ཚིག་གི་གཅོད་མཚམས་སུ་བར་སྟོང་ཞིག་འཇོག་དགོས་པ་དེའི་མཛུབ་གནོན་རྙེད་ཀྱི་མི་འདུག།བར་སྟོང་དེ་མཛུབ་སྟོན་གང་ཞིག་མནན་དགོས་སམ།
ལམ་སྟོན་ཞིག་གནང་རོགས།
སྤོབས་པ་མཐའ་ཡས་བསེ་རུ་ལྷན་ཅིག་ཏུ།།
ཁ་བརྡ་དྲ་རྒྱའི་ནང་ནས་ལན་ཅིག་འཕྲད།།
བདེ་སྡུག་ཚོར་བའི་བྲོ་བ་གླེང་བཞིན་དུ།།
སྐད་ཡིག་བླ་སྲོག་སྐྱོབས་པའི་ལས་འབུངས།།
རིག་པའི་རྡོ་རྗེ་ལགས།ཟམ་གདོང་བླ་མ་ལ་བྱས་རྗེས་དང་ནག་ཉེས་གང་ཆེ་ལ་གཟིགས་ཏེ་གླེང་ན་མི་དགའ་འམ།ཁོང་ནི་བོད་རྒྱ་ཆེའི་མི་མང་གིས་འདེམས་པའི་ང་ཚོའི་དབུ་ཁྲིད་ཅིག་རེད།
གལ་ཏེ་ཁྱེད་ཉིད་ཟམ་གདོང་བླ་མའི་ཆོས་སྲིད་ཀྱི་མཁྱེན་ཡོན་ལྟ་བུ་ཡོད་ཅིང་།དེའི་གོ་སར་སླེབས་ཡོད་ན་སྐབས་དེའི་ཁྱེད་ཀྱང་བོད་དོན་ཆེད་འགྱོད་པ་རྟས་མི་ཟིན་པ་ཞིག་བཟོ་མཁན་དེར་འགྱུར་སྲིད་པ་ཡིན།
ད་ལྟ་བོད་དོན་ཆེད་འགྱོད་པ་རྟས་མི་ཟིན་པ་ཞིག་བྱུང་ཡོད་དམ།
ང་དགུ་ལོ་ནས་འགྱོད་པ་རྟས་མི་ཟིན་པ་བྱུང་ཚར་བ་རེད།
ད་ལྟའི་ལྟ་གྲུབ་དབུ་མའི་ལམ་ཡིན་པའི་རྒྱུ་མཚན་གྱིས་འགྱོད་དགོས་པ་ཡིན་ན་ནི་དེ་ནི་བོད་མི་སྤྱི་ཡོངས་ཀྱིས་བཟོས་ཟིན་པར་བསམ་དགོས་པ་མ་རེད་དམ།
བསེ་རུ་དེ་ལས་སླ་བོ་རེད། Openoffice.org 3.0 ཁྱེད་རང་གི་གློག་ཀླད་ནང་མར་བཤུས་ནས་དེ་བེད་སྤྱོད་ཐོངས་དང་འགྲིག་འགྲོ་གི་འདུག ཚོད་ལྟ་བྱོས༎
དཀའ་ངལ་དེ་སེལ་ཐབས་གཞན་པ་ཡོད་སྲིད། Openoffice.org 3.0 འདི་ཕབ་བཤུས་བྱས་ཀྱང་ཕན་མ་ཐོགས་ན་ངས་མི་ཤེས། གླེན་པ་ལུག་དང་དུས་བབ་ནང་གི་བསོད་དེ་ལ་དྲིས།
དགོངས་དག་བསེ་རུ་མི་གསར་བ་ཡིན་པས་ཨ་གསར་བྱས་ནས་མང་པོ་བྲིས་པ་མིན་ཡང་། འབྲེལ་བ་འདུག་པས་བཤད་དགོས་བྱུང་། ཁྱེད་ཀྱིས”གི”སྐོར་དྲིས་འདུག ངས་ཀྱང་ཐེངས་ཤིག་རྩོམ་སྒྲིག་པ་ལ་དྲི་བ་བཏོན་མྱོང་། ང་ཚོའི་སྐད་ཆ་དེ་ཚོ་དུས་བབ་ཀྱི་བཅར་འདྲིའི་ནང་ཡོད། ༢༠༠༨།༩།༢༤ ལ་སྤེལ་བའི”རང་ཐག་རང་གཅོད་ལས་ལྷག་མི་འདུག”ཅེས་པ་དེའི་མཇུག་མཆན་ཐེངས་གཅིག་ཀློག མ་ཟད་ངས་བོད་ཡིག་ནང་དབྱིན་ཡིག་གི་རྟགས” “བེད་སྤྱོད་གཏོང་དུས་བོད་ཡིག་གི་ཚེག་ཐིག་མེད་པར་རྟགས་དེས་ཚེག་གི་གོ་ཡང་ཆོད་པ་བྱེད་ཀྱི་ཡོད་ལ་དེ་གང་འདྲ་མཐོང་སོང་། དཔེར་ན་”གི་”དང་ཡང་ན”གི”གང་ཡག་འདུག དེ་མིན་གི་ཡིག་གི་འགྲམ་པ་གཉིས་ལ་ཚེག་ཐིག་དྲུག་ནག་རོབ་བེ་བྲིས་པ་དགོས་པ་མ་མཐོང་།
“གི”
གང་ལྟར་ང་ནི་འབྲི་སྟངས་འདི་ལ་མོས་ཞིང་། དེ་ལྟར་འབྲི་བཞིན་ཡོད།
མ་གྲོས་བསམ་པ་གཅིག་མཐུན་རེད།
ཨོ་རེད། ད་ཚང་མས་དེ་ལྟར་འབྲི་ཐུབ་ན་འགྲིགས་སོང་བ་རེད། ཡིན་ན་ཡང་ཚོགས་ཤུལ་ནོར་བསྟན་གྱིས་སའི་ཡང་འཇུག་དོར་བ་ལྟར་ཁེ་ལས་ཉེན་ཆེ་བ་རེད་སྙམ།
ང་ཚོས་དྲ་རྒྱ་བེད་སྤྱོད་ཀྱིས་བོད་ཕྱི་ནང་གཉིས་ཀྱི་ལས་དབང་ལ་བསྒྱུར་བཅོས་གཏོང་ཐུབ་པར་སྨོན།
ང་ནི་མི་ཁོམ་པའི་གནས་སུ་སྐྱེས་སྟབས་དྲ་རྒྱ་བེད་སྤྱོད་དེ་ཙམ་གཏོང་ཐུབ་ཀྱི་མི་འདུག
དྲ་གྲོགས་ཚོར་དགོངས་དག་ཞུ།
དུས་རབས་ཉེར་གཅིག་བོད་ཡིག་ལས་དབང་དེ།།
ཚན་རིག་ལག་རྩལ་ལྷན་དུ་འགྲོགས་བཞིན་དུ།།
བོད་མིའི་བླ་སྲོག་མི་ཉམས་གོང་འཕེལ་ཆེད།།
ཡོད་ཚད་ཆ་ལག་ཚང་བར་སྨོན་ལམ་འདེབས།།
ཞི་བདེ་རེ་བའི་འཇིག་རྟེན་འགྲོ་བ་ཀུ།།
སེམས་ཀྱི་གཏིང་ནས་སྒོ་གསུམ་ཕྱག་བྱེད་ཅིང།།
བྱམས་བརྩེས་དབང་བའི་བསྟན་འཛིན་རྒྱ་མཚོ་ལ།
གུས་པའི་སྙིང་ནས་གུས་ཤིང་བདག་ཕྱག་འཚལ།།
དང་པོ་ཕྲན་དྲ་ཁུང་འདི་ནང་འཛུལ་དགོས་དོན་བོད་ཀྱི་་བསྟན་སྲིད་ལ་གནོད་པའི་མི་སྣ་ཁག་ཞིག་ངོ་སྤྲོད་དང་དྲ་རྒྱ་འདིའི་ནང་ངོ་སྤྲོད་དང་ངར་ཉིན་ལ་བོད་ཡིག་དང་བོད་དོན་་ཐོག་ཕྲན་བའི་མཐོང་རྒྱ་ཆེ་རུ་འགྲོ་
ཆེད་དུ་ཡིན་