ཤིང་ནགས་མེ་ཏོག
ཆེས་རྒན་པའི་རྨོ་རྨོ་ཞིག་གིས་ཁྱེད་ལ་སྒོར་མོ་སྟེར་རོགས་ཟེར་སྐབས་ཁྱེད་ཀྱིས་རྣམ་འགྱུར་གང་འདྲ་ཞིག་སྟོན་ནམ། ཁྱེད་ཀྱིས་རྨོ་རྨོའི་སྐྱོ་གདུང་ལ་དམིགས་ཏེ་སྒོར་མོ་དུ་སྤྲོད་ཀྱི་ཡོད། ཁྱེད་ཀྱིས་ཕངས་སེམས་སྐྱེས་ཏེ་ཚིག་ངན་སྨྲ་ཡི་ཡོད་དམ། ཡང་ན་ཁྱེད་ཀྱིས་སུན་སྣང་མེད་པའི་ཆེད་སྒོར་འདྲ་སྤྲོད་ཀྱི་ཡོད་དམ། མདོར་ན་ཕ་རོལ་པོ་ནི་ཁྱེད་ལས་ཞན་པའི་གང་ཟག་ཅིག་ཡིན་སྟབས་ཁྱེད་ཀྱིས་ངེས་པར་དུ་བསམ་གཞིགས་བྱ་དགོས། རྒྱུ་མཚན་ནི་གལ་ཏེ་ཁྱེད་ཕ་རོལ་པོའི་ས་ཆར་ཡོད་ན་ད་གཟོད་ཁྱེད་ལ་སྡུག་བསྔལ་ཇི་ཙམ་ཞིག་ཡོད་དམ། ཁྱེད་ཀྱིས་ཕ་རོལ་པོས་ཁྱེད་ལ་བཅངས་པའི་རེ་བ་དེ་ཚོར་ཨེ་མྱོང་། ཁྱེད་ནི་ཕ་རོལ་པོའི་ཉིན་གཅིག་གི་སྲོག་སྐྱོབ་དྲིན་ཆེན་དེ་ཡིན་པ་དུས་ནམ་ཡང་ཚོར་ཨེ་མྱོང་། ཁྱེད་ཀྱིས་ཕ་རོལ་པོའི་གྲོད་ཁོག་སྟོང་པ་དེ་དང་ཟ་འདོད་ཀྱི་རྣམ་པ་དེ་ཚོར་ཐུབ་བམ།
མདོར་ན་ཁྱེད་ནི་ཕ་རོལ་པོའི་སྲོག་སྐྱོབ་དྲིན་ཆེན་དེ་ཡིན། ཁྱེད་ལ་སྒོར་མོ་བཅུ་ཡི་རིན་ཐང་ནི་མངར་ཆུ་ཞིག་ལས་མེད་ཀྱང་སྤྲང་པོ་དེ་དག་གི་མི་ཚེའི་ནང་སྒོར་མོ་བཅུ་ནི་ཉིན་གཅིག་གི་གྲོད་ཁོག་བསྐང་བྱ་དེ་ཡིན། ཁྱེད་ལ་ད་ལྟ་སྒོར་མོ་མེད་ཀྱང་དུས་གསུམ་གྱི་ཞལ་ལག་ནི་ཁྱེད་ལ་མཁོ་བ་མ་ཟད་ག་དུས་ཟ་འདོད་ཀྱང་ཟ་ཆོག་ཆོག་རེད། ཡིན་ནའང་སྤྲང་པོ་དེ་དག་ནི་དེ་ལས་ལྡོག་སྟེ་སྒོར་མོ་བཅུ་ལས་དུས་གསུམ་གྱི་ཟས་རྣམ་འགྲུབ་ཀྱིན་ཡོད་པ་མངོན་གསལ་རེད། ཁོང་ཚོར་ཉིན་གཅིག་ནང་ཚོང་པས་ཚོང་རྒྱག་པ་བཞིན་ཁེ་བཟང་ཟ་རྒྱུ་མེད་ལ་བུ་ལོན་གཡར་ས་དེ་བས་མེད། ཁོང་ཚོ་ནི་ཁྱེད་ལ་བློ་གཏད་བཅོལ་མཁན་་ཞིག་ཡིན་པས་ཁྱེད་ཀྱིས་ཕན་ཐོགས་ནུས་སམ།
ཕྱོགས་གཞན་ཞིག་ནས་བཤད་ན་ཁོང་ཚོ་ནི་ཁྱེད་ཀྱིས་སྙིང་རྗེ་སྒོམ་ཡུལ་དང་སྙིང་རྗེ་སྐྱེ་སའི་རྒྱུ་གཙོ་བོ་དེ་ཡིན་པ་གདོན་མི་ཟ། ཁྱེད་ཀྱིས་དགེ་བ་ཕུན་སུམ་ཚོགས་པ་བསག་འདོད་ན་ཁོང་ཚོ་ཁྱེད་ལ་གོ་སྐབས་གནང་མཁན་ཤ་སྟག་ཡིན་པ་ལས་ཁྱེད་ཀྱི་རྒྱུ་ནོར་བཅོམ་མཁན་མིན། གལ་ཏེ་རྣམ་པ་ཚོས་དེ་ལྟ་བུའི་ཀུན་སློང་ཡག་པོ་ཞིག་འཁྱེར་ཏེ་སྦྱིན་པ་གཏོང་བ་ཡིན་ན་དགེ་བ་རླབས་ཆེན་ཞིག་ཡོད་པ་དང་ནང་པའམ་ཆོས་པ་ཞིག་གི་དགོས་དོན་སྙིང་པོ་དེ་བསྒྲུབས་པ་རེད།
དེར་བརྟེན་ཁྱེད་ཅག་ནས་ཤེས་རྨོངས་ངས་བྲིས་པའི་ཡིག་ཚོགས་ལ་གཟིགས་ཏེ་སྤྲང་པོར་དགའ་བའི་རྣམ་འགྱུར་ཞིག་སྟོན་་ཚེ་ངས་མཚན་མོ་གཉིད་མེད་དུ་བྲིས་པའི་རྩོམ་འདིའི་དམིགས་ཡུལ་འགྲུབ་སོང་། གལ་ཏེ་འདི་རུ་དོན་མེད་ཀྱི་གཏམ་ཞིག་བྲིས་འདུག་བསམ་ན་ངེས་པར་དུ་གུས་པར་སྙིང་རྗེ་ཏོག་ཙམ་ཞིག་བསྒོམ་པར་རེ། གང་ཡིན་ཟེར་ན་ངས་ཀུན་སློང་ཡང་དག་ཅིག་བསམ་པ་མ་གཏོགས་མིང་དང་དོན་གྱི་ཆེད་བྲིས་པ་མིན། བྱས་ཙང་གུས་པར་རྒྱབ་སྐྱོར་ཡོང་བར་སྨོན་འདུན་གྲངས་མེད་ཟློ་བཞིན་མཆིས་སོ།
༢༠༡༣།༠༥།༣༠འི་དགོང་མོར་བྲིས།
ནང་པ་བཟང་བོ་ཞིག་བྱེད་འདོད་ན་འདྲིའི་སྨིན་པ་ལ་མི་བསམ་པར་དགེ་སྦྱོར་བྱེད་དགོས་པ་གོ་སོང་།
སྦྱིན་པ་ནི་སྙན་གྲགས་རྒྱས་པའི་སྒོ་ཆེན་ཡིན།
སྦྱིན་པ་ནི་གཉེན་ཉེ་འཁོར་བའི་སྦྲང་རྩི་ཡིན།
སྦྱིན་པ་ནི་རང་ཡིད་ཚིམ་པའི་བཟའ་གཏུང་ཡིན།
སྦྱིན་པ་ནི་གཏེར་སྒོ་འབྱེད་པའི་་ལྡེ་མིག་ཡིན།
སྦྱིན་པ་ནི་སེར་སྣ་འཇོམས་པའི་སྟ་རེ་ཡིན།
སྦྱིན་པ་ནི་གཞན་ལ་བཅོལ་བའི་རང་ནོར་ཡིན།
སྦྱིན་པ་ནི་མི་ཚེའི་དོན་གོ་གཅོད་ས་ཡིན།
ད་དུང་མང་།
འ་རོ། གང་ཞིག་ནས་བསྒྱུར་ཡོང་བ་ཡིན་ནམ། བསྒྱུར་རྩལ་ཡག་གི
༄༅། ཁ་བརྡའི་སྨྱུག་གྲོགས་ཚོས་བདག་གི་ཡིག་ཚོགས་དུམ་བུར་དེར་མཆན་བཏབ་པར་ཐུགས་རྗེ་ཆེ་གྲངས་མེད་ཞུ། གུས་པས་རང་ཉིད་སེམས་ཧ་ཅང་སྐྱིད་པའི་ཉིན་མོ་ཞིག་གཅེན་པོའི་ཤག་ཏུ་གློ་བུར་དུ་གློག་ཀླད་ནང་བྲིས་པ་ཞིག་ཡིན། རྩོམ་སྒྱུར་བྱས་པ་རྩ་བ་ནས་མིན།།
ཤིང་ནགས་མེ་ཏོག་ནས།།
སྦྱིན་པས།
སྦྱིན་པས་ལོངས་སྤྱོད་རྒྱས་པ་དང་། །
སྦྱིན་པས་སྙན་གྲགས་རྒྱས་པར་གྱུར། །
སྦྱིན་པས་སེར་ན་འཇོམས་པ་དང་། །
སྦྱིན་པས་དགྲ་བོ་ཟིལ་གནོན་གྱུར། །
སྦྱིན་པས་གཉེན་རྣམས་དགའ་བ་དང་། །
སྦྱིན་པས་སྤྲང་པོ་དགའ་ནས་འཁོར། །
སྦྱིན་པས་དངུལ་བཅོལ་བྱས་དང་མཚུངས། །
སྦྱིན་པས་ཕྱི་མར་བཅོལ་དང་མཚུངས། །
སྦྱིན་པས་སྤྱི་དོན་སྒྲུབ་ལ་མྱུར། །
སྦྱིན་པས་ལས་འགུལ་རྩོམ་ལ་ཕན། །
སྦྱིན་པས་ནོར་གསོག་བྱེད་གོ་ཆོད། །
སྦྱིན་པས་མི་ལུས་སྐྱེས་གོ་ཆོད། །