རྡོ་རྗེ་རིན་ཆེན།
ཚེ་སྔོན་ལས་ཀྱིས་ཉེ་བར་བཅིངས་པ་ཡིས། །
བློ་ལྡན་སྐལ་བཟང་ཚོགས་རྣམས་གང་དག་གི། །
ཡེ་ཤེས་རྣམ་རིག་འདབ་མ་རྒྱས་པ་ལ། །
དྲིན་ཅན་མི་ཡི་རྗེ་བོ་དམ་པའི་དྲུང་། །
འདི་ན་ཁྱེད་ཀྱི་མཁྱེན་རབ་འོད་ཟེར་གྱིས། །
ལེགས་པར་བསྐྱངས་ཀྱང་འདི་ཕྱི་གཉིས་མེད་པ། །
བཛྲ་རཏྣའི་མིང་གིས་བསྙད་པ་དེས། །
ཁྱོད་ཞབས་སྤྱི་བོས་བླངས་ཏེ་མཆིད་འདི་གསོལ། །
དྲི་ཟའི་རྒྱུད་མངས་དཔལ་ལ་ཅོ་འདྲི་བའི། །
ལེགས་སྐྱེས་སྙན་ཚིག་མ་ལི་ཀ་ཡི་ཕྲེང་། །
ངེད་ཅག་བུ་སློབ་མགྲིན་པའི་མཛེས་རྒྱན་དུ། །
བསྟབས་འདི་ཨེ་མ་རྨད་བྱུང་སྐལ་བ་བཟང་། །
གངས་ལྗོངས་ཆོས་སྲིད་སཱ་ལའི་ནགས་ཀྱི་ཚལ། །
དུས་འགྱུར་བདུད་ཀྱི་འཐོར་རླུང་ནག་པོའི་འགྲོས། །
མི་མངོན་དབྱིངས་སུ་བདས་པའི་མཚམས་དུས་འདིར། །
ཁྱེད་ཀྱི་ལེགས་མཛད་སྐུ་དྲིན་གཞལ་དུ་མེད། །
ལོ་ཀེ་ཤྭ་ར་དགེ་སློང་གཟུགས་ཅན་དུ། །
གངས་ལྗོངས་ལུགས་གཉིས་མཛད་ཁུར་སྐྱོང་བའི་དུས། །
མི་དབང་ཁྱེད་ཀྱི་བཀའ་ཡི་བློན་པོའི་ཁྲོད། །
བསྟན་སྲིད་བྱ་བའི་མཛད་རྗེས་རྨད་བླ་ན་མེད། །
སྙིགས་མའི་དུས་འདིར་ཆེན་པོར་བསྙད་རྣམས་ཀྱང་། །
ཕྱོགས་དང་རིས་ཀྱི་དྲ་བར་ཚུད་ནས་འདུག །
རིས་མེད་སྤྱི་ལ་སེམས་པའི་དཔལ་མངའ་བ། །
མི་དབང་ཁྱེད་ནི་དང་པོའི་དཔེ་མཚོན་ནོ། །
འཆད་རྩོད་རྩོམ་ལ་ཐོགས་པ་མི་མངའ་ཞིང་། །
ཆོས་སྲིད་ཟུང་ལ་མཁྱེན་རྒྱ་ཆེ་བ་ཡི། །
གཟུ་བོར་གནས་ཤིང་བྱམས་པའི་བརྩེ་ལྡན་ཁྱེད། །
ཕྱི་རབས་པ་ཡི་མིག་ལྟོས་ཅི་མ་ཡིན། །
སྐྱེས་ནས་རྒས་འགྱུར་འདུས་བྱས་རང་བཞིན་ཡང་། །
འགྱུར་མེད་རྟག་གནས་མི་དབང་ཁྱེད་ཉིད་ཀྱིས། །
གངས་ལྗོངས་ཆོས་རིག་ཉམས་པ་སོར་ཆུད་དང་། །
མི་ཉམས་གོང་སྤེལ་ལེགས་རྗེས་ཟུབ་ཏུ་མེད། །
འདི་ན་ལུས་ཀྱི་ཟོ་མདོག་བདེ་བའི་མུར། །
ཁྱེད་ཅག་ཆེན་པོ་རྣམས་ཀྱི་ཐུགས་རེ་ལྟར། །
རིག་པའི་ནུ་ཞོ་འཐུང་བའི་གཞོན་རབས་ཚོར། །
བསླབ་པའི་གནས་ལ་བརྩོན་པ་བྲེལ་ནས་ཡོད། །
ད་ནི་བརྗོད་བྱའི་གཏམ་གྱི་སྙིང་པོ་གང་། །
མི་དབང་གསུང་གི་གླུ་ཡི་དབྱངས་སྙན་མོ། །
མཇལ་བའི་ཚེ་ན་དབང་མེད་སྤྲིངས་པའི་ལན། །
འདི་ལྟར་ཐལ་ལ་འགལ་མེད་གནང་པ་སྩོལད། །
ཅེས་ནོར་གླིང་མཐོ་སློབ་སྐབས་དང་པོའི་སློབ་བུ་གྱི་ན་པ་རྡོ་རྗེ་རིན་ཆེན་མིང་ཅན་པས་བོད་རྒྱལ་ལོ་ ༢༡༤༤ རབ་གནས་ མེ་བྱ་དབོ་ཟླ་བའི་ཡར་ངོའི་བཟང་པ་གཉིས་པ་རེས་གཟའ་ལྷག་པ་ལྷག་དཀར་དགེ་བའི་ཉིན་ལ་གུས་ཕུལ།
ཟུབ་ ཟེར་ན་ཅི་རེད།
རྡོ་རྗེ་རིན་ཆེན་མཆོག་གི་སྡེབས་སྦྱོར་ལེགས་ཤིང་། ཚིགས་བཅད་རྣམས་ཀློག་སྙིང་འདོད་པར་མཆིས།
འདིར་ཚིག་རྐང་རེ་རེ་བཞིན། ཕྱེས་ནས་ཤད་བརྒྱབས་པས། མུ་མཐུད་ནས། ཚིག་རྐང་གཉིས་པ་སོགས་བརྒྱབས་ན། ཚིགས་བཅད་ཀྱི་དོན་ཡོད། དེ་མིན་དེབ་ཏུ་ཚིག་རྐང་རྣམས་ཕྱེས་པ་ལ་ཚིགས་སུ་བཅད་པའི་དོན་དག་མེད་པར་མཐོང་།
ཚིགས་བཅད་རྐང་མཐར་གཉིས་ཤད་བྱ། ཞེས་གསུངས་པ་དེ་གཤམ་གསལ་ཤློ་ཀ་ལྟ་བུ་མུ་མཐུད་ནས། ཤད་རྒྱབ་པ་ལ་དགོངས་སོ།
་
ཚེ་སྔོན་ལས་ཀྱིས་ཉེ་བར་བཅིངས་པ་ཡིས། །
བློ་ལྡན་སྐལ་བཟང་ཚོགས་རྣམས་གང་དག་གི། །
ཡེ་ཤེས་རྣམ་རིག་འདབ་མ་རྒྱས་པ་ལ། །
དྲིན་ཅན་མི་ཡི་རྗེ་བོ་དམ་པའི་དྲུང་། །
་
ཕྱི་རབས་པ་ཡི་མིག་ལྟོས་ཅི་མ་ཡིན། །ཞེས། ཅིས་མ་ཡིན། ས་རྗེས་འཇུག་ཡོད་ན་ལེགས།
་
སུབ། ཅེས་པ་གྱུར་ནས། ཟུབ་ཆགས་པར་མངོན། བོད་རྒྱ་ཚིག་མཛོད་ན། ཟུབ་དང་སུབ་གཉིས་ལ་དོན་དག་ཕལ་ཆེར་གཅིག་པར་བཤད་དོ།
ཟུབ་པ་ནི། ཐ་མི་ཐད་པ་སྟེ། རི་མོ་རང་བཞིན་གྱིས་ཟུབ་འགྲོ་བ་ལ་ཟུབ་དང་། སུབ་ནི་ཐ་དད་པ་སྟེ། བསུབ་བྱ། སུབ་བྱེད། བསུབས་ཟིན། སུབས་ཤིག རི་མོ་སོགས་ཆེད་དུ་གཉེར་ནས་ནག་བསུབ་བཏང་བ་ལ་སོགས་ལ་སུབ་ཡིན་པ་འདྲ།
རྒན་འཇམ་དཔལ་ལགས་ཀྱིས་དག་བཅོས་ལ་རྗེས་སུ་ཡི་རང་ཞུའོ།།
ཀརྡོ་རབ་འབྱམས་པ་མཆོག་བརྩོན་འགྲུས་ཅན་གྱིས་གསལ་བཤད་ལ་རྗེས་སུ་ཡི་རང་ཞུ་འོས་ཀྱང་། རང་བཞིན་གྱིས་མེད་པར་སོང་བ་ལ། ཡལ་བ། ཞེས་པ་མ་གཏོགས། ཟུབ། ཅེས་པ་ཞིག་སྔོན་བྲིས་དཔེ་ཆ་གང་དུ་ཡང་། མ་མཐོང་།
མཆོག་ཏུ་བཀུར་འོས་མཁས་དབང་འཇམ་དཔལ་མཆོག་ལ་སྐུ་ཁམས་བདེ་བའི་འཚམས་འདྲི་ཞུ།
སྐུ་ཉིད་ཀྱིས་དམ་བཅོས་རྣམས་ཕན་ཐོགས་ཤིན་ཏུ་ཆེ་བས་ཐུགས་རྗེ་ཆེ།
དག་སྡེབ་ཟུབ་ཅེས་པ།
རྒྱལ་དབང་དྲུག་པའི་མགུར་གླུ་ལས།
བྲིས་པའི་ཡི་གེ་ནག་ཆུང་།། ཆུ་དང་ཐིགས་པས་འཇིག་སོང་།།
མ་བྲིས་སེམས་ཀྱི་རི་མོ།། བསུབས་ཀྱང་ཟུབ་རྒྱུ་མི་འདུག ། ཅེས་ཡོད་པ་ཞིག་སེམས་ལ་གང་དྲན་གྱིས་ཐད་ཀར་སྤྱན་འབུལ་ཞུས་པ་ལགས།།
ལྷག་པ་མཆོག་ལ་མགུར་གླུ་འདི་སྐྱེས་ལ་ཕུལ།།
ཤར་ཕྱོགས་རི་བོའི་རྩེ་ནས། ། དཀར་གསལ་ཟླ་བ་ཤར་བྱུང༌། །
མ་སྐྱེས་ཨ་མའི་ཞལ་རས། ། ཡིད་ལ་འཁོར་འཁོར་བྱས་བྱུང༌། །
ན་ནིང་བཏབ་པའི་ལྗང་གཞོན། ། ད་ལོ་སོག་མའི་ཕོན་ལྕོག །
ཕོ་གཞོན་རྒས་པའི་ལུས་པོ། ། ལྷོ་གཞུ་ལས་ཀྱང་གྱོང་བ། །
རང་སེམས་སོང་བའི་མི་དེ། ། གཏན་གྱི་འདུན་མར་བྱུང་ན། །
རྒྱ་མཚོའི་གཏིང་ནས་ནོར་བུ། ། ལོན་པ་དེ་དང་འདྲ་བྱུང༌། །
འགྲོ་ཞོར་ལམ་བུའི་སྙིང་ཐུབ། ། ལུས་དྲི་ཞིམ་པའི་བུ་མོ། །
གཡུ་ཆུང་དྲུག་དཀར་རྙེད་ནས། ། བསྐྱུར་བ་དེ་དང་འདྲ་བྱུང༌། །
མི་ཆེན་དཔོན་པོའི་སྲས་མོ། ། ཁ་འབྲས་མཚར་ལུགས་བལྟས་ན། །
ཁམ་སྡོང་མཐོན་པོའི་རྩེ་ནས། ། འབྲས་བུ་སྨིན་དང་འདྲ་བྱུང༌། །
སེམས་པ་ཕར་ལ་ཤོར་ནས། ། མཚན་མོའི་གཉིད་ཐེབས་གཅོག་གི། །
ཉིན་མོ་ལག་ཏུ་མ་ལོན། ། ཡིད་ཐང་ཆད་རོགས་ཡིན་པས། །
མེ་ཏོག་ནམ་ཟླ་ཡལ་སོང༌། ། གཡུ་སྦྲང་སེམས་པ་མ་སྐྱོ། །
བྱམས་པའི་ལས་འཕྲོ་ཟད་པར། ། ང་ནི་སྐྱོ་རྒྱུ་མི་འདུག །
རྩི་ཐོག་བ་མོའི་ཁ་ལ། ། སྐྱི་བསེར་རླུང་གི་ཕོ་ཉ། །
མེ་ཏོག་སྦྲང་བུ་གཉིས་ཀྱི། ། འབྲེལ་མཚམས་གཅོད་མཁན་ལོས་ཡིན། །
ངང་པ་འདམ་ལ་ཆགས་ནས། ། རེ་ཞིག་སྡོད་དགོས་བསམས་ཀྱང༌། །
མཚོ་མོ་དར་ཁ་འགྲིགས་ནས། ། རང་སེམས་ཁོ་ཐག་ཆོད་སོང༌། །
གྲུ་ཤན་སེམས་པ་མེད་ཀྱང༌། ། རྟ་མགོས་ཕྱི་མིག་བལྟས་བྱུང༌། །
ཁྲེལ་གཞུང་མེད་པའི་བྱམས་པས། ། ང་ལ་ཕྱི་མིག་མི་ལྟ། །
ང་དང་ཚོང་འདུས་བུ་མོའི། ། ཚིག་གསུམ་དམ་བཅའི་མདུད་པ། །
ཁྲ་བོ་སྦྲུལ་ལ་མ་བརྒྱབ། ། རང་རང་ས་ལ་གྲོལ་སོང༌། །
ཆུང་འདྲིས་བྱམས་པའི་རླུང་བསྐྱེད། ། ལྕང་མའི་ལོགས་ལ་བཙུགས་ཡོད། །
ལྕང་སྲུང་ཨ་ཇོ་ཞལ་ངོས། ། རྡོ་བ་རྒྱབ་པ་མ་གནང༌། །
བྲིས་པའི་ཡི་གེ་ནག་ཆུང༌། ། ཆུ་དང་ཐིགས་པས་འཇིག་སོང༌། །
མ་བྲིས་སེམས་ཀྱི་རི་མོ། ། བསུབས་ཀྱང་བསུབ་རྒྱུ་མི་འདུག །
[ཇི་ལྟར་གསལ་བ་བཞིན་ནོ།]
བརྒྱབ་པའི་ནག་ཆུང་ཐེའུས། ། གསུང་སྐད་འབྱོན་ནི་མི་ཤེས། །
ཁྲེལ་དང་གཞུང་གི་ཐེའུ། ། སོ་སོའི་སེམས་ལ་སྐྱོན་དང༌། །
[འདི་བར་དུ་བྱུང་། ]
མཆོག་ཏུ་བཀུར་འོས། མཁས་དབང་སྐུ་བགྲེས་འཇམ་དཔལ་མཆོག་གིས་སྐུ་ཚེགས་ལ་མ་འཛེམས་པར་རྒྱལ་དབང་དྲུག་པ་ཆེན་པོའི་མགུར་གླུ་མཛུབ་མོ་རི་སྟོན་ཚུལ་གྱིས་གནང་བར་བཀའ་དྲིན་ལན་བརྒྱར་ཆེ་བ་མ་ཟད། གུས་པས་ཕུལ་བའི་མགུར་གླུའི་ཚིགས་བཅད་ཀྱི་མ་དག་པ་དག་པ་གསལ་སྟོན་གནང་བར་དེ་བས་བཀའ་དྲིན་ཆེ་ཞུ།
ད་དུང་། དྲི་བ་འགའ་ཞུ་བ་ནི།
སྐད་དང་རིགས་སོགས། སྒྱུར། བསྒྱུརད། བསྒྱུར། སྒྱུརད། ཅེས་པ་དུས་ད་ལྟ་བ་དང་མ་འོངས་པ་འདས་པ་སྐུལ་ཚིག་བཅས་རིམ་པར་ཡིན་ཡང་། བསྒྱུར་ནས་གྱུར། དེ་བཞིན་བླངས་ནས་ལོན། བསུབས་ནས་ཟུབ། བཅད་ནས་ཆད། བཀག་ནས་ཁོག བཀབ་ནས་ཁེབས། བཤིགས་ནས་ཞིག བཏུལ་ནས་དུལ། སོགས་དེང་དུས་ཀྱི་ཡིག་ངག་གཉིས་ནས་མང་དུ་འབྱུང་བ་སྔ་མ་ཡུལ་ཡོད་བྱ་བ་དང་། ཕྱི་མ་ཡུལ་མེད་བྱ་བ་ཡིན་ཡང་། གོ་དོན་གཞན་ཞིག་ལ་ཕྱི་མ་རྣམས་འབྲས་བུ་གྲུབ་པའི་བྱ་བར་ཁས་བླང་ན་འཚམས་མིན་བཀའ་ལན་ཞིག་གནང་སྐྱོང་ཞུ།
དེ་བཞིན་གྲི་འདིས་མི་ཆོད། ལྐུགས་པ་འདིས་སྐད་ཆ་མི་ཤོད། དབྱུག་པ་ཙམ་གྱིས་སྤྱང་ཀི་མི་སོད། བུད་ཤིང་འདི་ཙམ་གྱིས་ཁ་མི་ཁོལ་ལ་སོགས། ཆོད་དང་ཤོད། སོད། ཁོལ་སོགས་མ་འོངས་པའི་བྱ་བ་མིན་ཡང་། ཚིག་གྲོགས་དང་སྦྱར་བ་འདི་རྣམས་མ་འོངས་པར་གོ་འདུག་པར་དགོངས་ཚུལ་ཅི་ཡོད་བཀའ་ལན་ཞིག་བཀའ་དྲིན་ཆེ་བ་ཞུ།།
13 སུབ་ཀྱང་ཟུབ་རྒྱུ་མི་འདུག
བྲིས་པའི་ཡི་གེ་ནག་ཆུང༌། །
ཆུ་དང་ཐིགས་པས་འཇིག་སོང༌། །
མ་བྲིས་སེམས་ཀྱི་རི་མོ། །
སུབ་ཀྱང་ཟུབ་རྒྱུ་མི་འདུག །
དག་པར་བྱེད་པ་སྡེབ་སྦྱོར་རིན་ཆེན་རྒྱ་མཚོ་ལས།
པགས་པ་དག་ནི་པགས་རྐྱང་ལ།། ལུས་ཀྱི་ལྤགས་པ་ལ་ལྤགས་ཡིན།། ཞེས་གསུངས་འདུག དེས་ན་མིང་། པགས་རིགས་གང་ཡང་རུང་བ་ཞིག་མཁོ་ལྟ་བུར། པགས་ཞེས་དང་། གཞི་དང་འབྲེལ་ཞིང་རྣམ་དབྱེ་དྲུག་པའི་ཕྲད་ཡོད་པར་ལྤགས་འབྲི་དགོས་པ་མ་ཡིན་ནམ་ལགས། འབྲུག་སྒྲ་སྒྲོགས་པར་འགྱུར་རོ།། ཞེས་པ། མ་འོངས་པ་ཡིན་ན། འབྲུག་སྒྲ་བསྒྲག་པར་འགྱུར་རོ།། མིན་ནམ་ལགས། སྒྲོག བསྒྲགས། བསྒྲག སྒྲོགས། རིམ་བཞིན་དུས་གསུམ་སྐུལ་ཚིག་ཏུ་མི་བཞེད་པ་ཨེ་ཡིན་ལགས།།
མཁྱེན་པ་རྒྱས་བཞིན་པ་ཡོངས་ལ་གུས་ཞུ། ངས་ནི་འབྲི་བ་མེད། ལོ་རྒན་༨༩་པ་ཡིན། ང་ལ་སེམས་གསོའི་ཕྱིར་དུ། འབྲི་བར་མཛད་པ་ལ། བཀའ་དྲིན་ཆེའོ།