—-སྙན་བཟང་གཡུང་དྲུང་ཚེ་རིང་།
རིན་ཆེན་ནོར་བུ་གླིང་གི་ལྡིང་ཁང་དུ། །
ལས་ཅན་སྐལ་བཟང་ཚོགས་ཀྱི་རེ་བའི་སྒོ། །
ཡེ་ཤེས་འོད་ཀྱིས་འབྱེད་ལ་མཁས་གྱུར་པ། །
མི་ཡི་རྗེ་བོ་དམ་པ་གང་དེའི་དྲུང་། །
མ་མཇལ་ལོ་མང་འགོར་ཡང་བརྩེ་བའི་མདངས།།
མ་ཉམས་མངོན་པར་སྒེག་པའི་བརྡ་ཐབས་སུ། །
མ་བཅོས་སེམས་ཀྱི་བརྗོད་འདོད་ཞུ་ཚིག་དབྱངས།།
མ་གསང་དྲང་པོས་གྱེར་ཏེ་མཆིད་འདི་གསོལ། །
གང་ཐུགས་མཚོན་པའི་འཕྲིན་ཡིག་སྡེབ་ལེགས་ཅན།།
སྙན་པའི་དབྱངས་ཀྱི་ཡན་ལག་བདུན་རྫོགས་པ། །
ངེད་ཅག་བུ་སློབ་མིག་གི་དགའ་སྟོན་དུ། །
བསྟབས་པའི་ཐུགས་རྗེ་སྙིང་གི་རི་མོར་གྲུབ། །
གང་གི་མི་ཤིགས་རྡོ་རྗེའི་ལང་ཚོ་ལ། །
མི་མཐུན་རྐྱེན་ངན་ནག་ཕྱོགས་ཆོ་འཕྲུལ་གྱིས། །
ཅུང་ཙམ་མ་གནོད་བདེ་བར་བཞུགས་པའི་གཏམ། །
ཐོས་ཙམ་ཉིད་དུ་སེམས་འདི་མྱོས་པར་གྱུར། །
གངས་རིའི་ལྗོངས་འདིའི་རིག་གནས་ནགས་ཀྱི་ཀློང་། །
མི་མཐུན་རླུང་དམར་དྲག་པོའི་མེ་ལྕེ་ཡིས། །
བསྲེགས་པའི་སྤྱོད་ངན་ཐུགས་ལ་རབ་བརྣགས་ཏེ། །
རླབས་ཆེན་ལེགས་མཛད་སྐུ་དྲིན་བསམ་མི་ཁྱབ། །
ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ཡིས། །
གངས་ལྗོངས་ལུགས་གཉིས་རྒྱ་ཆེར་སྐྱོང་བའི་དུས། །
བཀའ་ཡི་བློན་པོའི་གོ་ཐོབ་བཞེས་གྱུར་ཏེ། །
མཛད་རྗེས་རྨ་མེད་བཞག་པ་ཨེ་མ་རྨད། །
འཆད་རྩོད་རྩོམ་གྱི་གནས་ལ་དབང་འབྱོར་ཞིང་། །
ཆོས་སྲིད་ལུགས་ཟུང་ཐུགས་ལ་མངའ་བ་ཅན། །
གང་གི་ཞབས་སེན་པདྨོའི་རྡུལ་ཕྲན་ལ། །
གུས་ཤིང་འདར་བཅས་ཡང་ཡང་རབ་ཏུ་འདུད། །
གཞོམ་མེད་དོན་དམ་བདེ་ཆེན་མྱོས་གྱུར་ཏེ། །
མི་ཤིགས་རྡོ་རྗེའི་ལང་ཚོ་རབ་བརྟན་ནས། །
ཡང་དར་ཆོས་རིག་གསེར་གྱི་གདུགས་དཀར་མོ། །
གྱེན་དུ་འདེགས་བཞིན་བཞུགས་པར་གསོལ་བ་འདེབས། །
འདི་ན་ནུབ་ཀྱི་ཆུ་བོ་འཐུང་བཞིན་དུ། །
སྔར་ལྟར་ལུས་དང་སེམས་གཉིས་བདེ་བའི་མུར། །
ཤར་ནུབ་རིག་པའི་རྒྱ་མཚོར་བརྒལ་བཞིན་དུ། །
ཉིན་མཚན་ཐོས་པ་བསགས་ནས་བྲེལ་ཏེ་བདོག །
གློ་བུར་རྟེན་འབྱུང་ཚོགས་པ་མ་འགག་ན། །
ཁྱེད་སྐུ་ལན་གཅིག་མཇལ་བའི་དུས་བཟང་ལ། །
གསོལ་བ་འདེབས་པ་ལྷ་དང་ལྷ་མོ་ཡིས། །
ཐུགས་རྗེའི་སྤྱན་གྱིས་གཡེལ་བ་མེད་པར་མཛོད། །
ཅེས་པ་འདི་ནི་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་། བོད་ཀྱི་རིག་གནས་ཆེས་མཐོའི་སློབ་གྲྭའི་སྐབས་དང་པོའི་སློབ་མ་ཀུན་གྱི་གྲལ་མཐའ་འཛིན་པ་སྙན་བཟང་གཡུང་དྲུང་ཚེ་རིང་མིང་ཅན་པས་༢༠༡༧ ལོའི་སྤྱི་ཟླ་༤ པའི་ཚེས་༨ རེས་གཟའ་པ་སངས་ཉིན་ཧྥ་རན་སིའི་ལྷོ་ཕྱོགས་ཀྱི་ནུབ་ཆེན་རྒྱ་མཚོའི་འགྲམ་དུ་བྲིས་ཏེ་གུས་ཕྱག་དང་བཅས་ཕུལ།
ནོར་གླིང་བོད་ཀྱི་རིག་གཞུང་ཁང་།།
གཞུང་གི་རེད་དམ་སྒེར་གྱི་རེད།།
མཛད་རྗེས་ཡོད་དང་མེད་པ་ཡི།།
སྤྱི་བསྡོམས་མདུད་པ་དེ་ན་ཡོད།།
༄༅། མིང་ལ་བྱང་ཆུབ་ལོ་མ།
རྩོམ་ལ་མི་འདོད་མདོག་མདོག།
རང་གི་ལྟོ་མགོ་མ་ཐོན། སྤྱི་ལ་ཕན་རེ་བྲལ་བ།
འདི་འདྲའི་མི་ལུས་རིན་ཆེན། ལེན་དང་མ་ལེན་ཅི་ཡོད།