(ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ།)
སློབ་དཔོན་འཇིགས་མེད་བློ་གྲོས་རྒྱལ་མཚན།
༼གསལ་བཤད་འདི་ངེས་པར་ཀློག་རོགས།༽
༼ ཀློག་མཁན་གྲོགས་པོ་རྣམ་པ་ལགས། རང་རེ་བོད་པ་ཚང་ལ་ཤེས་ཡོན་པའི་སྡེ་ཁག་ཤིན་ཏུ་ཉུང་ངུ་ཞིག་ལས་མེད་པ་འདིས་ཕན་ཚུན་གཅིག་གིས་གཅིག་ལ་དུང་སེམས་དང་། ལ་རྒྱ། བྱ་བའི་ཐོག་ལ་རྒྱབ་སྐྱོར་བཅས་ཞུ་དགོས་པ་ནི་སྨྲོས་མ་དགོས་པ་ཞིག་རེད། དེར་བརྟེན་དེང་དུས་ཀྱི་མ་བཅོས་རང་བྱུང་གི་སྙན་ངག་མཁན་རྣམས་ཀྱི་རྒྱལ་པོ་ཀླུ་སྨྱོན་ཡེ་ཤེས་རྒྱ་མཚོ་མཆོག་གིས་ཁོང་གིས་བསྙེགས་པའི་ལམ་བུ་ལ་རྗེས་དྲན་དང་། བོད་ཕྱི་ནང་གི་རྩོམ་པ་པོ་རྣམས་ལ་སྐུལ་འདེད་སོགས་ཀྱི་ཆེད་དུ། ཀླུ་སྨྱོན་རྩོམ་རིག་བྱ་དགའི་གོ་སྒྲིག་གནང་བ་ལ་སེམས་གཏིང་ནས་དགའ་བསུ་དང་། བརྩི་མཐོང་བླ་ན་མེད་པ་ཞུ་གི་ཡོད། འདི་ལོར་ཕྲན་གྱིས་བྲིས་པ་མང་པོ་ཞིག་ནི་ཁོང་གི་རྩོམ་རིག་བྱ་དགའ་གནང་སའི་རྩོམ་རིག་གི་གྲས་སུ་མི་གཏོགས་པ་དང་། འགའ་རེ་ནི་ཁ་བརྡ་སོགས་ཀྱི་སྟེང་དུ་བཀོད་ཟིན་པས་ཡང་བསྐྱར་བསྐུར་བ་ལས་གསར་རྩོམ་འདི་བསྐུར་ན་བསམ་པ་ཡིན། ཁོ་བོ་རང་ལ་བྱ་དགའ་ཐོབ་རྒྱུའི་གདེང་སྤོབས་མེད་ན་ཡང་། ཤེས་ཡོན་པ་ཞིག་གི་བྱ་བའི་ཆ་ཤས་བླངས་པ་དང་། གཙོ་བོ་ཁོང་གི་མཛད་པ་ལ་གདེང་འཇོག་དང་བརྩི་བཀུར་གྱི་ཆེད་དུ་འགྲན་བསྡུར་འདིར་ཞུགས་པ་ཡིན། དེ་ནས་ཞུ་རྒྱུ་གཞན་ཞིག་ནི། ཁོ་བོ་ཆོས་པ་ཞིག་དང་། སྔགས་པའི་ཁྱིམ་རྒྱུད་ཀྱི་སྔགས་པ་ཞིག་ཡིན་པས། བརྩེ་དུང་གི་ལོ་རྒྱུས་འདི་ཡང་སྔགས་འཆང་ཞིག་གི་ཤ་རུས་ལ་ཐིམ་པའི་བག་ཆགས་དང་འབྲེལ་བ་སྟེ། སྔགས་འཆང་ཞིག་གི་བརྩེ་དུང་གི་རྣམ་པ་མ་བཅོས་པར་བྲིས་ཡོད། དེར་བརྟེན་ལོ་རྒྱུས་འདིར་ཉམས་དང་རྨི་ལམ་སོགས་ཀྱི་བྱུང་བ་མང་དག་ཅིག་ཡོད་པ་རྣམས་ཡག་པོ་ཞིག་ཡིན་ནམ། ཡང་ན་སྡུག་གྱོང་གི་འཁྲུལ་སྣང་ཞིག་ཡིན་མི་ཤེས་ཏེ། གང་ལྟར་རྫུན་དང་། སྒྲོ་འདོགས། རྟོག་བཞེངས་སོགས་ནི་གཅིག་ཀྱང་མེད་པར་ཅི་མ་ཅི་བཞིན་ཐད་ཀར་བྲིས་པ་ཞིག་ཡིན། དེར་བརྟེན་དེང་རབས་ཀྱི་གཞོན་སྐྱེས་འགའ་རེའི་སྙན་ལ་མི་འགྲོ་བ་རེ་ཡོད་ན་དགོངས་པ་མ་ཚོམས་ཞུ་བ་ལགས། ཀློག་མཁན་ཆོས་པ་ཞིག་ཡིན་ན་ལོ་རྒྱུས་འདི་ལ་ཆོས་པ་ཞིག་གི་བརྩེ་དུང་གི་ཐོག་ནས་རིན་གོང་རྒྱག་ཆོག་ཅིང་། སྒྱུ་རྩལ་ལ་དགའ་བ་ཞིག་ཡིན་ན་ངག་གི་རྒྱུ་རྩལ་གྱི་ཐོག་ནས་རིན་གོང་རྒྱག་ཆོག བརྩེ་དུང་རྐྱང་བ་ལ་གཟིགས་མཁན་ཞིག་ཡིན་ན་བརྩེ་དུང་གི་རྣམ་པ་འབུར་དུ་བཏོན་པའི་རྒྱུ་རྩལ་སོགས་ལ་གོང་རྒྱག་ཆོག་པ་ཡིན་ལགས།༽
ངག་གི་འདོད་འཇོ་དཔལ་ལྡན་ལྷ་མོ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ།། དེ་ཡང་ཕྱི་ལོ་༢༠༡༠ཟླ་དྲུག་(21st June 2010)པའི་ཚེས་༢༡ཉིན་གྱི་ཐོ་རངས་ལ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཡིན་ཟེར་བའི་རྣལ་འབྱོར་བ། བོད་ལུགས་ཀྱི་སྔགས་ཆས་ཅན་ཞིག་སླེབས་ནས་ངའི་ལག་པ་གཉིས་ཀྱི་ནང་དུ་ཟླ་བ་ཆུང་ཆུང་འོད་འཚེར་བ་ཞིག་བཞག་པ་རྨིས་ཤིང་། དེའི་རྐྱེན་ཀྱིས་ལུས་དང་སེམས་ལ་དགའ་བདེའི་ཚོར་སྣང་བསམ་གྱིས་མི་ཁྱབ་པ་ཞིག་སྐྱེས། ཞོགས་པར་མལ་ལས་ལངས་སྐབས་དེ་རིང་སྐད་ཆ་སྙན་མོ་ཞིག་གམ། ཡང་ན་དོན་ཡག་པོ་ཞིག་དང་འཕྲད་རྒྱུ་ཡོད་པར་ཡིད་ཆེས་བྱས་ཀྱང་དོན་ཅི་ཞིག་ཡིན་ནི་མ་ཤེས། སྐབས་འདིར་ངས་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེར་དཀར་ཆག་འབྲི་བཞིན་པའི་སྒང་ཡིན་པས། ཉིན་གང་པོར་ཀུན་བྱེད་རྒྱལ་པོའི་རྒྱུད་སོགས་བཀླགས་ཏེ། དགུང་མོའི་ཆུ་ཚོད་དགུ་པ་ཡར་མར་ཞིག་ལ་ངལ་གསོའི་གོ་སྐབས་དང་བསྟུན་ནས་ངོ་དེབ་(Face book)ཀྱི་ནང་དུ་འཛུལ་བས། ངོ་དེབ་ཀྱི་གླེང་མོལ་ཁང་(chat room)གི་ནང་ནས་ཆོས་སྐྱིད་དབང་མོ་ཟེར་བའི་བུ་མོ་ཞིག་གིས་ཧ་ཡེ་ཟེར། བུ་མོ་འདིའི་ངོ་དེབ་ཀྱི་(profile)ཐོག་ཏུ་སྟོད་གོས་ཟིང་སྐྱ་ཞིག་གྱོན་ཞིང་། ལག་པ་གཉིས་ཀྱིས་མཁལ་མ་སྐྱོར་བཞིན་ཆུ་འགྲམ་ཞིག་ཏུ་ཡོད་པའི་པར་བྱེད་སྤྱོད་བྱས་འདུག
ངས་ནམ་རྒྱུན་གླེང་མོལ་ཁང་གི་ནང་ནས་འབྲེལ་བ་བྱེད་མཁན་རྣམས་ལ་ཞིབ་འཇུག་མ་བྱས་པར་ཡ་ལན་སྤྲོད་ཀྱི་མེད། དེར་བརྟེན་ཐོག་མར་མོའི་པར་མཛོད་ཀྱི་ནང་དུ་སོང་ནས་པར་རྣམས་ལ་བལྟས་པས། བུ་མོ་དེ་འབྲུག་ནས་ཡིན་པ་དང་ཁྱིམ་ཐབས་བཟུང་མེད་མཁན་ཞིག་རེད་འདུག མོའི་ངོ་དེབ་ནང་གི་པར་རྣམས་མཐོང་བས། སྐད་ཅིག་དེ་ལ་ལས་ཀྱི་འཕྲོ་སྨིན་པ་ལྟ་བུར་ངའི་གློ་སྙིང་བྲང་གསུམ་ཡོངས་རྫོགས་མོའི་ཕྱོགས་སུ་ཤོར། དེར་ངས་ཀྱང་ཕར་ཧ་ཡེ་ཞེས་བྱས་པས། ཁོ་མོས་ཁྱོད་རིན་པོ་ཆེ་དངོས་གནས་ཞིག་ཡིན་ནམ་ཡང་ན་མིང་ལ་རིན་པོ་ཆེ་ཟེར་བ་ཡིན་ཟེར། ངས་ཁྱོད་ཀྱིས་ང་ལ་དྲི་བ་དཀའ་ལས་ཁག་པོ་ཞིག་བཏང་སོང་ཞེས་བརྗོད་པ་ཡིན། མོས་ག་རེ་བྱས་ནས་དྲི་བ་འདི་དཀའ་ལས་ཁག་པོ་ཆགས་སོང་ཟེར། ངས་ང་རིན་པོ་ཆེ་དངོས་གནས་ཤིག་མིན་ཟེར་ན་ནི་ངའི་རྩ་བའི་བླ་མ་རྣམས་ཀྱིས་ང་རིན་པོ་ཆེ་རེད་གསུངས་ནས་ངོས་འཛིན་གནང་བ་རེད། ང་རང་ཡང་རིན་པོ་ཆེའི་ལམ་ཁར་འགྲོ་གི་ཡོད། ང་རིན་པོ་ཆེ་དངོས་གནས་ཤིག་ཡིན་ཟེར་དགོས་ན་ནི་རང་གིས་རང་ལ་ཟེར་མ་ཤེས་པ་ཞིག་འདུག དེར་བརྟེན་དྲི་བ་འདི་དཀའ་ལས་ཁག་པོ་ཞིག་རེད་ཅེས་བཤད་པ་ཡིན། མོས་ཧེ་ཧེ་ཟེར། དེ་ལྟར་ཉིན་དེར་ངེད་གཉིས་ཐོག་མར་ངོ་ཤེས་ཤིང་། ཉིན་དེ་ནི་སློབ་དཔོན་ཐུགས་རྗེ་ཅན་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེའི་འཁྲུངས་སྐར་གྱི་ཉིན་མོ་རེད། དེའི་ཉིན་མོར་འབྲུག་ཡུལ་ནས་ཀྱང་ཨོ་རྒྱན་རིན་པོ་ཆེའི་འཁྲུངས་སྐར་ཀྱི་ཉིན་ཡིན་པས་མོས། དེ་རིང་པདྨ་སཾ་བྷ་ཝའི་འཁྲུངས་སྐར་ཡིན་པས་ང་ཞོགས་པ་སྔ་པོར་ལངས་ཏེ་ལྷ་ཁང་དུ་མཆོད་མཇལ་ལ་ཕྱིན་ནས་ཕྱིར་ཁྱིམ་ལ་ཐོན་མ་ཐག་ཡིན་ཟེར། སྐབས་དེར་ཁོ་བོ་རང་གི་སྙིང་དུ་སྡུག་པའི་ཆུང་མས་གསོན་བསྐྱུར་བྱས་ནས་ཟླ་དྲུག་ལྷག་འགོར་བའི་རྗེས་ཙམ་ལ་རེད།
དེ་ནས་བཟུང་ཉི་མ་རེ་རེ་བཞིན་བུ་མོ་འདི་དང་ཐེངས་གཅིག་མ་ཐུག་ན་ཉིན་དེར་ལས་དོན་གལ་ཆེན་ཞིག་མ་ཚང་བའི་བསམ་བློ་བྱུང་ཞིང་། ངེད་གཉིས་ཀྱིས་བདུན་ཕྲག་གཉིས་ཙམ་ལ་ཉིན་རེ་བཞིན་དྲ་ཐོག་ནས་ཡུན་རིང་རེར་ཁ་བརྡ་བྱེད་ཀྱི་ཡོད་ཀྱང་བརྩེ་དུང་གི་སྐོར་ནི་ཚིག་གཅིག་ཀྱང་བཤད་ཀྱི་མེད། ཚུར་ཡང་དེའི་སྐོར་ནས་ཟུར་ཙམ་གླེང་གི་མི་འདུག དེའི་རྒྱུ་མཚན་ནི་ང་ལ་འདི་ལྟ་བུའི་བུད་མེད་ལོ་ཆུང་དང་། སྐྱེ་ཡག་ཅིག་ལ་བརྩེ་དུང་གི་སྐོར་གྱི་སྐད་ཆ་བཤད་རྒྱུའི་བློ་ཁོག་མེད་པས་རེད། དངོས་གནས་བཤད་ན་ངས་རང་གི་བཟའ་ཟླ་ལ་རང་གི་སྲོག་ལས་ལྷག་པའི་གཅེས་སྐྱོང་བྱས་པས་རྒྱ་བོད་གཉིས་སུ་སྐད་གྲགས་ཆོད་ཡོད་ཀྱང་། མཐར་ལམ་ཁའི་རྡོ་བཞིན་བསྐྱུར་ཏེ་སོང་བ་ནས་བཟུང་བརྩེ་དུང་ཟེར་བ་འདི་ལ་ཡི་ཆད་ཅིང་། རང་ལ་འཇོན་ཐང་དང་རྒྱུ་ནོར་མེད་པའི་ཁར། ལོ་སྔ་ཕྱི་འདི་དག་གི་རིང་རྒྱག་པ་ཆགས་ནས་བཟོ་ལྟ་ཡང་ཤོར་ཚར་བས། ད་བུད་མེད་ཚོ་མི་དགའ་བ་ཡིན་རྒྱུ་རེད་བསམ་སྟེ་སེམས་ཤུགས་གཏིང་ནས་ཆག་ཡོད་པའི་དུས་ཤིག་ཀྱང་ཡིན། ཡང་ཕྱོགས་གཅིག་ནས་ད་དུང་རང་ཉིད་ལོ་ཆེན་པོ་མིན་པས་ཁེར་འདུག་གིས་མི་ཚེ་འཁྱོལ་ཐབས་མེད་པར་བརྟེན། ལུས་སེམས་ཀྱི་སྐྱ་ཡ་རེ་མི་འཚོལ་ཐབས་མེད་ཡིན་སྟབས། ཡར་མར་ལ་རྐང་པ་གཉིས་འཛུགས་གསུམ་འཛུགས་རེ་ཡང་བྱེད་ཀྱི་ཡོད་ཅིང་། ང་ལ་འཇོན་ཐང་མེད་ཅིང་རྒྱུ་ནོར་གྱིས་དབུལ་རུང་རིན་པོ་ཆེའི་མིང་ཞིག་ཡོད་པ་དང་། འདྲ་པར་གྱི་ཐོག་ཏུ་གདོང་པ་རྫིག་པོ་ཞིག་ཡོང་གི་ཡོད་པས་རྒྱ་གར་དང་བལ་ཡུལ། ཨ་རི་བཅས་སུ་སེམས་པ་ཐག་ཉེ་བོ་བྱེད་མཁན་དང་། ཕར་ཚིག་མགོ་བླངས་ན་ཚིག་མཇུག་ལ་འཁྲི་ངེས་ཡིན་པའི་བུ་མོ་བཅུ་གྲངས་ཤིག་ཡོད། འོན་ཀྱང་བུ་མོ་འདི་དང་ཐུག་རྗེས་བུ་མོ་གཞན་དག་དང་སྐད་ཆ་བཤད་རྒྱུ་ཡང་རེ་རེ་བཞིན་རང་བཞིན་གྱིས་མཚམས་ཆད་སོང་།
གང་མཚམས་ནས་ངའི་སེམས་ཀྱི་ནང་དུ་བུ་མོ་འདི་ཉིད་ཁོ་ན་མ་གཏོགས་བསམ་རྒྱུ་དྲན་རྒྱུ་གཞན་ཅི་ཡང་མེད་པ་ཞིག་ཆགས་སོང་རུང་། གལ་ཏེ་ཁོ་མོས་ངོས་ལེན་མ་བྱས་ན་ངའི་སེམས་ལ་སྡུག་བསྔལ་ཆེན་པོ་ཡོང་ངེས་ཡིན་པས་བརྩེ་དུང་གི་སྐད་ཆ་དངོས་ནི་ཐད་ཀར་བཤད་མ་ཕོད། འོན་ཀྱང་ངའི་སེམས་ནང་དུ་ཁོ་མོ་ཡོད་པའི་བརྡ་སྟོན་ཆེད། ཁོ་མོའི་འདྲ་པར་རང་གི་གློག་ཀླད་ཀྱི་མདུན་ངོས་སུ་བཞག་ཡོད་པའི་པར་བཏང་ཞིང་། ད་དུང་གོང་དུ་གསལ་བའི་པར་དེ་ཨ་རིའི་རྒྱལ་ས་ཝ་ཤོན་ཏྲོན་དང་། ནེའུ་ཡོག་རང་དབང་ལྷ་མོའི་སྐྱེད་ཚལ་དུ་ཡོད་པ་སོགས་པར་སྒམ་(photoshop)གྱི་ནང་ནས་བཟོས་ཏེ་ཁོ་མོར་བཏང་། དེས་ན་མོས་ཀྱང་ངའི་སྙིང་ཡོངས་རྫོགས་མོ་ལ་ཟུག་ཡོད་པ་དང་། ཁ་ནས་ཅི་ཡང་བཤད་ཕོད་ཀྱི་མེད་པ་ཤེས་ནས་མོ་རང་ཡང་ང་ལ་སེམས་ཐག་ཉེ་པོ་ཡོད་པའི་བརྡ་གསལ་པོ་བྱས་སོང་། དེར་བརྟེན་ག་ལེ་ག་ལེར་ངས་ཚིག་མགོ་བླངས་ཏེ། ད་ཆ་ངའི་སྙིང་ཡོངས་རྫོགས་ཁྱེད་ཀྱིས་བརྐུས་སོང་བས་ངས་ཅི་ཞིག་བྱ་དགོས་སམ་ཞེས་བརྗོད་པ་ཡིན། ཁོ་མོས་ང་ནི་ལས་རྒྱུ་འབྲས་ལ་བརྩི་མཁན་གྱི་བུ་མོ་ཞིག་ཡིན་པས། གལ་ཏེ་ཁྱེད་ཀྱི་སྙིང་ཡོངས་རྫོགས་ངའི་སར་ཡོད་ན། ངས་གཅེས་སྐྱོང་བྱས་ནས་བདག་པོ་རྒྱག་གི་རེད་མ་གཏོགས་ས་རྗེན་ལ་དུས་ནམ་ཡང་འཇོག་གི་མ་རེད་ཟེར། འདི་ནི་ངེད་གཉིས་ཀྱིས་བརྩེ་དུང་གི་སྐད་ཆ་གླེང་བའི་ཐོག་མ་ཡིན།
བདུན་ཕྲག་གཉིས་ཀྱི་རྗེས་ནས་ང་ནེའུ་ཡོག་ཏུ་ཆོས་ཁྲིད་ལ་ཕྱིན། སྐབས་དེར་ངའི་སློབ་མ་གློག་བརྙན་འཁྲབ་སྟོན་པ་(bollywood)མེ་ཁལ་གྱིས་ང་ལ་ལག་འཛིན་ཁ་པར་ཧ་ཅང་གོང་ཆེན་ཞིག་སྤྲད་སོང་། སྤྱིར་ངའི་རང་གཤིས་ལ་ཅ་ལག་གོང་ཆེན་བེད་སྤྱོད་བྱེད་རྒྱུར་དགའ་པོ་མེད་སྟབས་ཁ་པར་དེ་མི་ལེན་བསམ་རུང་། ཡང་ཁོ་མོ་ལ་རྔན་པར་གཏོང་དགོས་བསམ་ནས་ཁ་པར་དེ་བླངས་པ་ཡིན། དེ་ནས་ཕྱིར་རང་གི་སྡོད་གནས་སུ་སླེབས་སྐབས་ཁ་པར་དེ་མྱུར་སྦྲགས་ཐོག་ནས་གཏོང་རྒྱུའི་གྲ་སྒྲིག་བྱས། འོན་ཀྱང་སེམས་ནང་དུ་དེ་ལས་ཀྱང་མང་བ་ཞིག་གཏོང་འདོད་བྱུང་བས། ཟླ་གཅིག་གི་སྔོན་གདུང་སྲས་ཕྲིན་ལས་ནོར་བུ་རིན་པོ་ཆེ་སོགས་ཀྱི་ཕྱག་བརྒྱུད་ནས་ཡོང་བའི་གསེར་ཀྱི་སྐེ་རྒྱན་ཆེ་ཞིང་ལེགས་པ། ཧིན་སྒོར་ཁྲི་བདུན་བརྒྱད་དམ་འབྲུག་ནས་ཉོས་ན་ཧ་ལམ་ཧིན་སྒོར་འབུམ་ཙམ་རི་བ་ཞིག་ཡོད་པ་དེ་ང་རང་ནི་བེད་སྤྱོད་བྱེད་རྒྱུར་མི་དགའ། གཞན་ལ་ཡང་མ་སྤྲད་པར་ཡི་དམ་དབྱངས་ཅན་མའི་འདྲ་སྐུའི་མགུལ་རྒྱན་དུ་སྒྲོན་ཡོད་པ་དེ་ཡང་བླངས་ཏེ། གཅིག་ནས་བུ་མོ་འདིའི་རྒྱུད་ལ་འཕགས་མ་ཐུགས་རྗེ་ཅན་གྱི་བྱིན་རླབས་འཇུག་པའི་རྟེན་དང་། གཉིས་ནས་ཡག་ཉེས་ཅི་བྱུང་རུང་རང་གི་ཁ་རྗེ་དབང་ཐང་ཚང་མ་ཁོ་མོའི་ལག་ཏུ་སྤྲོད་འདོད་ཅིག་བྱུང་བས་དེ་དག་མྱུར་སྦྲགས་ཐོག་ནས་བཏང་བ་ཡིན། ཉིན་དྲུག་གི་རྗེས་ནས་དེ་དག་མོའི་ལག་ཏུ་འབྱོར་འདུག་པ་དང་། ཁོ་མོ་ཧ་ཅང་དགའ་བོ་བྱུང་འདུག་པས་ངའི་སེམས་ནང་དུ་ཉི་མ་ཤར་བ་ལྟ་བུ་ཞིག་བྱུང་། འདི་ནི་ངས་ཁོ་མོར་ཕུལ་བའི་བརྩེ་དུང་གི་ལེགས་སྐྱེས་དང་པོ་ཡིན། དེའི་རྗེས་སུ་མོས་ཀྱང་ང་ལ་འབྲུག་རྒྱལ་བཞི་པའི་ཁྲི་སྟོན་གྱི་སྐལ་བ་ལས་བྱུང་བའི་གསང་བདག་ཕྱག་ན་རྡོ་རྗེའི་སྲུང་འཁོར་ཁྱད་པར་བ་དང་། རྒྱལ་སྟོན་དྲན་རྟེན་གྱི་དངུལ་སྒོར། མོ་རང་གི་གཅེན་མོ་གཡུ་སྒྲོན་གྱིས་ངའི་ཆེད་དུ་དཀའ་ལས་བརྒྱབ་སྟེ་ལག་འཐག་བྱས་པའི་སྐ་རགས། ཧིན་སྒོར་སྟོང་ཕྲག་དྲུག་ལྷག་རི་བའི་འབྲུག་ལུགས་ཀྱི་ཉལ་གདན་གོང་ཆེན། འབྲུག་གི་ཕྱུར་བ་སྐམ་པོ་སོགས་ཀྱི་རྔན་པ་མང་པོ་མྱུར་སྦྲགས་ཐོག་ནས་བཏང་སོང་།
ཁྱད་པར་ཁོ་བོའི་ཕྱིའི་ལོ་རྒྱུས་ལེའུ་དགུ་པར་གསལ་བ་བཞིན། ༢༠༡༠ལོའི་ལོ་མཇུག་ཏུ་ཉིན་ཞིག་རང་ཉིད་འཆི་བ་ལ་ཐག་ཧ་ཅང་མི་རིང་བའི་རྟོག་པ་ཞིག་གློ་བུར་དུ་སླེབས་ཤིང་། དེའི་རྗེས་སུ་བདུན་ཕྲག་ཁ་ཤས་ཀྱི་རིང་ཉིན་མཚན་བསྟུད་མར་འཆི་བའི་ལྟས་སྣ་ཚོགས་དང་། བཟློག་ཐབས་ཀྱི་རིམ་པ་ཡང་ཅི་རིགས་པར་ཤར་ཡང་སྐུ་རིམ་སོགས་ནི་གང་ཡང་མ་བྱས་ཤིང་། གཅེན་པོ་སོགས་ལ་ཡང་དེ་ལུགས་ཞུ་མ་ཕོད། དེར་མ་ཟད་ཁོ་བོ་རང་གི་ཕྱོགས་ནས་ཀྱང་ཕྱི་ནང་གི་རྐྱེན་རྣམ་པ་སྣ་ཚོགས་ཀྱིས་ཧ་ཅང་སུན་ནས་ངུ་ལ་ཐུག་ཡོད་པའི་རྒང་ཤིག་ཡིན་སྟབས། དེང་སང་དུས་ཀྱི་དབང་གིས་བསྟན་པའི་འཛིན་སྐྱོང་ནི་མི་དྲག་ཆེན་པོའི་རིགས་རྣམས་མ་གཏོགས་ཁོ་བོ་ལྟ་བུ་ཁ་རྗེ་ཐོབ་ཐང་གང་ཡང་མེད་པ་ཚོས་ཅི་ཡང་མི་ཡོང་ལ། སེམས་ཅན་གྱི་དོན་ཟེར་བ་ནི་རང་གི་ཁ་ལྟོ་མི་འཁྱོངས་པ་བདག་ལྟ་བུ་ཞིག་གིས་དེ་ལས་ཀྱང་ག་ལ་ཡོང་། དེ་བས་མགོན་པོ་བྱམས་པས། སྐྱེ་བ་སྐྱེད་མོའི་ཚལ་འགྲོ་ལྟར་རྟོགས་ནས། ཞེས་གསུངས་པ་ལྟར་སྐྱེད་མོའི་ཚལ་ནས་སྐྱེད་མོའི་ཚལ་གཞན་ཞིག་ཏུ་ལྟད་མོར་འགྲོ་རྒྱུ་ཡང་སྐབས་སུ་མ་བབ་པ་ཅི་ཡང་མི་འདུག་སྙམ་པའི་ཀུན་སློང་གིས། ཐོས་པ་གོ་ཡུལ་དུ་ལུས་པའི་དམན་པ་བདག་ལྟ་བུ་ལ་ཞིང་ཁམས་སུ་ཐུགས་གཏད་ཟེར་རྒྱུ་ཞིག་མེད་རུང་། གང་ལྟར་མངོན་པར་དགའ་བར་བྱང་ཆུབ་སེམས་དཔའ་འཇིགས་པ་ཀུན་སྐྱོབ་དང་། བདེ་བ་ཅན་དུ་ཡབ་རྗེ་བླ་མ་འཇིགས་མེད་ཕུན་ཚོགས་འབྱུང་གནས། ཟངས་མདོག་དཔལ་རིར་ཨོ་རྒྱན་ཡབ་ཡུམ་བཞུགས་པ་རྣམས་ཀྱི་གང་རུང་ཞིག་གི་སྐུ་མདུན་དུ་མྱུར་བར་འགྲོ་ཐུབ་པའི་སྨོན་ལམ་གྱི་མཚམས་སྦྱོར་དང་འདུན་པ་བྱས་པ་ཡིན། རང་གིས་སྨོན་འདུན་དེ་ལྟ་བུ་བྱས་ནས་ཞག་གཅིག་ཀྱང་མ་འགོར་བར། ཨེང་ལན་ཌིར་སྐུ་བཞུགས་མཁན་ཆེན་བླ་མ་དམ་པ་དཔལ་དགྱེས་པ་རྡོ་རྗེའི་སྒྲིབ་མེད་གཟིགས་པའི་ཡེ་ཤེས་ཀྱིས་གསལ་བོར་མཁྱེན་ཏེ། འདི་སྔོན་ངེད་དཔོན་གཡོག་གཉིས་ངོ་ཤེས་དང་གྲོགས་པོ་ནང་མ་དེ་འདྲ་གང་ཡང་མིན་རུང་། གློག་འཕྲིན་བརྒྱུད་ནས་ཕྲན་ལ་རིང་འཚོའི་ཞབས་བརྟན་ཁག་གཅིག་འཕྲལ་དུ་མཛད་པ་དང་བསྟུན། བསྟན་འགྲོའི་དོན་དུ་ཡུན་རིང་འཚོ་དགོས་པའི་ཞལ་ནན་ཅི་བས་ཀྱང་ཆེ་བ་ཕེབས་པར་མ་ཟད། བླ་མ་རུང་དུ་ཡང་ང་ལ་ཚེ་གཟུངས་དང་ཚེ་བསྙེན་སོགས་ཞུ་རྟེན་བསྐུར་ཚར་འདུག་པ་དང་། ཡང་རིགས་པའི་གྲོགས་པོ་ཁྲག་འཐུང་བདེ་ཆེན་གླིང་པ་ལ་དེ་ལུགས་ཀྱི་ནང་གཏམ་ཞིག་ཞུ་ཐལ་ཤོར་བས། ཁོང་ནས་ཀྱང་བཀའ་བཀྱོན་དང་འབྲེལ་རིང་འཚོ་དགོས་པའི་ཞལ་ནན་ཤིན་ཏུ་ཟབ་མོ་ཕེབས། ཁྱད་པར་འཇིག་རྟེན་གྱི་གསོན་སྙིང་དྲོན་མོ་རྡོག་གཅིག་ཏུ་འདྲེས་པའི་བུ་མོ་འདི་ལ་ཕྱོགས་ཙམ་མ་ཞུས་ན། ཁྲམ་པ་དང་ཁྲེལ་མེད་དུ་འགྲོ་བར་བསམས་ནས་དེ་ལུགས་ཀྱི་སྙིང་གཏམ་ཟུར་ཙམ་ཞུས་པར། ཁོང་མོ་དགུང་ལོ་གཞོན་ཞིང་ཆོས་ཕྱོགས་ཀྱི་སློབ་གཉེར་དེ་ཙམ་མེད་རུང་ངའི་ཡིད་ཡུལ་དུ་མ་ཤར་བ་ཞིག་ལ། ཞི་དྲག་གི་ཐབས་མཁས་སྣ་ཚོགས་ཀྱིས་ཁོ་བོ་བཟུར་ས་བཀྱེད་ས་མེད་པ་བཟོས་ཏེ་ངའི་སྙིང་གི་བདག་པོ་(Heart owner)མོ་རང་ཁོ་ན་ཡིན་པའི་མནའ་བསྐྱལ་དུ་བཅུག་རྗེས། ཁོ་མོའི་དབང་ཆ་དེའི་ཐོག་ནས་ཁོ་མོ་རང་གི་དགོངས་འཁྲོལ་མེད་པར་རིང་འཚོའི་འདུན་པ་ཁོ་ན་ལས་བསམ་བློ་གཞན་གཏོང་མི་ཆོག་པ་ཆོས་ཕྱོགས་ཀྱི་དམ་ཚིག་དང་། འཇིག་རྟེན་གྱི་བརྩེ་འདུན་ཟབ་མོ་དཔང་དུ་བཞག་ཏེ། ཐེངས་མང་པོར་སྤྱན་ཆབ་མང་དུ་བསིལ་བཞིན་གསུང་ནན་ཤིན་ཏུ་ལྕི་བ་ཕེབས་པའི་རྐྱེན་གྱིས་རང་ངོས་ནས་ཀྱང་རིང་འཚོའི་སྨོན་འདུན་དང་། ཡི་དམ་ལྷའི་བྱིན་རླབས་ཀྱི་མཚན་མ་ལས་བྱུང་བའི་སྐུ་རིམ་རྣམས་བྱས་པས། དེ་ནས་བཟུང་འཆི་བའི་ལྟས་དང་ཚེ་རིང་པོ་མེད་པའི་ཚོར་སྣང་དེ་ཡང་རང་ཡལ་དུ་སོང་སྟབས། ད་བར་ཁོ་བོ་འཇིག་རྟེན་དུ་འཚོ་བ་འདིའི་ཐོག་ལ་ཡང་བུ་མོ་འདིའི་སྐུ་དྲིན་ཤིན་ཏུ་ཆེན་པོ་ཡོད།
ཁོ་མོས་ང་ལ་རིང་འཚོའི་རྟེན་འབྲེལ་དང་། མ་འོངས་པར་ཁོ་མོ་ངའི་ཚེ་རྟེན་དུ་འགྱུར་བའི་རྟེན་འབྲེལ་ཡིན་གསུངས་ནས་ཡུན་རིང་པོར་མནབས་ཟིན་པའི་ནང་གོས་ལྗང་གུ་རྙིང་པ་སྐུ་དྲེག་ཅན་ཞིག་དང་། ནུ་ཤུབས་དམར་པོ་རྙིང་པ་སྐུ་དྲེག་ཅན་ཆུ་ལ་བཀྲུས་མེད་པ་ཞིག་བཅས་མྱུར་སྦྲགས་ཐོག་ནས་བསྐུར་བྱུང་བ་ང་ལ་འབྱོར་རྗེས། ཞག་གཅིག་ཀྱང་མ་འབྲལ་བར་བརྩེ་འདང་གི་བྱིན་རླབས་ཅན་གྱི་གོན་པ་དེ་རྣམས་དང་མཉམ་དུ་ཉལ་གྱི་ཡོད་ཅིང་། ནེའུ་ཡོག་སོགས་སུ་ཆོས་ཁྲིད་ལ་འགྲོ་སྐབས་ཀྱང་འཁྱེར་ནས་འགྲོ་གི་ཡོད། ཁོ་མོའི་གོན་པ་དང་ནུ་ཤུབས་འབྱོར་བའི་དགུང་མོར་ལོངས་སྐུའི་རྒྱན་ཆས་ཅན་གྱི་བུད་མེད་དཀར་མོ་མི་ལས་འདས་པའི་ལང་ཚོ་ཅན་ཞིག་བྱུང་སྟེ་དབྱིན་སྐད་ཀྱི་ཐོག་ནས། འདི་ཁྱོད་ལ་ཚེ་དབང་རིག་འཛིན་ཆོས་སྐྱིད་དབང་མོས་བསྐུར་བའི་འཆི་མེད་ཡེ་ཤེས་ཀྱི་བདུད་རྩི་རེད་ཅེས་ (this is deathless wisdom nectar and Tsewang Rigzin Chokey Wangmo send to you) འོ་མ་ཤེལ་ཕོར་གང་སྤྲད་སོང་བ་ཞིག་རྨིས་པ་དེ་ཡང་རྟེན་འབྲེལ་ཤིན་ཏུ་ལེགས་པོར་སྣང་།
སྤྱིར་དེང་སང་སྟོན་པ་སངས་རྒྱས་ལ་ཡང་སྐུར་འདེབས་ཀྱི་ཀུ་ཅོ་ཧ་ཅང་མང་ཞིང་། སྐྱེ་བོ་རྣམས་ཤེས་རབ་འཆལ་བ་ཡང་མང་དྲགས་པས། བླ་མ་ངོ་མ་ཞིག་དང་སྐྱེས་བུ་དམ་པ་ཞིག་ཡིན་ན་ངེས་པར་དུ་བླ་ཆེན་དཔོན་ཆེན་ཐོབ་ཆེན་ཞིག་ཡིན་དགོས་པ་དང་། བླ་ཆེན་དཔོན་ཆེན་ཐོབ་ཆེན་ཞིག་ཡིན་ན་སྐྱོན་ཇི་ཙམ་དང་རྙོག་དྲ་ཅི་ཙམ་ཡོད་ཀྱང་ཁ་ཙམ་ཡང་གཏོང་མི་རུང་བ། དེ་ལྟ་མིན་ན་བླ་མ་དང་སྐྱེས་བུ་དམ་པ་གང་ཡང་མིན་པར་ཁོ་ཐག་གཅོད་པའི་སྐབས་འདིར། ཁོ་བོ་ལྟ་བུ་ཁ་རྗེ་ཐོབ་ཐང་གང་ཡང་མེད་པ་ཞིག་གིས་སྐད་ཆ་འདིའི་རིགས་བཤད་པ་སྐུར་འདེབས་ཡོང་བའི་གཞི་ལས་མེད་པ་ལོས་ཤེས་ཏེ། ལོ་རྒྱུས་ནི་ལོ་རྒྱུས་ཡིན་པས་བརྗེད་ངས་ཀྱི་ཆོམ་པོས་མི་འཕྲོག་པའི་ཕྱིར་དཀྱུས་གཅིག་ཏུ་འབྲི་བ་གལ་ཆེ་ཞིང་། སྤྱིར་ཁོ་བོ་རང་གིས་བྲིས་པའི་རང་གི་ལོ་རྒྱུས་ཀྱི་ཟིན་བྲིས་རྣམས་ཀྱང་གཞུང་དང་། རྣམ་ཐར་དང་། ཆོས་འབྱུང་དང་། བསྟན་བཅོས་སོགས་ནི་ཅི་ཡང་མ་ཡིན་པར་རིགས་པའི་གྲོགས་པོ་རྣམས་དང་། རང་གི་མི་རྒྱུད་རྗེས་མ་རྣམས་ལ་མི་ཚེའི་སྐྱིད་སྡུག་གི་དངོས་བྱུང་ལོ་རྒྱུས་ཀྱི་ཁ་བརྡ་ཙམ་ཞིག་བྱས་པ་གཙོ་བོར་བཟུང་ཡོད་པས། རིགས་དང་། ཐོས་པ་དང་། ཤེས་རབ་དང་། གདམས་ངག་གི་བརྒྱུད་པ་མི་གཅིག་པ་རྣམས་ཀྱི་རྣ་བར་འགྲོ་མི་འགྲོ་ལ་ནི་སེམས་ཁྲལ་གང་ཡང་བྱས་མེད་དོ།། དེར་མ་ཟད་ཆོས་ཀྱི་ཉམས་ལེན་ལས་བྱུང་བའི་ལག་རྗེས་མིན་རུང་། འཇིག་རྟེན་གྱི་ཉམས་མྱོང་བསགས་པ་མང་དྲགས་པས། དེང་སང་མི་སུ་ཞིག་གིས་རྒྱུ་མཚན་ཡོད་མེད་ཀྱི་སྐུར་འདེབས་ཅི་བྱེད་ལ་རེ་དོགས་རྩྭ་རྩེའི་ཟིལ་བ་ཙམ་ཡང་བྱེད་ཀྱི་མེད་པས། འཇིག་རྟེན་ཆོས་བརྒྱད་ཀྱི་ནང་གི་མི་སྙན་པ་དང་། སྨད་པ་གཉིས་མི་འདོད་པའི་བསམ་བློ་ནི་གཏན་ནས་གཏན་དུ་སྤངས་ཟིན་པ་ཡིན་ལགས།
དེ་ལྟར་ཁོ་བོ་རང་གི་སྙིང་དུ་སྡུག་པའི་ཆུང་མས་གསོན་བསྐྱུར་བྱས་ཤིང་། ཁྱི་ལས་ཀྱང་རུས་རྐང་ཞན་པའི་གྲོགས་པོ་འགའ་ཞིག་གིས་རོ་ཐོག་རྟ་རྒྱུག་གང་མང་བྱས་ཏེ། སེམས་སྡུག་དང་ངོ་ཚ། བློ་ཕམ་ཡི་ཆད་སོགས་ཀྱིས་ངོ་ཤོར། གཉའ་ཆག མགོ་འཕང་སྨད་ནས་སྡོད་པའི་སྐབས་སུ་ལྷ་ཡི་སྲས་མོ་འདི་དཀོན་མཆོག་གིས་ང་ལ་སེམས་གསོར་བཏང་བ་ལྟ་བུ་ཞིག་བྱུང་ཞིང་། སྲོག་ལས་གཅེས་པའི་བུ་མོ་འདི་དང་ཐུག་ཅིང་བུ་མོ་འདིའི་སྦྲང་རྩི་ལས་ཞིམ་པའི་བརྩེ་དུང་གི་རྒྱ་མཚོ་ཡོད་ཚད་ཁོ་བོའི་ཕྱོགས་སུ་འཁྱིལ་རྗེས། སེམས་ནང་གི་སྡུག་བསྔལ་དང་སུན་སྣང་ཐམས་ཅད་ཀྱང་ག་ལེ་ག་ལེར་གཏན་ཡལ་དུ་གྱུར་སོང་བས། སྐབས་རེ་རང་ཉིད་གཅིག་པུ་ཡིན་སྐབས། བུ་ཡག་ཅིག་གི་སྐྱེ་ཡག་མེད་རུང་།། མོ་ཡག་ཅིག་གི་སེམས་པ་འཁོར་ཡོད།། ཅེས་པའི་གཞས་དེ་དང་། རིག་འཛིན་ཚངས་དབྱངས་རྒྱ་མཚོའི་གསུང་མགུར་ནང་གི་ཚན་པ་འགའ་རེ་བཏང་ཞོར་རྐང་བྲོ་བརྒྱབ་ནས་སྨྱོས་བཏང་བ་ལྟ་བུའི་སྤྱོད་པ་བྱེད་ཀྱི་ཡོད།
དེར་མ་ཟད་ཁོ་བོ་ཅག་འོད་གསལ་གསང་བ་སྙིང་ཐིག་གི་ཆོས་བརྒྱུད་འཛིན་པ་རྣམས་ལ་དམིགས་བསལ་རྨི་ལམ་གྱི་རྟེན་འབྲེལ་ཡག་པོ་ཡོད་པའི་དབང་ལྟར་དུ་བྱས་ན། ངས་བུ་མོ་འདི་ཉིད་ཡི་དམ་དབྱངས་ཅན་མ་ལ་མཆོད་པའི་སྤྲིན་དུ་ཕུལ་བའི་སྟོབས་ཀྱིས་རྡོ་རྗེ་དབྱངས་ཅན་མའི་བྱིན་རླབས་རང་གི་རྒྱུད་ལ་ཞུགས་པ་དང་། ཡང་དབང་གི་ཕྲིན་ལས་འགྲུབ་ཅིང་རྡོ་རྗེས་སྲུང་མ་རྣམས་ཀྱིས་བར་ཆད་བཟློག་པ་དང་། ཡང་བུ་མོ་འདི་གཞན་ལས་ཁྱད་དུ་འཕགས་ཤིང་། ཐུགས་ཀྱི་བརྩེ་བ་ཡོད་ཚད་ཉི་མའི་དཀྱིལ་འཁོར་ལྟར་ཁོ་བོ་རང་གི་ཕྱོགས་སུ་ཤིན་ཏུ་གསལ་བོར་ཡོད་པ་སོགས་ཀྱི་རྨི་ལྟས་བྱུང་བ་རྣམས་། བརྗེད་པར་ཕངས་ནས་འཕྲལ་མ་ཉིད་དུ་དབྱིན་ཡིག་ཏུ་བྲིས་ཏེ་རྒྱལ་སྤྱིའི་རང་བཞིན་ཅན་གྱི་ངོ་དེབ་ཏུ་བཀོད་པ་ཡིན་ལ། བྲིས་མེད་པ་ཡང་ཤིན་ཏུ་མང་། གཞན་ཡང་ནུབ་གཅིག་ངའི་ཁྱིམ་ཡོངས་རྫོགས་ལ་གད་བརྡར་ཤིན་ཏུ་གཙང་མ་འོད་འབར་བ་ཞིག་བྱས་ཏེ། ཁྱིམ་དཀྱིལ་དུ་མདུན་ཅོག་ཆེན་པོ་གཅིག་བཤམས་པའི་ཐོག་ཏུ་ཟིལ་བ་ཕྲུམ་མེར་ཡོད་པའི་ཤིང་ཏོག་ཀུ་ཤུ་དང་། ལྕང་སུལ་ལམ་ཆང་བ་ལུ། ཁམ་བུ། འབྲི་ཏ། རྒུན་འབྲུམ། བིལ་བ། སེ་འབྲུ་སོགས་སྡེར་མ་སྣ་ཚོགས་ཀྱི་ནང་དུ་ཕྱུར་བུར་བཀང་ནས་བཤམས་འདུག་པ་དང་། འོ་ཇ་ཕོར་བ་འགའ་བླུགས་ནས་བསྒྲིགས་འདུག་པ་ལས་ཁ་བླངས་འཕྱུར་བཞིན་འདུག་ཅིང་། དམར་ཟས་ཀྱི་རིགས་ནི་གཅིག་ཀྱང་མི་འདུག དེར་ངས་བསམ་པར་ཆོས་སྐྱིད་ཡོང་ནས་ངའི་ཁྱིམ་ལ་འདི་དག་བཟོས་འདུག་ཀྱང་། ང་གཉིད་བསྡད་ཡོད་སྟབས་ཁོ་མོས་མ་བོས་བར་ག་ལེ་ག་ལེར་བསྒྲིགས་པ་ཡིན་རྒྱུ་རེད་བསམ། ཞོགས་པར་གཉིད་ལས་སད་རྗེས་རྨི་ལྟས་དེ་དང་མཐུན་པར་ཁོ་མོས་ང་ལ་འཕྲིན་ཡིག་ཅིག་སླེབས་འདུག་པ་ལས། དེ་རིང་དགའ་རོགས་དུས་ཆེན་ཡིན་པས་ང་ཞོགས་པ་སྔ་བོ་ནས་ཡར་ལངས་ཏེ། ཁྱེད་ཀྱི་སྐུ་པར་མདུན་ཅོག་ཐོག་ཏུ་བཤམས་ཤིང་། དེའི་མདུན་དུ་གསོལ་ཇ་དང་ཤིང་ཐོག་སོགས་བསྒྲིགས་ནས་མཆོད་པ་སྣ་ཚོགས་བཤམས་པ་ཡིན་ཟེར། ངས་རྩེད་མོ་ལྟ་བུར་ང་ཤ་ཟ་རྒྱུར་དགའ་བས་ཤ་བཤམས་པ་ཡིན་ནམ་ཞེས་དྲིས་པས། ཅུང་ཙམ་ནས་ཡིག་ལན་སླེབས་ཏེ་ཁྱེད་ལ་བརྩི་མཐོང་གི་ཆེད་དུ་དམར་ཟས་ཀྱི་རིགས་ནི་བཤམས་མེད་ཟེར། དེས་ན་རྨི་ལྟས་དེ་ནི་དེ་ལ་བལྟས་པ་ལྟ་བུར་འདུག་ཀྱང་ང་རང་གི་བསམ་བློར་བུ་མོ་འདིས་ངའི་ཁྱིམ་ལ་བཀྲ་ཤིས་བདེ་ལེགས་ཤིག་ཁྱེར་ཡོང་བའི་ལྟས་སུ་བརྩིས་ཡོད།
གཞན་ཡང་ངེད་གཉིས་ངོ་ཤེས་ཤིང་ཕན་ཚུན་བརྩེ་དུང་གི་འབྲེལ་བ་ཟབ་མོ་ཆགས་ཏེ་ཡུན་རིང་ཙམ་འགོར་རུང་། གནམ་ཀླད་ (Skype) ཀྱི་ཐོག་ནས་སྐད་ཆ་བཤད་པ་དང་། ཡིག་འབྲེལ་བྱེད་པ། ཕན་ཚུན་ལ་པར་བསྐུར་རེས་བྱེད་པ་ཙམ་ལས་ཁོ་མོའི་ལས་ཁུངས་ཀྱི་གློག་ཀླད་ལ་པར་ལེན་འཕྲུལ་ཆས་མེད་པ་དང་། ཁྱིམ་གྱི་གློག་ཀླད་ལ་དྲ་ཤུགས་ཧ་ཅང་ཞན་པས་ཞལ་རས་དངོས་ནི་ཡུན་རིང་པོར་མཇལ་མ་ཐུབ། ཉིན་ཞིག་མོའི་ཁྱིམ་དུ་དྲ་ཤུགས་ཆེན་པོ་སླེབས་པས་ངེད་གཉིས་ལ་རེ་བ་མེད་ས་ཞིག་ནས་ཕན་ཚུན་གྱི་ངོ་ལ་བལྟས་ཏེ་སྐད་ཆ་བཤད་ཐུབ་པ་བྱུང་། འདི་ནི་ངས་མི་ཚེ་འདིར་ཁོ་མོའི་ཞལ་རས་དངོས་འཇལ་བ་ཐོག་དང་པོ་ཡིན་ཞིང་། ཉིན་དེ་ནི་མཁའ་འགྲོ་འདུ་བའི་དུས་ཆེན་ཏེ་བོད་ཟླ་༦པའི་ཚེས་༢༥དང་ཕྱི་ཟླ་༨ཚེས་༥ཉིན་རེད། ཉིན་འདིའི་ཞོགས་པར་ངས་ཡུམ་ཀ་བདེ་ཆེན་རྒྱལ་མོའི་ཚོགས་མཆོད་ཤིན་ཏུ་བསྡུས་པ་ཞིག་བྱས་ནས་ཉིན་གུང་རྗེས་ལ་ནེའུ་ཡོག་ཏུ་ཆོས་ཁྲིད་ལ་འགྲོ་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད། དེས་ན་སློབ་དཔོན་རིན་པོ་ཆེའི་འཁྲུངས་སྐར་གྱི་ཉིན་ངེད་གཉིས་ཐོག་མར་ཐུག་ཅིང་། མཁའ་འགྲོ་འདུ་བའི་དུས་ཆེན་གྱི་ཉིན་ཕན་ཚུན་གྱི་གདོང་ལ་དངོས་སུ་བལྟ་བའི་གོ་སྐབས་བྱུང་བ་དེ་དག་ཀྱང་གཅིག་བྱས་ན་ལྟས་དབང་ལྟ་བུ་ཡིན་སྲིད་རུང་། ཡང་གཅིག་བྱས་ན་རྟེན་འབྲེལ་ལེགས་ཕྱོགས་སུ་སྨིན་པའི་མཚན་མ་ལྟ་བུ་ཡང་ཡིན་མི་སྲིད་པ་མིན་སྙམ། ད་དུང་ངའི་ལོ་རྒྱུས་ལེའུ་གསུམ་པར་གསལ་བ་ལྟར། སྔར་རང་དགོན་ཁྲ་གླིང་དགོན་དུ་སྡོད་སྐབས་ཀྱི་ཌཱཀྐིའི་ལུང་བྱང་། གོས་ངུར་སྨྲིག་གི་ཁ་དོག་ལྕང་ལོས་བསྒྱུར༔ ཐུགས་འོད་གསལ་གྱི་ཉི་མ་མཁའ་ལ་འཆར༔ སྦྲུལ་རེ་འབྱམས་ཀྱི་ཁ་རླངས་མ་ཕོག་ན༔ སྟག་འཛུམ་དྲུག་གི་རི་མོས་བྱང་ཆུབ་འགྲུབ༔ འཁོར་ལྷན་སྐྱེས་ཀྱི་ཌཱཀྐིའི་རྟེན་འབྲེལ་ལས༔ མ་གནས་གསུམ་གྱི་མཁའ་འགྲོས་བུ་བཞིན་སྲུང༔ ཞེས་པ་ལས་བྱུང་བ་བཞིན་བུ་མོ་འདིའི་ལོ་སྙིང་ཡང་སྟག་ཡིན་པས་ཕྱོགས་གང་ནས་བསམ་ཀྱང་འདྲ་སའི་ནང་ན་མ་འདྲ་བ་འགའ་རེ་ཡོད་པ་ཡིན།
དེ་ལྟར་ཕྱི་ལོ་༢༠༡༠ཟླ་༦ཚེས་༢༡ངེད་གཉིས་ཉིན་ངོ་ཤེས་ཤིང་། ༢༠༡༡ལོའི་ཟླ་༤པའི་ཚེས་༢ལ་དངོས་སུ་ཐིམ་ཕུག་ནས་ངོ་ཐུག་པའི་བར་ཧ་ལམ་ལོ་གཅིག་མ་ཟིན་ཙམ་གྱི་རིང་བརྩེ་དུང་གི་འབྲེལ་བ་ཟབ་ནས་ཟབ་ཏུ་ཕྱིན་ཅིང་། ཕན་ཚུན་ལ་རྔན་པ་སྣ་ཚོགས་མང་ཙམ་ཡང་མྱུར་སྦྲགས་ཐོག་ནས་བསྐུར་རེས་བྱས་པ་དང་། ང་ནེའུ་ཡོག་ཏུ་ཆོས་ཁྲིད་ལ་འགྲོ་བའི་སྐབས་དང་། སྐབས་རེ་ཁོ་མོ་ལས་དོན་ཀྱི་ཆེད་དུ་ཐིམ་ཕུག་ལ་ཉིན་ཤས་རེར་འགྲོ་དགོས་པའི་དུས་ཙམ་མ་གཏོགས། རྒྱུན་ཏུ་ཞོགས་པ་དང་དགོང་མོ་གཉིས་ཀར་དྲ་ཐོག་ནས་ཡུན་རིང་ཙམ་རེར་ཁ་བརྡ་མ་བྱས་པའི་ཉིན་ཞིག་ཧ་ལམ་མེད་ཅིང་། སྐབས་འདི་དག་ཏུ་ངས་སྔ་འགྱུར་རྒྱུད་འབུམ་ཆེན་པོའི་དཀར་ཆག་སོགས་འབྲི་བཞིན་ཡོད་པས། ང་རང་གི་ཕྱོགས་ཀྱི་དགོང་མོའི་དུས་ཚོད་ལ་ཕངས་སེམས་ཆེ་ཙམ་ཡོད་རུང་། དེའི་ཚབ་ལ་མཚན་མོ་ཕྱི་བོར་ཉལ་རྒྱུ་གཙོ་བོར་བྱེད་ཀྱི་ཡོད། ཁོ་མོ་བརྩེ་དུང་གི་འཕྲིན་ཡིག་འབྲི་བ་ལ་ཤིན་ཏུ་མཁས་པས་བརྩེ་འཕྲིན་འགའ་ཞིག་ངའི་དྲུང་ཡིག་དང་། སློབ་མ་སྐོར་ཞིག གྲོགས་པོ་ནང་མ་འགའ་ཞིག་བཅས་ལ་བསྟན་པར་ཁོང་ཚོའི་མིག་མཐར་མཆི་མ་འཁོར་གྱི་འདུག་ཅིང་། ངའི་དྲུང་ཡིག་སོགས་ང་ལ་སེམས་དཀར་མི་རྣམས་ཀྱིས་ངེད་ཕ་བུ་གཉིས་ཀྱི་དཔལ་འབྱོར་གྱི་གནས་སྟངས་སྐྱོ་བོ་ཡིན་པ་ཤེས་པས། ཐོག་མར་ང་རང་གི་ཆུང་མས་བསྐྱུར་རྗེས་ངའི་ཆང་ས་གཉིས་པ་དེ་ཨ་རིའི་མེ་སེར་ཡིན་པའི་བུ་མོ་རྒྱུ་ཅན་དང་། ཁང་པ་དང་མོ་ཊ་ཡོད་མཁན་ཞིག་དང་མཉམ་དུ་སྡོད་རྒྱུའི་རེ་བ་བྱེད་ཀྱི་འདུག་ཀྱང་། བུ་མོ་འདིའི་བརྩེ་འཕྲིན་རྣམས་མཐོང་བའི་རྗེས་ནས། རིན་པོ་ཆེ། ཉིད་ཀྱི་ཐུགས་སེམས་འཆོར་བར་ཁག་མི་འདུག བུ་མོ་འདི་ཐུགས་གཤིས་བཟང་ཞིང་ལས་འབྲས་ལ་བརྩི་མཁན་ཞིག་ཡིན་ཁོ་ཐག་རེད་འདུག་པས། སྐུ་ཉིད་ལྟ་བུ་ཐུགས་རྒྱུད་དྲང་ཞིང་། སྐུ་ཡོན་ཆེ་བའི་རིན་པོ་ཆེ་ཞིག་གི་སྐུ་ཟླར་ཧ་ཅང་འོས་པར་འདུག་ཟེར།
༢༠༡༠ལོའི་ལོ་མཇུག་ཏུ་ཁོ་མོའི་ཨ་མ་དང་། གཅེན་མོ་འགའ། མག་པ་འགའ་བཅས་རྡོ་རྗེ་གདན་སོགས་སུ་གནས་སྐོར་ལ་འགྲོ་སྐབས་ངས་དངུལ་ཕྲན་བུ་ཞིག་བསྐུར་རྒྱུ་བྱུང་བ་དང་། སྨན་དང་ཁྲུས་ཀྱི་ཅ་ལག པར་ཆས་སོགས་ཉེར་མཁོ་ཤོག་སྒམ་ཆེ་བ་གང་བསྐུར་ཞིང་། ཕལ་ཆེ་བ་ལམ་ཁ་ནས་ཁོ་མོའི་སྐུ་གཟུགས་ལ་བདག་པོ་རྒྱག་བྱེད་ཀྱི་ཅ་ལག་ཡོ་ཆས་ཤ་སྟག་ཡིན། ཅ་ལག་ཕྲན་ཚེགས་རེ་རེ་དང་མཉམ་དུ་ངའི་སེམས་ཀྱི་བརྩེ་བ་དྲོན་མོ་རེ་རེ་ཡོད་པས། ཅ་ལག་དེ་ཚོ་ཁོ་མོའི་ཕྱག་ཏུ་འཕྲོད་སྐབས་ངའི་བརྩེ་སེམས་ཁོ་མོའི་ཕྱག་ཏུ་འཕྲོད་པའི་ཚོར་སྣང་བྱེད་ཀྱི་ཡོད། འོན་ཀྱང་བུ་མོ་འདི་རྒྱུ་མཚན་ཤེས་ཤིང་ངོ་ཚ་ཁྲེལ་ཡོད་ཅན་ཞིག་ཡིན་པས་ཅ་ལག་གོང་ཆེན་གྱི་རིགས་བསྐུར་རྒྱུ་ལ་ནམ་རྒྱུན་དགག་བྱ་ནན་མོ་བྱེད་ཀྱི་འདུག
ཁོང་རྣམས་ཀྱིས་རྡོ་རྗེ་གདན་དང་། ཝ་ར་ཎཱ་སི། བྱ་རྒོད་ཕུང་རི། ན་ལེནྡྲ། ཟ་ཧོར་མཚོ་པདྨ་ཅན་སོགས་བསྐོར་ཏེ་ཕྱིར་སླེབས་རྗེས། ཁོ་མོས་ང་ཅིས་ཀྱང་འབྲུག་ལ་ཁོ་མོར་བལྟ་བར་ཡོང་དགོས་པའི་སྐུལ་མ་ཟབ་ནན་བྱས་པ་དང་། ངས་ཀྱང་སློབ་དཔོན་ཐུགས་རྗེ་ཅན་གྱི་བྱིན་གྱིས་བརླབས་པའི་སྦས་ཡུལ་འདིར་ལན་གཅིག་འགྲོ་འདོད་ཀྱི་འདུན་པ་བྱས་ནས་ལོ་བཅུ་གྲངས་འགོར་ཀྱང་ད་བར་འགྲོ་སྟབས་མ་འགྲིག་པས། ད་རེས་བློ་གཏད་ས་ཞིག་ཀྱང་ཡོད་པའི་གོ་སྐབས་འདི་ལ་ཅིས་ཀྱང་འགྲོ་དགོས་སྙམ་ནས་དེ་ལུགས་ཀྱི་ཐག་གཅོད་བྱས། སྤྱིར་ཁོང་ཚོ་རྡོ་རྗེ་གདན་དུ་མ་སོང་བའི་སྔོན་ནས་ང་འབྲུག་ལ་ཡོང་རྒྱུའི་སྐད་ཆ་བྱས་ཀྱང་། སྐབས་དེར་ངས་རྒུ་རེན་ཀར་ཊི་(Permanent Resident)མངགས་རྒྱུའི་ལས་ཀ་བྱེད་བཞིན་པ་དང་། ཕྱིར་བསྐྱོད་ལག་ཁྱེར་ཀྱང་ཐོན་མེད་པས་འགྲོ་ཐབས་མ་བྱུང་། ངས་རྒུ་རེན་ཀར་ཊི་དང་ཕྱིར་བསྐྱོད་ལག་ཁྱེར་མཉམ་དུ་མངགས་ཡོད་པས། འདི་ལོར་ཡང་གཅིག་བྱས་ན་ཟླ་བ་བརྒྱད་པ་དགུ་པ་ཙམ་ཞིག་གི་ནང་མ་གཏོགས་འགྲོ་ཐུབ་རྒྱུ་མ་རེད་བསམ་ཀྱང་། ཕྱི་ཟླ་༣པའི་ཚེས་༡༠ཉིན་ཕྱིར་བསྐྱོད་ལག་ཁྱེར་གློ་བུར་དུ་སླེབས་སོང་བས། དེའི་ཕྱི་ཉིན་ནས་འབྲུག་ལ་འགྲོ་རྒྱུའི་གྲ་སྒྲིག་བྱས། འོན་ཀྱང་འབྲུག་གི་ཐོངས་མཆན་རག་རྒྱུ་ཤིན་ཏུ་དཀའ་བར་བརྟེན། ཐེངས་འདིའི་འགྲིམ་འགྲུལ་གྱི་ཆེད་དུ་ང་དང་ངའི་སྙིང་ཉེ་བའི་གྲོགས་པོ་སྐོར་ཞིག་གིས་ཉིན་མཚན་གཉིས་ཀར་ཡིད་ཆེས་དཀའ་བའི་དཀའ་ལས་ཤིག་རྒྱག་དགོས་བྱུང་། ཐ་ན་༡༩༩༦ལོར་བོད་ནས་རྒྱ་གར་དུ་ཡོང་སྐབས་དང་། ༢༠༠༧ལོར་རྒྱ་གར་ནས་ཨ་རིར་སྐྱབས་བཅོལ་དུ་ཡོང་སྐབས་ཀྱང་། གྲ་སྒྲིག་གི་ཕྱོགས་ནས་ད་རེས་ཀྱི་གྲ་སྒྲིག་གི་དཀའ་ལས་དེའི་ཕྱེད་ཀ་ཙམ་ཡང་བྱུང་མེད་པས། གྲོགས་པོ་དྲིན་ཅན་ཁག་ཅིག་གིས་ཚེགས་ཤུགས་དང་རྒྱུ་ཤུགས་ལ་བསྡུར་མེད་ན་ང་རང་གི་ངོས་ནས་གང་ཡང་མི་འཇོན་ཁོ་ཐག་རེད།
གང་ལྟར་མཐའ་མཇུག་དེ་ལ་འགྲོ་ཐུབ་རྒྱུ་གཏན་ཁེལ་བས་ཕྱི་ཟླ་༣པའི་ཚེས་༢༩ལ་ནེའུ་ཡོག་ནས་ཕར་འགྲོ་རྒྱུ་དང་། ཕྱི་ཟླ་༤ཚེས་༢༧ལ་ཚུར་ཡོང་རྒྱུའི་གནམ་གྲུའི་འཛིན་བྱང་ཉོས། ད་རེས་ཀྱི་འགྲིམ་འགྲུལ་འདི་ལ་སྔར་དང་མ་འདྲ་བར་གནམ་གྲུའི་འཛིན་བྱང་གི་ཐོག་ནས་ཀྱང་དཀའ་ལས་གང་མང་འཕྲད་སོང་བས། ནེའུ་ཡོག་(New York)ནས་ཁ་ཆེའི་རྒྱལ་ཁབ་དྷུ་པའེ་(Dubai)དང་། དེ་ནས་བྷང་ལོར།(Bengaluru) དེ་ནས་དྷེ་ལི་གསར་བ།(New Delhi) དེ་ནས་བྷག་ཌོག་ར་(Bagdogra)བཅས་སུ་འཕུར་རྒྱུའི་འཛིན་བྱང་མི་ཉོ་ཐབས་མེད་བྱུང་རྐྱེན་ཕན་ཚུན་གཉིས་ཀར་གནམ་གྲུ་བརྒྱད་བརྗེ་དགོས་བྱུང་། འོན་ཀྱང་རང་ཁྱིམ་ནས་ཐོག་མར་ལམ་ལ་ཆས་པའི་ཉིན་སྟེ་ཚེས་༢༨ཉིན་གྱི་ཐོ་རངས་ལ་བུད་མེད་ནག་མོ་ཞིག་གིས་དབྱིན་ཡིག་གི་ཐོག་ནས། དབྱངས་ཅན་མས་ཁྱོད་ལ་རོགས་པ་བྱེད་ཀྱི་རེད། (Saraswati supports to you,) ཟེར་བའི་ཡིག་འཕྲིན་ཞིག་བསྐྱལ་བ་རྨིས་པས་ལམ་ཁར་གེགས་དང་བར་ཆད་ཅི་ཡང་མེད་ཅིང་། བསམ་དོན་ཡིད་བཞིན་དུ་འགྲུབ་པའི་གདེངས་ཚོད་བྱུང་།
ཚེས་༢༩དགོང་མོའི་ཆུ་ཚོད་བཅུ་གཅིག་གི་ཐོག་ནེའུ་ཡོག་རྒྱལ་སྤྱིའི་གནམ་ཐང་ནས་འཕུར་མགོ་བརྩམས་པ་དང་། ཚེས་༣༡ཉིན་གྱི་ཉིན་རྒྱབ་ཆུ་ཚོད་གཉིས་པར་ཤི་ལི་རྒུ་རིའི་གནམ་ཐང་བྷག་ཌོག་ར་རུ་སླེབས་ཤིང་། གནམ་ཐང་དུ་འབྲུག་གཞུང་གི་ལས་བྱེད་འགའ་ཞིག་སྒེར་ངོས་ནས་བསུ་བར་སླེབས་འདུག་པ་བཞིན་དེའི་ནུབ་མོར་འབྲུག་བསམ་རྩེ་རྫོང་དུ་བསྡད། དེའི་ཕྱི་ཉིན་ཕུན་ཚོགས་གླིང་བརྒྱུད་ནས་ཐིམ་ཕུག་ཏུ་ཕྱིན་ཅིང་། ཕུན་ཚོགས་གླིང་ནས་ཁོ་མོའི་གཅེན་མོ་པདྨ་དང་། མོའི་བུ་མོ་གཉིས་བསུ་བར་སླེབས་པ་ལ་ཨ་རི་ནས་ཆེད་དུ་ཉོས་པའི་རྔན་པ་འགའ་སྤྲད་ཅིང་། ཕྱིར་ཡོང་བའི་ལམ་ཁར་ཁོ་མོའི་ཁྱིམ་དུ་ཞག་སྡོད་བྱེད་རྒྱུ་ཁས་བླངས། བསམ་རྩེ་ནས་ཐིམ་ཕུག་གི་བར་ལམ་ཐག་ཤིན་ཏུ་རིང་བས། ཞོགས་པའི་ཆུ་ཚོད་དགུ་པར་ལམ་ལ་ཆས་ཀྱང་ཐིམ་ཕུག་ཏུ་ས་རུབ་རྗེས་མ་གཏོགས་སླེབས་མ་སོང་། ས་རུབ་རྗེས་ང་བསུ་མི་རྣམས་ཀྱི་ཁྱིམ་དུ་ཁྱུག་ཙམ་རེ་ཕྱིན་ཅིང་། དེ་ནས་ངའི་སེམས་གཏིང་གི་གྲོགས་པོ་གཞི་སྤྲུལ་ཆོས་ཉིད་རང་ཤར་རིན་པོ་ཆེའི་བླ་བྲང་ཏུ་ཕྱིན། མཁན་རིན་པོ་ཆེ་འཇུ་བསྟན་སྐྱོང་ཡང་དེར་ཕེབས་འདུག་པས་ང་ཚོ་མཚན་མོ་ཕྱི་བོའི་བར་དུ་ཅོལ་སྒྲོས་མོལ་སྒྲོས་སྣ་ཚོགས་གླེང་ནས་བསྡད་པ་དང་། ཁོ་མོའི་ཁ་པར་སླེབས་པ་ལ་སང་ཉིན་ཐུག་རྒྱུའི་ས་ཆ་དང་དུས་ཚོད་གཏན་ཁེལ་བྱས།
ཕྱི་ཚེས་༢ཉིན་གྱི་ཞོགས་པར་རིན་པོ་ཆེའི་བླ་བྲང་ནས་ཞོགས་ཟས་ཟོས་རྗེས། མཁན་རིན་པོ་ཆེ་དང་མཉམ་དུ་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་བསམ་གཏན་མིག་སྒྲོན་གྱི་འགྲེལ་བའི་ནང་གི་ཧ་ཤང་གི་སྐོར་དང་། གནས་ལུགས་མཛོད་ཀྱི་ནང་གི་ཧ་ཤང་གི་སྐོར། བསྒོམ་རིམ་བར་བ་སོགས་ལ་བགྲོ་གླེང་ཞིབ་ཚགས་པོ་བྱས་ནས་ཉིན་གུང་བར་འགོར། དེ་ནས་ཁོ་མོས་ལག་འཛིན་ཁ་པར་བརྒྱུད་དེ་ཁོ་མོ་ལམ་ལ་ཆས་རན་གྱི་ཡོད་པའི་གློག་འཕྲིན་སླེབས་པས། གུང་ཟས་སྟབས་བདེ་ཞིག་ཟོས་ནས་མཁན་རིན་པོ་ཆེ་དང་། རིན་པོ་ཆེའི་བླ་བྲང་གི་ཞབས་ཞུ་བས་བསྐྱལ་བ་ལྟར་དལ་མོ་བྱས་ནས་མིག་དམར་མགྲོན་ཁང་དུ་ཕྱིན། མགྲོན་ཁང་གི་ཁང་མིག་༡༠༣ལ་བསྡད་པས་ཞག་གཅིག་ལ་ཧིན་སྒོར་བཞི་སྟོང་ལྔ་བརྒྱ་རེད་འདུག སྔར་༡༩༩༨ལོར་ཐེ་ལན་ཌི་དང་ཐེ་ཝན་སོགས་སུ་འགྲོ་སྐབས་སངས་རྒྱས་འོད་ཟེར་རི་བོའི་དགོན་པས་འགྲོ་གྲོན་བཏང་བ་ལྟར་སྐར་མ་ལྔ་ཅན་གྱི་མགྲོན་ཁང་ཁ་ཤས་ཀྱི་ནང་དུ་སྡོད་མྱོང་བ་ལས། རང་ངོས་ཀྱི་འགྲོ་གྲོན་བཏང་ནས་མགྲོན་ཁང་གོང་ཆེན་འདི་འདྲ་ཞིག་གི་ནང་དུ་བསྡད་པ་དང་པོ་ཡིན། ཁོ་མོས་ང་ལ་མགྲོན་ཁང་དཀྱུས་མ་ཞིག་ལས་གོང་ཆེན་ཞིག་མ་ལེན་ཞེས་གདམས་པ་དང་། ང་ལ་ཡང་མི་དྲག་ཕྱུག་པོའི་ཨོ་ཟོབ་བསྟན་འདོད་མེད་པས་མགྲོན་ཁང་དཀྱུས་མ་ཞིག་ལ་སྡོད་བསམ་ཡང་ཁང་མིག་འདི་ལས་མ་རག་པས་འདིར་སྡོད་དགོས་བྱུང་།
མགྲོན་ཁང་དུ་སླེབས་རྗེས་མཁན་རིན་པོ་ཆེ་དང་བླ་བྲང་གི་ཞབས་ཞུ་བ་གཉིས་ཕྱིར་ཕེབས་སོང་། དེ་ནས་ངས་ལུས་ཁྲུས་བྱས་རྗེས་ཉིན་མང་པོར་མ་བཀྲུས་པའི་ནང་འཇམ་དང་། གསང་དོར། ཨུ་སུག་རྣམས་བཀྲུས་ཏེ་སྐམ་དུ་བཅུག་པ་སོགས་བྱས་པས་ཉིན་རྒྱབ་ཆུ་ཚོད་གཉིས་པ་ཟིན། དེ་ནས་ཁོ་མོས་ཁ་པར་སླེབས་ཏེ་ཁོ་མོ་ད་ལྟ་གླ་འཁོར་གྱི་ནང་དུ་ཡོད་པ་དང་། ཆུ་ཚོད་བཞི་པ་ཡར་མར་ཙམ་ལ་ཐིམ་ཕུག་ཏུ་སླེབས་ཐུབ་ཀྱི་རེད་ཟེར། དེས་ན་ད་དུང་ཁོ་མོ་སླེབས་པ་ལ་ཆུ་ཚོད་གཉིས་འགོར་གྱི་ཡོད་སྟབས་དེའི་བར་ལ་ངལ་གསོ་བྱས་ཏེ་གཉིད་འདོད་བྱུང་བས་གཞོག་གཡས་པ་ས་ལ་ཕབ་ནས་གཉིད་པ་ཡིན། ཆུ་ཚོད་གཅིག་དང་ཕྱེད་ཙམ་ལ་གཉིད་ཁུག་རྗེས་ཉམས་དང་རྨི་ལམ་འདྲེས་མའི་སྣང་བར། ངའི་ལག་པ་གཡོན་པར་ཆར་གདུགས་སྔོ་ཁྲ་ཞིག་བཟུང་ནས་འདུག་པ་ལ། རྒྱབ་ནས་མི་ཞིག་གིས་ཆར་གདུགས་ལ་འཐེན་པས། ཆར་གདུགས་ཀྱི་རྩིབ་མས་ལག་ནང་དུ་ཅུང་ཚ་རྒྱུ་ཞིག་བཟོས་པའི་སྣང་བ་ལས་གཉིད་ཕྱེད་ཙམ་སད་ཅིང་། སྐབས་དེར་རང་ཉིད་མགྲོན་ཁང་གི་ཉལ་ཁྲིའི་ཐོག་ལ་ཉལ་ཡོད་པ་ཡང་གསལ་བོར་དྲན་བྱུང་། འོན་ཀྱང་གཉིད་ཡོངས་རྫོགས་སད་མ་ཐུབ་པས་སེམས་སུ། ཨ་ཁ་ཁ། མོ་ཁྱིམ་དུ་སླེབས་ནས་ང་ལ་ཀུ་རེ་བྱེད་ཀྱི་ཡོད་པར་ཐག་ཆོད་ཀྱང་། ང་ད་དུང་སད་མི་ཐུབ་པས་ངོ་ཚ་སྙམ་གཉིད་སད་པའི་ཐབས་ཤེས་གང་དྲག་བྱས་པས་གཉིད་སད་སོང་། དེ་ནས་ཁོ་མོ་ངའི་རྒྱབ་ཏུ་སླེབས་ཡོད་ཤག་གིས་འཕྲལ་དུ་ཁ་ཕྱིར་འཁོར་བས་ཅི་ཡང་མི་འདུག་སྟབས་གཞི་ནས་རྨི་ལམ་ཡིན་པར་ཤེས། འོན་ཀྱང་བསམ་བློ་ཞིག་བཏང་བས་ཁོ་མོ་སླེབས་རན་ཡོད་པ་དང་། གསང་བ་སྙིང་ཐིག་གི་སྲུང་མས་ང་ལ་གྲ་སྒྲིག་དགོས་པའི་སྐུལ་མ་བཏང་བ་ཡིན་ཤས་ཆེ་སྙམ་འཕྲལ་དུ་ཡར་ལངས་ནས་གདོང་བཀྲུས་ཏེ་ཡག་བཏོད་པ་དང་། སྐྲ་གཙང་མར་ཤད་ནས་ཁ་བཏགས་གྲ་སྒྲིག་བྱས། དེ་ནས་ངས་ཁ་པར་གཏང་བས་ད་སླེབས་གྲབས་ཡོད། འཁྲིས་སུ་སླེབས་པ་དང་ཁ་པར་གཏོང་ཡོང་ཟེར། འོན་ཀྱང་ཡུན་རིང་ཙམ་ལ་སྒུག་ཀྱང་ད་དུང་མ་སླེབས་སྟབས་ཡང་བསྐྱར་ཁ་པར་བཏང་བས། ད་ལྟ་ཐིམ་ཕུག་གི་ཚོང་ཁྲོམ་དུ་ཡོད། ཅ་ལག་ཅིག་ཉོས་ནས་འཕྲལ་དུ་སླེབས་ཡོང་ཟེར། དེ་ནས་ཅང་མ་འགོར་བར་ང་ཡར་ལངས་ཏེ་སྒེའུ་ཁུང་ནས་ཕྱི་ལོགས་སུ་བལྟ་བཞིན་པར། གླ་འཁོར་སྔོན་པོ་ཆུང་ཆུང་ཞིག་མགྲོན་ཁང་གི་རྒྱལ་སྒོའི་ཐད་དུ་བསྡད་སོང་བ་དང་། དེའི་ནང་ནས་མོ་རང་ཕྱི་ལོགས་སུ་བབས་བྱུང་། མོས་གོས་ཐུང་སྔོ་སྐྱ་དང་སྟོད་ཐུང་ནག་པོ་ཞིག་གྱོན་ཞིང་། ཁུག་མ་སྨུག་པོ་ཆུང་ཆུང་ཞིག་ལག་ཏུ་བཟུང་འདུག དེ་ནས་མོས་ང་ལ་ཁ་པར་བཏང་སྟེ། ཧ་ནེས། ཁང་མིག་ག་པ་ལ་ཡོད་ཟེར། ངས་ཁྱེད་རང་མཐོང་སོང་། ཁང་མིག་༡༠༣པ་ལ་ཡོད་ཅེས་ལབ་པ་ཡིན། སྒོ་འགྲམ་དུ་སླེབས་ནས་སྒོ་བརྡུངས་པ་དང་ངས་སྒོ་ཕྱེས། སྔར་ངེད་གཉིས་ཀྱིས་དྲ་ལམ་ནས་སྐད་ཆ་བཤད་སྐབས། མོས་ང་དང་ག་དུས་ཐུག་ཀྱང་ཐུག་མ་ཐག་ཏུ་ཨ་རི་བའི་འོ་བསྐྱལ་བ་ལྟར་ངའི་སྐེ་ལ་འཐམ་ནས་འཇིབ་འཇོག་གི་ཡིན་ཟེར་ཡང་། དངོས་སུ་ཐོག་མར་ངོ་ཐུག་སྐབས་མོས་དེ་ལྟར་རང་བྱེད་ནུས་མ་སོང་། དེ་ནས་ངས་སྔར་ནས་གྲ་སྒྲིག་བྱས་པའི་ཁ་བཏགས་མོའི་མགུལ་དུ་གཡོགས་པ་དང་མོས་ཀྱང་ངའི་སྐེ་ལ་ཁ་བཏགས་གཡོགས་རྗེས་གཞི་ནས་སྐེ་ལ་འཐམ་མགོ་བརྩམས།
ཆུ་ཚོད་བརྒྱད་པར་མགྲོན་ཁང་གི་འོག་ཏུ་ཁ་པར་བཏང་སྟེ་འབྲུག་ལུགས་ཀྱི་ནུབ་ཟས་མངགས་པ་དང་། ནུབ་ཟས་ལ་འབྲས་དང་ཚོད་མ་སྡེར་མ་ཁ་ཤས་སླེབས། འདི་ནི་ངེད་གཉིས་མཉམ་དུ་འཛོམས་ནས་ཁ་ཟས་ལ་རོལ་བ་དང་པོ་ཡིན་པས། ངས་སྙིང་ཐིག་གི་ཚོགས་མཆོད་མདོར་བསྡུས་པ་ཞིག་བྱས་རྗེས། ཟས་ཀྱི་ཕུད་རྣམས་ཁེམ་བུས་བླངས་ནས་ཁོ་མོའི་ཞལ་དུ་བཅུག་པ་དང་དེ་རྗེས་རང་གིས་ཟོས། ཆུ་ཚོད་བཅུ་པ་ཡར་མར་ཞིག་ལ་ཉལ་བ་ཡིན། ནམ་གུང་ཆུ་ཚོད་གསུམ་པ་ཡོལ་ཙམ་ལ་ང་གཉིད་སད་བྱུང་བས། མགྲོན་ཁང་གི་གློག་ཆེན་པོ་རྣམས་བསད་ཡོད་ཀྱང་སྒོ་ཁང་དུ་གློག་ཆུང་ངུ་ཞིག་ཡོད་པ་བསད་མེད་སྟབས་ཁྱིམ་ནང་ཡོངས་རྫོགས་ཉིན་མོ་ལྟར་དུ་མཐོང་། ངས་གཞོག་གཡས་པ་ས་ལ་ཕབ་ནས་ཉལ་ཡོད་པ་ཉལ་སྟངས་ཤིག་གིས་རྩིབ་མ་ཤིན་ཏུ་ན་བཞིན་འདུག་པས། གཞོག་གཡས་གཡོན་བརྗེ་འདོད་ཀྱང་ཁོ་མོའི་མེ་ཏོག་ལྟར་མཛེས་པའི་ཞལ་རས་ང་ལ་ཕྱོགས་ཏེ་མཛུམ་མདངས་ཕྲ་མོ་ཞིག་དང་མཉམ་དུ་གཉིད་ཁུག་འདུག་པས་རྒྱབ་གཏོད་ནས་ཉལ་མ་ཕོད། ཡིན་ན་ཡང་རྩིབ་མ་ན་དྲགས་པས་དལ་མོར་ཡར་ལངས་ཏེ། མགྲོན་ཁང་ནང་དུ་ཇ་བཟོ་བྱེད་ཀྱི་གློག་ཆས་འདུག་པ་སྤྱད་ནས་ཇ་བཟོས་པ་དང་དྲ་རྒྱ་བསྔོགས་ཏེ་ཆུ་ཚོད་གཅིག་ལྷག་ཙམ་ལ་བསྡད། དེ་ནས་ཡང་གཉིད་དུབ་པས་ཉལ་སའི་ནང་དུ་ཕྱིན། ཁོ་མོ་ད་དུང་གཉིད་སད་མེད་པས་སྔར་ལྟར་ང་ལ་ཆེད་དུ་མཛེས་སྡུག་གི་ཉམས་བསྟན་པ་ལྟ་བུ་ཞིག་བྱས་ནས་གཉིད་འདུག དེ་ནས་ངས་སྐར་མ་བཅུ་གྲངས་ཙམ་ལ་ངོམ་པ་མེད་པར་ཁོ་མོའི་གདོང་ལ་བལྟས་རྗེས། ཨ་མ་མ། མི་ལོ་ཧྲིལ་པོ་གཅིག་མ་འགོར་ཙམ་གྱི་རིང་ལ་འཛམ་གླིང་ཤར་ནུབ་ཀྱི་བར་ནས་བརྩེ་དུང་གི་མདུད་པ་ཧ་ཅང་དམ་པོས་མཉམ་དུ་བསྡམས་པའི་བུ་མོ་དེ་དང་དོ་དགོང་འདི་ལྟར་དངོས་སུ་ཐུག་པ་ནི། ངས་ནམ་རྒྱུན་མོ་རང་དྲན་དྲགས་པའི་རྐྱེན་གྱིས་ང་ལ་རྨི་ལམ་བཏང་བ་འདྲ་ཡིན་མི་ཡོང་ངམ་སྙམ་སྟེ་རང་གི་ལག་པ་དང་། གདོང་པ་ལ་སེན་བཏོག་འགའ་བྱས་པས་རྨི་ལམ་མིན་པར་ཁོ་ཐག་ནང་ནས་ཆོད། དེ་ནས་ངས་ཁོ་མོའི་ཕྱག་གཡས་པ་དལ་མོར་བླངས་ཏེ་རང་གི་སྙིང་ཁ་ལ་སྦྱར་རྗེས། སྐྱབས་གནས་བསླུ་བ་མེད་པའི་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་དང་། རང་གི་ཡི་དམ་ལྷག་པའི་ལྷ་དང་། རྡོ་རྗེའི་ཆོས་སྐྱོང་བའི་སྲུང་མ་རྣམས་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་སྟེ། ཚེ་རབས་འདི་དང་ཚེ་རབས་གཞན་རྣམས་སུ་ཁོ་མོ་དང་དུས་ནམ་ཡང་མི་འབྲལ་བའི་སྨོན་ལམ་དང་ཕྲིན་བཅོས་བྱས་རྗེས་ཡང་བསྐྱར་གཉིད་ཁུག་པ་ཡིན།
དེའི་ཕྱི་ཉིན་སྔ་དྲོའི་ཆུ་ཚོད་བཅུ་གཅིག་དང་ཕྱེད་ཀྱི་སྟེང་ངེད་གཉིས་མགྲོན་ཁང་ལས་ཐོན་ཏེ་ཐིམ་ཕུག་དུ་འཁྱམས་ཉུལ་གང་མཚམས་བྱས་པ་དང་། དགོང་མོར་གླ་འཁོར་ཞིག་ལ་བསྡད་ནས་མོ་རང་གི་སྡོད་གནས་པུ་ན་ཁ་རུ་སོང་། ཐིམ་ཕུག་ནས་པུ་ན་ཁ་བར་གླ་འཁོར་གྱིས་ཆུ་ཚོད་གཉིས་འགོར་གྱི་འདུག་ཅིང་། ལམ་ཁ་ནི་རི་ལམ་ཁོ་ན་ཡིན་ཞིང་སྦྲུལ་གྱི་ཁྱུག་འགྲོས་ལྟར་ཀྱག་ཀྱོག་ཧ་ཅང་ཆེ་བའི་ཁར། མོ་ཊ་གཏོང་མཁན་དེ་ཡང་མོ་ཊ་སྨྱོ་གཏོང་བྱེད་པ་ལ་སྐད་གྲགས་ཡོད་མཁན་ཞིག་རེད་འདུག་པས། བརྡབ་ལ་ཁད་དང་མཆོང་ལ་ཁད་བྱས་བྱས་པའི་རྗེས་སུ་ས་རུབ་ནས་ཅུང་འགོར་རྗེས་ཁྱིམ་དུ་སླེབས་སོང་།
དེ་ལྟར་ཕྱི་ཟླ་༤ཚེས་༢ནས་བཟུང་ཚེས་༢༥བར་ཉིན་ཉེར་བཞིའི་རིང་ཁོ་མོ་དང་ཞག་གཅིག་ཀྱང་མ་བྲལ་བར་མཉམ་དུ་བསྡད་ཅིང་། ཁོ་མོའི་ནར་མའི་ཀུན་སྤྱོད་ནི། ཞོགས་པར་ཡར་ལངས་ཏེ་གདོང་དང་སོ་བཀྲུས་རྗེས་ཆུ་མཆོད་བཤམས་པ་དང་། དེ་ནས་བདུག་སྤོས་སྦར་རྗེས་རྨ་བྱའི་སྒྲོའི་ཁ་རྒྱན་ཅན་གྱི་བུམ་ཆུས་མཆོད་པ་རྣམས་ལ་ཆབ་བྲན། དེ་ནས་ཞོགས་ཇ་འཐུང་ཞིང་། ཆུ་ཚོད་དགུ་པ་ཟིན་སྐབས་ལས་ཁུངས་སུ་འགྲོ། དགོང་མོར་ནུབ་ཟས་ཟོས་རྗེས་ཆུ་མཆོད་གཤེགས་ཤིང་། བདུན་ཚར་རྣམས་བསིལ་སྐམ་གྱི་ཆེད་དུ་ཁ་སྦུབ་སྟེ་ཐོག་བརྩེགས་བྱས་ནས་འཇོག ཉལ་ཁར་ལག་པ་དང་སོ་གཙང་མས་བཀྲུ་བ་ལས་ལུས་ཁྲུས་ནི་ཉིན་མང་པོའི་ནང་ལ་ཐེངས་རེ་ལས་བྱེད་་ཀྱི་མི་འདུག་པས་ཕལ་ཆེར་ལེ་ལོ་བྱེད་གི་ཡོད་པ་འདྲ། ཉི་མ་རེ་རེ་བཞིན་ཁོ་མོ་ཞོགས་པར་ལས་ཁུངས་སུ་འགྲོ་སྐབས། ངས་ཁོ་མོའི་སྐྲ་ཤད་པ་དང་། རྒྱ་སེའི་མེ་ཏོག་གི་འདབ་མ་ལྟར་འཇམ་པའི་རྐང་པ་ཆུང་ཆུང་གཉིས་ལ་རེས་མོས་ཀྱིས་འོ་བསྐྱལ་བཞིན་ལྷྭམ་བསྐོན་རོགས་བྱེད་ཀྱི་ཡོད་ཅིང་། འབྲུག་པའི་ལུགས་སྲོལ་ལ། ལས་ཁུངས་ནང་དུ་འགྲོ་སྐབས་Tegoཟེར་བའི་འབྲུག་ལུགས་ཀྱི་སྟོད་གོས་དང་། Kiraཟེར་བའི་སྨད་གཡོག་དེ་གཉིས་མ་གྱོན་པར་འགྲོ་མི་ཆོག་པས། དགུང་མོ་ལས་ཁུངས་ནས་སྤྱིར་སླེབས་སྐབས་ཁོ་མོའི་སྟོད་གོས་དང་། སྨད་གཡོག་རྣམས་བླངས་ཏེ་ལྟེབ་བརྩེགས་ལེགས་པར་བརྒྱབས་ནས། ལུས་ཀྱི་དྲོད་མ་ཡལ་བའི་གོན་པ་དེ་དག་དཔྲལ་བ་ལ་གཏུགས་ཅིང་འོ་བསྐྱལ་རྗེས། ཆ་སྒམ་སྟེང་དུ་སང་ཉིན་གྱོན་ཆོག་ཆོག་བྱས་ཏེ་འཇོག་གི་ཡོད། འདི་ནི་ངས་ངོས་ནས་ཁོ་མོའི་ང་ལ་བཅང་བའི་རིན་ཐང་གཞལ་མེད་ཀྱི་བརྩེ་བ་ལ་དུང་པའི་ལན་ཕུལ་བའི་ཕྱིའི་རྣམ་འགྱུར་ཙམ་དང་། གཅིག་བྱས་ན་མ་འོངས་པར་ངའི་མི་ཚེ་ཁོ་མོའི་ཕྱག་ཏུ་ཕུལ་རྒྱུའི་ལས་འཕྲོ་ཡོད་སྲིད་ཀྱང་། འཛམ་གླིང་ཤར་ནུབ་ཏུ་སོ་སོ་བྱས་ནས་སྡོད་པ་འདི་ལས་བར་ཆད་ཆེ་བ་ཞིག་མེད་པས། ཡང་གཅིག་བྱས་ན་ད་རེས་ཀྱི་ཚེ་འདི་ལ་དེ་ཙམ་ལས་ཨེ་མཇལ་ཡང་མི་ཤེས་སྙམ་སྟེ། གསེར་ལས་རྩ་ཆེ་བའི་དུས་ཚོད་དམ་འཛིན་བྱས་པ་ཙམ་ཞིག་ལས། ངའི་སེམས་ནང་གི་བརྩེ་དུང་ངོ་མ་ནི་ང་རང་གི་ཚོད་ཀྱིས་བརྗོད་ལས་འདས་པ་ཞིག་ཡིན་པས་འདི་དང་འདི་འདྲའོ་ཞེས་ཡི་གེའི་རིས་སུ་ངེས་པར་དུ་ཕབ་ཐུབ་ཀྱི་མེད།
ཁོ་མོ་ཟས་ལ་སྲེད་པ་ཆེན་པོ་མེད་མཁན་ཞིག་རེད་འདུག་པས། ནམ་རྒྱུན་ཁ་ཟས་ཤིན་ཏུ་ཉུང་ངུ་ཞིག་ལས་མི་ཟ། དེར་བརྟེན་ང་རྒྱུན་དུ་ཁྲོམ་ལ་སོང་སྟེ་བོད་ལུགས་ཀྱི་ཐུག་པ་དང་། མོག་མོག་སོགས་བཟོ་བའི་རྒྱུ་ཆ་འགའ་ཞིག་དང་། ཞོགས་ཟས་ཀྱི་ཆེད་དུ་འོ་མ་དང་མ་རྨོས་ལོ་ཏོག་སྐམ་པོ། རྒུན་འབྲུམ་སྐམ་པོ་སོགས་ཉོས་ཤིང་། ངས་བཟོས་པའི་ཐུག་པ་དང་མོག་མོག ཞོགས་པར་འོ་མ་བསྐོལ་བ་རྣམས་ཁོ་མོས་མང་ཙམ་རེ་བཟའ་འཐུང་བྱེད་པ་མཐོང་དུས་ངའི་སེམས་ལ་དགའ་ཚོེར་ཆེན་པོ་སླེབས་ཤིང་། ཉུང་ཙམ་རེ་ལས་མ་ཟོས་དུས་ངས་ཁྱོད་ལ་རྔན་པ་འདི་ཡིན་ཟེར་བ་ཞིག་བསྐུར་ཡོང་ཞེས་ཨུ་ཚུགས་བརྒྱབ་ནས་ཟ་རུ་འཇུག་གི་ཡོད། ཐེངས་ཤིག་ཁོ་མོར་ཆམ་པ་ཞིག་ཕོག་སྟེ་ཚ་བ་འཕར་ཞིང་མིད་པ་ན་བ་སོགས་བྱས་པས། གུང་ཟས་དང་ནུབ་ཟས་གཉིས་ཀ་ཟ་རོགས་མ་བྱས་སྟབས་ང་ངུས་པ་ཡིན། དེ་ནས་མོས་ཨུ་ཚུགས་བརྒྱབ་ནས་ཐུག་པ་ཕོར་བ་ཆེན་པོ་གང་འཐུང་སོང་བ་དང་། ལག་པ་གཉིས་ཀྱིས་ངའི་འགྲམ་པ་བསྐྱོར་ཏེ་འོ་བསྐྱལ་རྗེས། ཧ་ནེས། ཐུགས་རྗེ་ཆེ། ངས་ནམ་ཡིན་རུང་ཁྱེད་རང་གི་ཐུགས་བརྩེ་བརྗེད་ཀྱི་མ་རེད་ཟེར་ནས་ཁོ་མོས་ཀྱང་སྤྱན་ཆབ་བསིལ་བྱུང་།
པུ་ན་ཁ་རུ་སྡོད་པའི་རིང་འཆི་མེད་ལྷ་ཁང་དང་། རྡོ་རྒྱ་གར་བླ་མ་ཟེར་བ་གྲུབ་ཆེན་ནག་པོ་བས་རང་གི་མ་ཡུམ་ངན་སོང་ལས་དྲངས་པའི་གནས་སོགས་ལ་གནས་མཇལ་བྱས་ཤིང་། པུ་ན་ཁ་དང་དབང་འདུས་རྫོང་གི་གཡས་གཡོན། ཐིམ་ཕུག་གི་ས་གནས་གྲགས་ཆེན་འགའ་ཞིག་ལ་ཡང་ངེད་གཉིས་མཉམ་པོར་བལྟ་སྐོར་དུ་ཕྱིན། སྐབས་འདི་དག་གི་རིང་སྔར་མེད་ཀྱི་ཉམས་རྟོགས་ཕྲན་བུ་རེ་བྱུང་བ་རྣམས་ནི་ནང་གི་ལོ་རྒྱུས་སུ་གསལ་ཞིང་། ཚེས་༡༨ཉིན་གྱི་ཐོ་རངས་ལ་གཉིད་དང་འོད་གསལ་འདྲེས་པའི་སྣང་ཆར། བུ་མོ་འདིའི་ཞབས་བརྟན་ལྟ་བུ་ཤོ་ལོ་ཀ་གཉིས་ཡོད་པ་ཞིག་ཤར་ཡང་། ཆུ་ཚོད་ཁ་ཤས་འགོར་རྗེས་ཚིག་ནི་གཅིག་ཀྱང་དྲན་གྱི་མི་འདུག འོན་ཀྱང་དོན་ནི་སངས་རྒྱས་ཚེ་མཐའ་ཡས་དང་། འཆི་མེད་ཚེ་ཡི་རིག་འཛིན་བརྙེས་པ་པདྨ་འབྱུང་གནས་སོགས་ཚེ་ཡི་ལྷ་ཚོགས་རྣམས་ཀྱི་བདེན་པའི་སྟོབས་ཀྱིས། གསང་བདག་བདེ་ཆེན་དཔའ་བོའི་ཐབས་གྲོགས་སུ། ཌཱཀྐི་ཆོས་སྐྱིད་དབང་མོའི་སྐུ་ཚེ་ཡུན་དུ་བརྟན་པར་ཤོག་ཟེར་བ་དེ་འདྲ་ཞིག་ཡིན་པ་གསལ་བོར་དྲན་པས། འོད་གསལ་གྱི་ཤར་ཆ་དེ་དང་མཐུན་པར། ཧྲཱིཿ རྒྱལ་ཀུན་གསུང་གི་དབང་ཕྱུག་ཚེ་མཐའ་ཡས།། ཚེ་དབང་རིག་འཛིན་པདྨ་རྒྱལ་པོའི་སྐུ།། ཚེ་ཡི་ཡེ་ཤེས་མཁའ་འགྲོ་མནྡ་ར།། ཚེ་ཡི་རིག་འཛིན་རྒྱ་མཚོའི་བྱིན་མཐུ་ཡིས།། གསང་བདག་བདེ་ཆེན་དཔའ་བོའི་ཐབས་ཀྱི་གྲོགས།། ཚེ་འཛིན་ཌཱཀྐི་ཆོས་སྐྱིད་དབང་མོ་ཡི།། སྐུ་ཚེ་མི་ཤིགས་རྡོ་རྗེའི་ཁམས་སུ་བརྟན།། ཕྲིན་ལས་སྣང་བས་ས་གསུམ་ཁྱབ་པར་ཤོག། ཅེས་པ་འདི་ཡང་རྟེན་འབྲེལ་གྱི་ཆེད་དུ་ཤར་མར་བྲིས་ཤིང་། ཕྱིས་སུ་སྤ་གྲོ་སྟག་ཚང་ནས་སློབ་དཔོན་རིན་པོ་ཆེའི་སྐུ་བརྙན་གྱི་མདུན་དུ་སྙན་གསན་ཕུལ།
སྤྱིར་འབྲུག་པའི་བུ་མོ་རྣམས་ཀུན་སྤྱོད་འཇམ་པའི་ཁར། བུ་མོ་འདིའི་གཤིས་ཀ་དང་སྤྱོད་ལམ་ནི་མི་ལས་འདས་ནས་ལྷ་ཡི་གྲལ་དུ་སླེབས་པ་ལྟ་བུ་ཞིག་འདུག་སྟེ། ཁོ་མོའི་ཨ་མ་དང་གཅེན་མོ་སོགས་ཀྱིས་ཟེར་ན། བུ་མོ་འདི་ལས་ལྷག་པའི་གཤིས་ཀ་དང་སྤྱོད་ལམ་བཟང་པོ་ཅན་ཤིན་ཏུ་དཀོན་ཞིང་། སྐྱེས་ནས་ད་བར་རང་གཞན་སུ་ལ་ཡང་རྒྱག་རེས་རྒྱག་པ་དང་། ཁོང་ཁྲོ་བསྟན་པ། ཚིག་ངན་སྨྲ་བ་ཞིག་མཐོང་མྱོང་མེད་ཟེར། སྤྱིར་བཏང་ཁྱིམ་གང་པོའི་མི་རྣམས་ཀྱི་སེམས་ཀྱི་ཞི་བདེ་ལ་ཡིད་སྨོན་ཐེངས་དགུ་ཤོར་འོས་པ་ཞིག་འདུག་ཅིང་། ཁྱིམ་འདིར་གཅེན་གཅུང་མིང་སྲིང་བདུན་འདུག་པ་ལས་བུ་མོ་འདི་ནི་ཁྱིམ་མི་ཡོངས་རྫོགས་ཀྱི་ཁོག་པའི་ནང་གི་སྙིང་གཅིག་པུ་དེ་རེད་འདུག དེས་ན་བུད་མེད་དམ་པ་འདི་འདྲ་ཞིག་དང་ཐུག་པ་ཙམ་ཡང་ང་ལྟ་བུ་ཁ་རྗེ་དབང་ཐང་ཆུང་ཞིང་། མི་སེམས་འགུག་བྱེད་ཀྱི་རྒྱུ་ནོར་དང་འཇོན་ཐང་གང་ཡང་སྟོན་རྒྱུ་མེད་པའི་མི་ཞིག་མཚོན་ན། ཚེ་གཅིག་གི་ནང་ངོམ་རིམ་ཆོག་པའི་གཟི་བརྗིད་ཅིག་ཏུ་བརྩི་བར་འོས་པ་ལས། དུས་གཏན་དུ་ང་ལ་དབང་བར་འདོད་པ་ནི་བོང་བུའི་མགོ་ལ་གསེར་སྲབ་རང་ཡིན་པས། རི་ལས་ཆེ་བའི་ཧམ་སེམས་དེ་འདྲ་བཅང་རྒྱུའི་བློ་སྤོབས་ཤིན་ཏུ་ཞན་རུང་། ཁོ་མོ་རང་གི་ངོས་ནས་ང་དང་གཏན་དུ་མི་འབྲལ་བའི་དབུ་མནའ་བཞེས་ཤིང་། ཕྱི་ཚེས་༡༧ཉིན་འབྲུག་སྨྱོན་ཀུན་དགའ་ལེགས་པས་བཞེངས་པ་བྱིན་རླབས་ཆེས་ཆེ་བར་གྲགས་པའི་འཆི་མེད་ལྷ་ཁང་དང་། ཚེས་༢༤ཉིན་སློབ་དཔོན་རིན་པོ་ཆེ་གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་སྐུར་བཞེངས་པའི་གནས་མཆོག་སྤ་གྲོ་སྟག་ཚང་གི་ལྷ་ཁང་རྣམས་སུ་ང་ཁྲིད་དེ། སྟོན་པ་ཐུགས་རྗེ་ཅན་དང་། སློབ་དཔོན་རིན་པོ་ཆེ་སོགས་ཀྱི་སྐུ་བརྙན་གྱི་མདུན་ནས་ཁོ་མོའི་མི་ཚེ་འདི་དང་། ཚེ་རབས་གཞན་རྣམས་སུ་ཡང་ང་དང་ཁ་མི་འབྲལ་བའི་སྨོན་ལམ་ཀྱང་དངོས་སུ་གནང་སོང་བས། ངས་ཀྱང་སྤྲང་པོའི་བུ་ལ་རྒྱལ་སྲིད་ཐོབ་རྒྱུའི་རེ་བ་མི་བྱེད་རང་བྱེད་ཆགས།
ཕྱི་ཚེས་༢༣ཉིན་ནས་ང་ཕྱིར་ཨ་རི་ལ་ཡོང་རྒྱུའི་གྲ་སྒྲིག་བྱས་ཤིང་། དེ་ཡང་ཚེས་༢༣ཉིན་ངེད་གཉིས་དང་ཁོ་མོའི་ཨ་མ་སོགས་མི་འགའ་ཞིག་བཅས་པུ་ན་ཁ་ནས་ཐིམ་ཕུག་ཏུ་ཡོང་བ་དང་། ཚེས་༢༤ཉིན་སྤ་གྲོ་སྟག་ཚང་དང་། སྤ་གྲོ་སྐྱེར་ཆུའི་ལྷ་ཁང་གཉིས་ལ་གནས་མཇལ་གྲུབ་རྗེས། དགོང་མོར་ཡང་ཕྱིར་ཐིམ་ཕུག་ཏུ་ཡོང་སྟེ་མོ་རང་གི་གཅེན་མོ་འབྲིང་བའི་ཁྱིམ་དུ་ཞག་སྡོད་བྱས། སྤ་གྲོ་སྟག་ཚང་དུ་གནས་སྐོར་ལ་ཕྱིན་པའི་ཐོ་རངས་ཁར་རྡོ་རྗེ་ཕག་མོ་ནག་མོའི་ཐུགས་སྒྲུབ་ཅིག་ཡིད་ཀློང་ནས་བརྡོལ་བ་ཡང་འགྲོ་དོན་ཆུང་བར་བསམ་པ་དང་། སྐབས་དེར་བྲེལ་ཟིང་གིས་མིག་སྡེབ་ལོང་མེད་པའི་སྐབས་ཤིག་ཡིན་པས་ཡིག་ཐོག་ཏུ་མ་བྲིས། ལར་ཕྱི་ལོ་༢༠༠༠ལོར་ཁོ་བོ་གནས་མཆོག་རྡོ་རྗེ་གདན་དུ་ཡོད་སྐབས། ཟླ་༡༢པའི་ཚེས་༢༡གི་དགུང་མོར། བླ་མ་དཔལ་རྡོ་རྗེ་སེམས་དཔའ་མདུན་གྱི་ནམ་མཁར་བྱོན་ཅིང་ཕྱག་གཡས་པའི་གསེར་གྱི་རྡོ་རྗེ་སྤྱི་བོར་བཞག་སྟེ། ཧཱུྂཿ ང་ནི་ནམ་མཁའི་མེ་ཏོག་སྟེཿ བརྡ་མེད་བརྡ་དང་དོན་མེད་དོནཿ རྟགས་མེད་རྟགས་གསུམ་ཡོངས་རྫོགས་པའིཿ རི་བོང་རྭ་ཡི་དབང་མཆོག་འདིཿ དེ་རིང་མོ་གཤམ་བུ་ཁྱོད་ལཿ རུལ་སྦལ་སྤུ་ཡི་ཆོ་ག་ཡིསཿ བསྐུར་བས་རང་བྱུང་རིག་པའི་གཤིསཿ མཐོང་བ་མེད་པར་མཐོང་བར་ཤོགཿ སུ་ལ་གང་གིས་དབང་བསྐུར་བྱིནཿ དབང་ནི་གང་ཞིག་བསྐུར་བར་བྱཿ ཡེ་ནས་རྫོགས་པའི་དཀྱིལ་འཁོར་ལཿ བསྐུར་དང་མ་བསྐུར་ཡོད་མ་ཡིནཿ ལྟོས་ཤིག་རིག་པའི་གཤིས་ལ་ལྟོསཿ གཤིས་ལ་སུ་ཡིས་བལྟ་བར་ལྟོསཿ ཞེས་སོགས་སྐྱེ་མེད་དོན་གྱི་དབང་མཆོག་ཟབ་མོ་ཐོབ་པར་རྨིས་པའི་མཇུག་ཐོག་དང་། ཁོ་བོའི་ཕྱིའི་ལོ་རྒྱུས་ལེའུ་དྲུག་པར་གསལ་བ་བཞིན། ༢༠༠༡ལོར་རིགས་ལྔའི་མཁའ་འགྲོའི་བརྡ་བྱང་བྱུང་བ་གཉིས་ཀ་ལས་ཚེ་འདིར་རང་ལ་ས་གཏེར་གྱི་ལས་སྐལ་ཡོད་པའི་རྟགས་མཚན་མ་བྱུང་ཞིང་། དགོངས་གཏེར་གྱི་ལས་འཕྲོ་ཡོད་པའི་རྟགས་མཚན་ཤིན་ཏུ་གསལ་བོར་བྱུང་རུང་། དེང་སང་སྐྱེ་བོ་རྣམས་གྲགས་པའི་རྗེས་འབྲང་ཁོ་ནས་འཚོ་བའི་དུས་རབས་འདིར་ང་ལྟ་བུ་ཞིག་གི་དགོངས་གཏེར་ནི་སྣག་ཤོག་དང་། རང་གི་དུས་ཚོད་གྲོན་བྱེད་ཙམ་ལས་ཅི་ཡང་མེད་པས་དེའི་ཕྱོགས་ལ་སྤྲོས་རྩོལ་བྱེད་རྒྱུའི་འདུན་པ་ཤིན་ཏུ་ཆུང་བ་ལགས། འོན་ཀྱང་སྨོན་ལམ་དབང་བསྐུར་གྱི་བརྒྱུད་པ་དུས་སུ་སྨིན་ཅིང་། མཁའ་འགྲོ་གཏད་རྒྱའི་བརྒྱུད་པས་སྡོད་དུ་མ་བཅུག་ན་ནི། དབྱར་དུས་སུ་ཆར་ཆུ་རྒྱས་པ་སུས་ཀྱང་འགོག་པར་མི་ནུས་ཤིང་། དེར་མ་ཟད་དག་སྣང་གི་ཆོས་ཡིན་ན་སྔོན་དུས་སུ་སློབ་དཔོན་རིན་པོ་ཆེས་གཏད་རྒྱ་སྔོན་དུ་སོང་བའི་ཐ་སྙད་མེད་ཀྱང་། ལས་འཕྲོ་གཏེར་གྱི་ཟླས་ཕྱེ་བའི་དགོངས་གཏེར་ཡིན་ན་སློབ་དཔོན་རིན་པོ་ཆེས་གཏད་རྒྱ་སྔོན་དུ་སོང་ངེས་པའི་ཁྱབ་པ་དང་། སློབ་དཔོན་རིན་པོ་ཆེས་གཏད་རྒྱ་སྔོན་དུ་སོང་ངེས་ན། སྔོན་དུས་སུ་སློབ་དཔོན་རིན་པོ་ཆེའི་ཞལ་ཟིན་པར་ངེས་པས་དེ་ལས་དགའ་འོས་པའི་དོན་ཞིག་གང་ན་ཡོད། ལར་གཏེར་སྟོན་རྣམས་ནི་མི་ཕལ་བ་དང་མི་འདྲ་བར། སློབ་དཔོན་རིན་པོ་ཆེ་ལས་དབང་དོན་གྱི་ཡེ་ཤེས་ཐོབ་ལ་མ་ཉམས་པར་ཡོད་པས། སློབ་དཔོན་རིན་པོ་ཆེ་ལ་རྒྱུན་དུ་རང་གི་རྩ་བའི་བླ་མ་དངོས་ཀྱི་འདུ་ཤེས་བཅོས་མིན་དུ་ཡོང་བ་ཡིན་ཞིང་། ཁོ་བོ་ཡང་རང་གི་ལོ་རྒྱུས་ལེའུ་གཉིས་པར་གསལ་བ་བཞིན། བྱིས་པ་འོ་འཐུང་གི་དུས་ནས་སློབ་དཔོན་རིན་པོ་ཆེ་ལ་རང་གི་ཕའམ། རྩ་བའི་བླ་མ་དངོས་ཀྱི་འདུ་ཤེས་བཅོས་མ་མ་ཡིན་པ་ཞིག་སུས་ཀྱང་མ་བསྐུལ་བར་རང་བྱུང་དུ་ཡོད་པ་ནི། ད་བར་སྐྱིད་སྡུག་ལེགས་ཉེས་ཅི་ཞིག་དང་འཕྲད་ཀྱང་འགྱུར་བ་མེད་པར་གནས་པ་ཡིན་ནོ།། འདི་ནི་ཞར་བྱུང་དུ་ཐལ་བ་ལགས།
གནས་མཆོག་སྤ་གྲོ་སྟག་ཚང་གི་གནས་ཀྱི་བཀོད་པ་སོགས་ནི་བློའི་ཡུལ་ལས་འདས་པ་ལྟ་བུར་སྣང་ཡང་། སྐབས་གཞན་ཞིག་ཏུ་འབྲི་བ་ལས་འདིར་ཡིག་ཚོགས་ཀྱིས་འཇིགས་པས་རྒྱས་པར་འབྲི་རྒྱུ་མིན། སྟག་ཚང་ཕུག་པའི་སྟེང་གི་ལྷ་ཁང་ཆེ་བ་ཞིག་ཏུ་འོད་དཔག་མེད་དང་། རྡོ་རྗེ་ཕུར་བ། རྡོ་རྗེ་གྲོ་ལོད་སོགས་ཀྱི་སྐུ་ཆེ་ཞིང་འབྱོན་ལེགས་པ་མང་དུ་བཞུགས་པ་ལས། གཙོ་སྐུའི་གཡས་ཕྱོགས་སུ་གུ་རུ་སྣང་སྲིད་ཟིལ་གནོན་གྱི་སྐུ་བལྟ་བས་ཆོག་མི་ཤེས་པ། ད་ལྟ་རང་གསུང་འབྱོན་ཆོག་ཆོག་ལྟ་བུ་ཞིག་བཞུགས་པའི་མདུན་དུ་ས་ལ་བསྡད་དེ། ཚིག་བདུན་གསོལ་འདེབས་ཀྱི་བླ་མའི་རྣལ་འབྱོར་ཞིག་བཏོན་པར་མཆི་མས་བརྣངས་ཆེས་ནས་ཚིག་ནི་གཅིག་ཀྱང་མ་ཐོན། སློབ་དཔོན་རིན་པོ་ཆེ་དྲན་དྲགས་པ་ལྟ་བུས་མིག་ཆུ་ཕྲེང་ཐག་ཆད་པ་ལྟར་བཞུར་གྱིན་ཤུབ་བཟླས་དང་ཡིད་བཟླས་འདྲེས་མ་བྱས་ཏེ་ཡན་ལག་བདུན་པ་སོང་ཚར་ཙམ་ཞིག་ནས། སློབ་དཔོན་རིན་པོ་ཆེ་དང་ཐུགས་ཡིད་འདྲེས་པ་ལྟ་བུར་འོད་གསལ་གྱི་ངང་དུ་འབྱམས་ཀླས་ཏེ་དུས་ཚོད་གང་ཙམ་ཞིག་འགོར་བ་ཡང་མ་ཤེས། སླར་ཐུན་ལས་ལྡང་བའི་སྐབས་སུ་ཁོ་མོ་ཡང་ངའི་གཡོན་ཕྱོགས་སུ་བཤུམས་བཞིན་བཞུགས་འདུག་ཅིང་། གཞན་འབྲུག་མོ་རྒྱག་པ་རིལ་རིལ་འགའ་ཞིག་གིས་ང་ལ་བསྐོར་ནས་བལྟས་འདུག་པས་ཅུང་སྟབས་མ་བདེ་བ་ཞིག་བྱུང་།
ཚེས་༢༥ཉིན་ཁོ་མོ་ཕྱིར་པུ་ན་ཁ་རུ་ལོག་ཅིང་། ང་དང་ང་སྐྱེལ་མི་རྣམས་ཐིམ་ཕུག་གི་མགྲོན་ཁང་གོང་ཆུང་ཞིག་ཏུ་བསྡད། ཚུར་ཡོང་རན་པ་དང་དངུལ་རྫོགས་པ་ཡང་དུས་མཉམ་བྱུང་། ཚེས་༢༦ཉིན་ཐིམ་ཕུག་ནས་ཕུན་ཚོགས་གླིང་དུ་ཡོང་ཞིང་། དེའི་དགོང་མོར་སྔར་གྱི་ཁས་ལེན་ལྟར་པདྨའི་ཁྱིམ་དུ་ཞག་སྡོད་བྱས། ཚེས་༢༧ཉིན་འབྲུག་ཕུན་ཚོགས་གླིང་ནས་རྒྱ་གར་ཤི་ལི་རྒུ་རུའི་གནམ་ཐང་དུ་ཚུར་ཡོང་དགོས་པས། ཉིན་འདི་ད་རེས་ཀྱི་འགྲིམ་འགྲུལ་འདིའི་སྐབས་སུ་འབྲུག་ལ་སྡོད་པའི་ཉིན་ཐ་མ་ཡིན། དེས་ན་ཞོགས་པ་ཤིན་ཏུ་སྔ་པོར་གཉིད་སད་ཀྱང་ད་དུང་ནམ་ལངས་མེད་པས་ཕྱིར་གཉིད་ཅུང་ཟད་ཁུག་པའི་རྨི་ལམ་ལ། སྔར་ཧ་ཅང་འདྲིས་ཆེ་བ་ལྟ་བུའི་རྒྱ་གར་གྱི་བུ་མོ་གཟུགས་རིང་ཞིང་ཡིད་དུ་འོང་བ། ཤ་མདོག་སྨུག་ཅིང་གོན་པ་སེར་པོ་གཙང་མ་འོད་འཕྲོ་བ་གྱོན་པ་ཞིག་ཞལ་ངོ་འཛུམ་གྱིས་གང་བཞིན་བྱུང་སྟེ་བོད་སྐད་ཀྱི་ཐོག་ནས། ང་ཨེ་ཤེས་གི ང་ནི་སྔར་བུ་མོ་ཆུང་ཆུང་ཡིན་དུས་ཁྱེད་ཀྱིས་ངོས་བདག་བྱས་ནས་བདག་སྐྱོང་བྱས་ཡོང་བའི་བུ་མོ་དེ་ཡིན། ད་ཆེན་པོ་ཆགས་པ་རེད་ཟེར་ནས་ང་ལ་འགྲམ་པ་གཏུགས། ངས་ཀྱང་ཕར་འགྲམ་པ་གཏུགས་ཞོར་ལ་བསམ་བློ་ཞིག་བཏང་བས། སྔར་ང་རྒྱ་གར་དུ་སྡོད་སྐབས་རྡོ་རྗེ་གདན་དུ་ཌབ་ལུ་ཀུ་མར་ཟེར་བའི་རྒྱ་གར་གྱི་བུ་ཆུང་ཞིག་ངོས་བདག་བྱས་ནས་ལོ་རེ་རེ་བཞིན་བདག་སྐྱོང་བྱས་པ་ཡིན་ཡང་། བུ་མོ་ཞིག་ངོས་བདག་བྱས་པ་དྲན་གྱི་མི་འདུག་སྟབས། ངས་ཁྱོད་དྲན་གྱི་མི་འདུག་པས་ཁྱོད་ཀྱི་མིང་ལ་ཅི་ཟེར་བ་ཡིན་ནམ་ཞེས་དྲིས་པ་ཡིན། ངའི་མིང་ལ་སྭ་ར་སྭ་སྟི་ Saraswati¬ ཟེར་བ་ཡིན་ཟེར། དེས་ན་ང་ཕར་འགྲོ་ཁ་དང་ཚུར་འོང་ཁ་གཉིས་ཀར་འཕགས་མ་ཐུགས་རྗེ་ཅན་གྱི་ཐུགས་རྗེས་དགོངས་པའི་རྟགས་མཚན་ཤིན་ཏུ་གསལ་པོ་བྱུང་། ཉིན་དེའི་ཉིན་རྒྱབ་ཆུ་ཚོད་གཉིས་པར་བྷག་ཌོག་རའི་གནམ་ཐང་ནས་ཕྱིར་འཕུར་ཞིང་། སྔར་ལྟར་དྷི་ལི་དང་། བྷང་ལོར། དྷུ་པ་ཡེ་རྣམས་བརྒྱུད་ནས་ཕྱི་ཚེས་༢༨ཉིན་ནེའུ་ཡོག་ཏུ་སླེབས་པ་དང་། དེའི་ཕྱི་ཉིན་དགོང་མོའི་ཆུ་ཚོད་གསུམ་པ་ཙམ་ལ་རང་ཁྱིམ་དུ་ཕྱིར་བདེ་བར་སླེབས་སོ།།
དེ་ལྟར་ན་རེ་བ་རུམ་གང་བཟུང་ནས་འབྲུག་ལ་ཕྱིན་ཅིང་། བརྩེ་བ་རྒྱབ་གང་ཁུར་ནས་ཕྱིར་ཨ་རིར་སླེབས་པ་ནི། ད་རེས་ཀྱི་སྤྲིན་གྱི་རྒྱ་མཚོ་བརྒལ་བའི་བརྩེ་དུང་གི་འགྲུལ་བཞུད་རིང་མོའི་ཕྱིའི་ལོ་རྒྱུས་མདོ་ཙམ་ཞིག་བརྗོད་པ་སྟེ། མི་ཚེ་འདིའི་ནང་སེམས་ཀྱི་བདེ་སྐྱིད་ཆེས་ཚད་གཞི་མཐོན་པོར་སླེབས་པའི་འགྲུལ་བཞུད་ཅིག་ཀྱང་ཡིན་ནོ།།
ཕྱིར་ཨ་རིར་སླེབས་རྗེས་གཅིག་ནས་དེང་རབས་གསར་བའི་ལུགས་སྲོལ་དང་། གཉིས་ནས་སྔར་ངའི་ཁྱིམ་ཚང་ཁ་འཐོར་དུ་འགྲོ་སྐབས། རོ་ཐོག་རྟ་རྒྱུག་བྱེད་རྒྱུ་ལ་ཤིན་ཏུ་གོམས་པའི་མི་སྐོར་ཞིག་གིས། ང་ལ་སེམས་གསོའི་མཚམས་འཕྲིན་གྱི་ཚབ་ཏུ་གཞི་མེད་སྐུར་འདེབས་གང་མང་བྱས་ཏེ། བོད་ཕྱི་ནང་གང་སར་ཡོད་པའི་ངའི་ཕྱོགས་ཀྱི་མི་མང་པོ་བློ་ཕམ་དུ་བཅུག་པར་བརྟེན། བདེན་དོན་བདེན་དཔང་གི་ཐོག་ནས་ངོ་སྤྲོད་བྱེད་ཆེད། ང་དང་ངའི་སྙིང་གི་བདག་མོ་གཉིས་ཀྱི་འདྲ་པར་བཞི་བཅུ་ལྷག་ཅིག་ངོ་དེབ་ཀྱི་སྟེང་དུ་བསམ་གཟས་ནས་བཀོད་པ་ལ། མི་སུ་ཞིག་དར་ན་ཡང་ཟུག རྒུད་ན་ཡང་ཟུག རྒྱུ་མཚན་ཤེས་ན་ཡང་ཟུག རྒྱུ་མཚན་མ་ཤེས་ན་ཡང་ཟུག་པའི་གད་སྙིད་ཁྲོད་ཀྱི་ཁྱི་ལྡོམ་ལོང་བ་འགའ་ཞིག ཡང་ངུ་ཟུག་གིས་མིད་པ་འགག་གྲབས་ཡོད་པ་ཐོས་ཀྱང་། བདེན་རྫུན་དཔྱོད་པའི་བློ་གྲོས་ཀྱི་མིག་དང་ལྡན་ཞིང་། མིའི་སྤྱི་ཚོགས་ཀྱི་ནང་ནས་མི་བུ་རིན་ཐང་ཅན་དུ་གྲགས་པ་རྣམས་ཀྱིས་ང་ལ་གདེངས་འཇོག་གིས་བརྩེ་བའི་མཚམས་འཕྲིན་གནང་བ་ནི།
ཁྲག་འཐུང་བདེ་ཆེན་གླིང་པ་མཆོག་གིས།
བརྩེ་དུང་གི་དེབ་ཐེར་མེ་ཏོག་གི་རྒྱ་ཅན།།
སྦས་ཡུལ་གྱི་མཁའ་འགྲོ་བརྩེ་འདང་གི་རྐྱལ་བ།།
མདོ་སྨད་ཀྱི་དཔའ་བོ་སྙིང་སྡུག་གི་དྲན་ཤིང་།།
ལྷན་འཛོམས་ཀྱི་གཏམ་རྒྱུད་མཁའ་ཁྱབ་ཀྱི་རོལ་མོ།། ཞེས་སོགས་སྔ་ཕྱི་བར་གསུམ་དུ་ཚིག་སྙན་ཞིང་དོན་ཟབ་པའི་མཚམས་འཕྲིན་གང་མང་གནང་བ་དང་། ༧སྐྱབས་རྗེ་མཁན་ཆེན་བླ་མ་དཔལ་དགྱེས་པ་རྡོ་རྗེ་མཆོག་གིས།
ཨེ་མ་ཧོ། འཇིགས་མེད་མདོ་སྔགས་ཤེས་བྱའི་གཏེར་ཆེན་ཀུན།།
བློ་གྲོས་རིག་འཛིན་འདུས་པའི་རྩལ་དུ་ཤར།།
སྐུ་གསུམ་བསྟན་པའི་རྒྱལ་མཚན་འདེགས་མཛད་པ།།
རྩ་གསུམ་རྒྱ་མཚོའི་སློབ་དཔོན་ཁྱེད་ལ་བསྔགས།།
བརྒྱུད་གསུམ་བླ་མས་བྱིན་རླབས་དངོས་གྲུབ་ཐོབ།།
མཆོག་གསུམ་དམ་པའི་བརྟུལ་བཞུགས་མཐར་ཕྱིན་པས།།
གནས་གསུམ་མཁའ་འགྲོའི་ཕྱག་རྒྱས་བདེ་ཆེན་གར།།
རོལ་མཛད་སློབ་དཔོན་ཆེན་པོར་རྒྱལ་གྱུར་ཅིག།
བློ་གྲོས་ཆོས་ཀྱི་ཉི་མ་ཀུན་ཏུ་གསལ།།
བྱམས་བརྩེའི་ལེགས་པའི་ཟླ་བ་མཆོག་ཏུ་བཟང།།
དོན་གྲུབ་དགེ་བའི་སྐར་མ་ཤིན་ཏུ་མཛེས།།
འཇིག་རྟེན་མུན་པའི་བསྐལ་བ་རབ་ཏུ་བསལ།།
འཇིགས་མེད་བློ་གྲོས་གཟུངས་སྤོབས་ཏིང་འཛིན་རྒྱས།།
ཞི་བདེའི་འོད་སྟོང་འཕྲོ་བའི་ཕྲིན་ལས་ཉིད།།
ཀུན་གསལ་ཁྱོན་ཀུན་ཡོངས་སུ་ཁྱབ་གྱུར་ནས།།
གསང་ཆེན་བསྟན་པའི་བདག་པོར་ཞབས་བརྟན་ཤོག། ཅེས་དང་།
དངོས་རིག་ལས་ཀྱི་ཕྱག་རྒྱ་ཁབ་ཏུ་སོན།།
བདེ་ཆེན་དོན་གྱི་ཕྱག་རྒྱར་རྟག་ཏུ་འགྲོགས།།
བཞེད་དོན་ལྷུན་གྲུབ་གསང་ཆེན་བསྟན་པའི་དཔལ།།
འཛིན་སྐྱོང་སྤེལ་བའི་སྐྱབས་མགོན་རྒྱལ་གྱུར་ཅིག། ཅེས་དང་།
ཨེ་མ་ཧོ། གསང་གསུམ་མཁའ་འགྲོའི་དེ་ཉིད་བདེ་ཆེན་ངོ་བོ།།
རང་བཞིན་བཅོས་མིན་སྟོན་པའི་མངོན་གྱུར་སློབ་དཔོན།།
སྣ་ཚོགས་སྒྱུ་འཕྲུལ་རོལ་བའི་ཐབས་ཤེས་མཇལ་ཚེ།།
ཡབ་ཡུམ་འབྲལ་མེད་ཀུན་བཟང་ཞིང་དུ་སྨོན་ནོ།། ཞེས་དང་། མཁས་པ་ཆེན་པོ་མཁན་པོ་འཇུ་བསྟན་སྐྱོང་མཆོག་གིས།
འཇིགས་མེད་དགྱེས་རོལ་བརྟུལ་ཞུགས་གར་གྱིས་མཛེས།།
དྲི་མེད་བློ་གྲོས་གཟུངས་སྤོབས་ནོར་གྱིས་མཛེས།།
ངེས་གསང་རྒྱལ་མཚན་ཕྲིན་ལས་དཔལ་གྱིས་མཛེས།།
ཟུང་འཇུག་བདེ་བ་ཆེན་པོར་རྟག་བརྟན་ཤོག། ཅེས་དང་། རྫ་མཁན་པོ་ཚེ་རིང་བཀྲ་ཤིས་ཀྱིས།
རིག་འཛིན་གྱི་བུ་རྒྱུད་ཀློང་གྲོལ་གྱི་སྐྱེས་བུས།།
ཟང་ཐལ་གྱི་མཁའ་ལ་གུ་ཡངས་ཀྱིས་རྩེན་གྱིན།།
ཡབ་མེས་ཀྱི་ཚངས་སྐུད་ཆེ་རྟགས་སུ་འཆང་བར།།
གནས་གསུམ་གྱི་ཌཱཀྐིས་ཨ་ཧོ་རང་ལོས་ཡོད།།
ལྷོ་མོན་གྱི་སྦས་ཕུག་པདྨ་ཡི་གསང་ལམ།།
རང་བྱུང་གི་སྨན་ལྗོངས་ལྷ་ཡུལ་གྱི་ཐེམ་སྐས།།
རྟེན་འབྲེལ་དང་ལས་སྨོན་མཐུན་ཕྱོགས་སུ་འཛོམས་པར།།
རིག་འཛིན་གྱི་ལྷ་ཚོགས་རྒྱང་རིང་ནས་དགྱེས་སྐད།།
རྩ་རྒྱ་ཡི་དྲ་བ་ལུས་རྒྱ་ཡིས་དཀྲོལ་ཏེ།།
ལུས་སྐྱེས་ཀྱི་བདེ་བས་བདེ་མཆོག་ལ་སྦྱོར་བའི།།
ཡང་གསང་གི་ཉེ་རྒྱུའི་འཕོ་མེད་ཀྱི་རྟེན་འབྲེལ།།
ཐོགས་བྲལ་གྱི་ངང་ལ་ཁྱུང་ཆེན་བཞིན་འཕུར་ཅིག། ཅེས་དང་། མཁན་སྤྲུལ་ཨོ་རྒྱན་ཉི་མ་མཆོག་གིས།།
སྦས་ཡུལ་མཁའ་འགྲོའི་ཕྱག་རྒྱ་སྐུ་ལ་འཁྱུད།།
འཇིགས་མེད་སྨྲ་བའི་ཕྱག་རྒྱ་གསུང་ལ་རྫོགས།།
བདེ་སྟོང་དོན་གྱི་ཕྱག་རྒྱ་ཐུགས་ལ་འབར།།
བརྟུལ་ཞུགས་རིགས་པའི་རྒྱལ་པོ་ཁྱེད་ལས་སུ།།
གནས་གསུམ་མཁའ་འགྲོའི་སྙིང་སྡུག་དཔའ་བོ་ཆེ།།
བརྒྱུད་གསུམ་བླ་མའི་གདམས་ངག་མཛོད་དང་ལྡན།།
ས་གསུམ་མུན་སེལ་ངེས་དོན་ཆོས་ཀྱི་རྗེ།།
སྐུ་ཚེ་བརྟན་ཅིང་བཞེད་དོན་ལྷུན་གྲུབ་ཤོག། ཅེས་དང་། མཁན་ཆེན་སངས་རྒྱས་ཆོས་འཕེལ་གྱིས།
རབ་འབྱམས་རྒྱལ་བའི་སྤྱི་གཟུགས་ཨོ་རྒྱན་རྗེའི།།
བསྟན་པའི་སྣང་བྱེད་ལུང་རྟོགས་རྒྱ་མཚོའི་བདག།
འཇིགས་མེད་སྨྲ་བའི་ཉི་མ་འོད་པོ་ཆེ།།
བསྟན་འཛིན་རྒྱུ་སྐར་ཁྲོད་ན་རྣམ་པར་གསལ།།
ཕུལ་བྱུང་བློ་གྲོས་འཛིན་མའི་ལྟོ་བ་རུ།།
བཀའ་གཏེར་ཆོས་ཀྱི་རྒྱ་མཚོ་ཡོངས་རྫོགས་པ།།
གང་ཁྱོད་བླུན་པོ་ནོར་གྱིས་བཀུར་བ་ཡི།།
བསྟན་འཛིན་གཟུགས་བརྙན་འབུམ་གྱིས་བསྒྲུན་དུ་མེད།།
སྒྱུ་མའི་ནོར་གྱི་སྐྱལ་བ་ཁུར་མིན་ཡང་།།
གང་དུ་བཞུགས་ཀྱང་ཀུན་ཀྱང་ཟིལ་གྱིས་གནོན།།
ཕུལ་བྱུང་ལེགས་པར་བཤད་པའི་ཆ་ཤས་རེས།།
མཁས་དགུའི་ཡིད་ཀྱི་བརྟན་པ་ཤུགས་ཀྱིས་དྲངས།།
མཁའ་སྤྱོད་མཁའ་འགྲོའི་ཚོགས་རྗེ་ཚོགས་ཀྱི་བདག།
སྒྲུབ་བརྒྱུད་གྲུབ་པའི་རིག་འཛིན་རྨད་པོ་ཆེ།།
བདེ་ཆེན་ཌཱཀྐི་དགྱེས་པའི་གྲོགས་དང་བཅས།།
ཞབས་པད་རྡོ་རྗེའི་ཁམས་སུ་བརྟན་གྱུར་ཅིག།
ཅེས་སོགས་རིགས་པའི་གྲོགས་པོ་གང་མང་ཞིག་གིས་བོད་དབྱིན་གཉིས་ཐོག་ནས་དགྱེས་བརྩེའི་མཚམས་འཕྲིན་གྱི་ཆར་དབབ་པ་ཡང་། མེ་བྱུང་བའི་སྔ་རོལ་དུ་དུད་པ་བྱུང་བ་ལྟར། དབང་གི་ཕྲིན་ལས་གྲུབ་པའི་རྟེན་འབྲེལ་གྱི་སྒོ་ཐོག་མར་ཕྱེས་པའི་རྟགས་སུ་སྣང་ངོ་ཞེས་སྒྲ་དབྱངས་རྒྱ་མཚོའི་གླིང་གི་ཁོར་ཡུག་དུ་འབྲུག་ལྟར་གྲག་པར་གྱུར་ཏོ།། སརྦ་མངྒ་ལཾ།། །།
སློབ་དཔོན་འཇིགས་མེད་བློ་གྲོས་རྒྱལ་མཚན་ལགས། ཁྱེད་ཀྱི་མཁྱེན་ཡོན་དང་། ངག་གི་རིག་བྱེད་ནི་ཡིད་སྨོན་འཆོར་བ་ཞིག་རེད། ལྷག་པར་ཁྱེད་ཀྱི་༧གོང་ས་མཆོག་གི་རྟོགས་བརྗོད་ཚིགས་བཅད་མ་དེ། བོད་ཀྱི་དུས་རབས་གསར་རྙིང་འགྱུར་མཚམས་ཀྱི་ཚིགས་བཅད་སྙན་ངག་ཡག་ཤོས་དེ་ཡིན་པའི་གདེངས་འཇོག་ཞུ་བཞིན་ཡོད། ཀླུ་སྨྱོན་དང་ཁྱེད་རྣམ་པ་གཉིས་ཆ་སྲོལ་རྒྱུན་རྩོམ་རིག་གི་ཚེ་སྲོག་གསོ་བའི་ལྷ་རྗེ་བཟང་ཤོས་གཉིས་རེད། ད་དུང་མུ་མཐུད་སྲོལ་རྒྱུན་སྙན་རྩོམ་མང་ཙམ་སྤེལ་བའི་རེ་བ་ཞུ་བཞིན་ཡོད། རྣམ་པ་གཉིས་ཆ་སྐུ་ཚེ་བརྟན་ཅིང་ཐུགས་བཞེད་འགྲུབ་པའི་ལེགས་སྨོན་བཅས། གུས་ཕུལ།
ནང་པའི་གསང་སྔགས་རིག་པ་དང་འབྲེལ་བའི་བརྗོད་བྱ་དང་། དངོས་བྱུང་གི་གནས་སྟངས་ཆ་ཚང་བ་གསལ་ཞིབ་བྲིས་པའི་ཆ་ནས་རྩོམ་ཡིག་ཡག་པོ་ཞིག་ཡིན་པར་ཐེ་ཚོམ་མི་འདུག ཡིན་ན་ཡང་བརྩེ་དུང་རང་སྟེང་ནས་དེ་ཙམ་གྱི་ཉམས་འགྱུར་འཁྲུག་པོ་ཞིག་མཐོང་མ་སོང་། དཔེར་ན། ཐོག་མར་དགའ་མ་དེ་མཐོང་དུས་ཀྱི་ཚོར་སྣང་། ཐ་མ་ཁ་འབྲལ་དུས་ཀྱི་ཚོར་སྣང་། མཉམ་དུ་འགྲོགས་པའི་དུས་ཀྱི་བརྩེ་ཞིང་དུང་བའི་དགའ་བའི་རོ་མྱོང་སོགས་གྲོང་ཚིག་འཁྲིག་ཚིག་དམར་རྗེན་དུ་མ་བཏོན་པར་སྒྱུ་རྩལ་གྱི་ཚིག་དོན་ཞིམ་པོའི་ཁོག་ཏུ་དྲིལ་ནས་བརྗོད་ཐུབ་ན་བྲོ་བ་ཆེ་བ་དང་། ལྷག་པར་ཡང་གསང་བའི་རྟགས་དང་རྟེན་འབྲེལ་དང་རྨི་ལམ་ཉམས་སྣང་སོགས་ཁོ་ན་མ་ཡིན་པར་ནང་པ་སྤྱིར་ནང་པ་སངས་རྒྱས་པའི་ན་གཞོན་ཞིག་གི་ངོས་ནས་འཇིག་རྟེན་གྱི་ཕོ་མོའི་བརྩེ་དུང་གི་རིན་ཐང་ལྟ་སྟངས་ཐུན་མོང་མ་ཡིན་པ་ག་འདྲ་ཞིག་ཡིན་པའི་སྐོར་སྣང་བརྙན་འབུར་དུ་འདོན་ཐུབ་ན་ཕན་ཐོགས་དང་བྲོ་བ་ཆེན་པོ་ཡོད་ས་རེད། གང་ལྟར་ཐུགས་རྗེ་ཆེ། སྙན་པོ་དཔེ་མེད་ཅིག་བྱུང་།
དཔེར་ན། སྟོན་པ་སངས་རྒྱས་ཀྱི་བཀའ་དང་པོའི་དབང་དུ་བྱས་ནས་འདུས་བྱས་ཐམས་ཆད་མི་རྟག་པར་ཤེས་པའི་ཆ་ནས་དགའ་ཞིང་དུང་བའི་དགའ་བ་འདི་ཉིད་རང་དང་མཉམ་དུ་འགྲོགས་པའི་དུས་སུ་ཉིན་རེའི་མི་ཚེ་ནང་གི་ཆུ་ཚོད་སྐར་ཆ་རེ་རེ་བཞིན་གང་ཐུབ་ཅི་ཐུབ་ཀྱིས་རང་གི་དགའ་མ་ལ་བརྩེ་ཞིང་བྱམས་སྐྱོང་མ་བྱས་ན་མཐར་ཤི་བའི་དུས་སུ་འགྱོད་པ་སྐྱེ་ངེས་པ་ལྟ་བུ་དང་། ཟག་བཅས་ཐམས་ཅད་སྡུག་བསྔལ་བ་ཡིན་པར་གསུངས་པའི་ཆ་ནས་མ་འོངས་པར་ངེད་གཉིས་ཀྱི་མི་ཚེ་ལ་ཡང་དཀའ་ངལ་དང་སྡུག་བསྔལ་མི་འཕྲད་པར་བཟུར་ས་མེད་ཀྱང་དཀའ་སྡུག་གང་ཞིག་འཕྲད་ཀྱང་བྱམས་པས་སྐྱོང་བའི་དམ་བཅའ་བརྟན་པོ་བཞག་ཚུལ། ཆོས་ཐམས་ཅད་བདག་མེད་པ་ཡིན་པར་གསུངས་པའི་ཆ་ནས་རང་ཉིད་ཁོ་ན་གལ་ཆེན་དུ་མི་འཛིན་པར་དགའ་མ་འདི་ཉིད་ལ་རང་དང་མཚུངས་པའི་ལྟ་རྟོག་བྱ་འདོད་ཡོད་ཚུལ། མྱ་ངན་ལས་འདས་པ་ཞི་བ་དམ་པ་ཡིན་པའི་ཆ་ནས་དགའ་མ་འདི་ཡང་སྡིག་པ་དང་ཉེས་སྟུང་གི་ནང་དུ་ལྷུང་མི་འཇུག་པར་དམ་པ་ལྷ་ཆོས་བསྒྲུབ་པའི་མཐུན་རྐྱེན་གང་ནུས་སྦྱོར་འདོད་ཡོད་ཚུལ་ལྟ་བུ་སོགས་འབྲི་ཐུབ་ན་ཡག་ས་རེད། ཧ་ཧ་ཧ། ངས་ནི་ཡོང་ས་མ་རེད། ཁྱེད་རྣམ་པར་རེ་བ་ཡོད།
མདོར་ན་ནང་པ་སངས་རྒྱས་པའི་ལྟ་གྲུབ་གཞིར་བཞག་ནས་ཕོ་མོའི་བརྩེ་འབྲེལ་ལ་བསྟོད་གླུ་ལེན་དགོས་ཀྱིན་འདུག སྔོན་གྱི་བླ་མ་མང་པོས་དེའི་སྐོར་ལ་ཁ་གསལ་པོ་གསུང་མི་འདུག ལྷག་པར་མང་ཆེ་བས་སྨད་ར་བྱས་འདུག སྨད་ར་བྱས་བསྡད་ན་ཕན་ཐོགས་མི་འདུག ཆགས་འབྲེལ་མེད་པར་འཛིན་རྟེན་སྤྱི་ཚོགས་འཚོ་ཐབས་མེད་པ་ཡིན་སྟབས་དེ་ལ་དཔག་པའི་ཆོས་དང་འབྲེལ་བའི་ཕོ་མོའི་བརྩེ་འབྲེལ་དེ་ལ་བརྩེ་འབྲེལ་ཕལ་བ་ཙམ་མ་ཡིན་པའི་རིན་ཐང་དང་ལྷག་པར་ཡང་ཕོ་མོའི་འབྲེལ་བ་སྤྲོ་སྐྱིད་ལྡན་པ། ཡུན་རིང་མཉམ་གནས་ཐུབ་པ། ཕན་ཚུན་ལ་བསམ་ཤེས་རང་དབང་སྤྲོད་སྟངས། ཕོ་མོ་འདྲ་མཉམ་གྱི་ལྟ་སྟངས་ངོ་མཚར་ཅན་སོགས་བཤམ་སྟོན་བྱེད་ཐུབ་ན་ཉིན་ཞིག་འཛམ་གླིང་བུ་མོ་ཚང་མས་ནང་པ་སངས་རྒྱས་པའི་ཁྱོ་ག་རག་པར་སྐོམ་པས་ཆུ་འདོད་ལྟར་རེ་བ་བྱེད་པ་དང་བུ་ཚང་མས་ནང་པ་སངས་རྒྱས་པ་མནའ་མ་རག་པར་འབད་བརྩོན་པ་ཞིག་བྱེད་ཐུབ་ངེས་རེད།
མདོར་ན་ནང་པ་སངས་རྒྱས་པའི་ལྟ་གྲུབ་གཞིར་བཞག་ནས་ཕོ་མོའི་བརྩེ་འབྲེལ་ལ་བསྟོད་གླུ་ལེན་དགོས་ཀྱིན་འདུག སྔོན་གྱི་བླ་མ་མང་པོས་དེའི་སྐོར་ལ་ཁ་གསལ་པོ་གསུང་མི་འདུག ལྷག་པར་མང་ཆེ་བས་སྨད་ར་བྱས་འདུག སྨད་ར་བྱས་བསྡད་ན་ཕན་ཐོགས་མི་འདུག ཆགས་འབྲེལ་མེད་པར་འཛིན་རྟེན་སྤྱི་ཚོགས་འཚོ་ཐབས་མེད་པ་ཡིན་སྟབས་དེ་ལ་དཔག་པའི་ཆོས་དང་འབྲེལ་བའི་ཕོ་མོའི་བརྩེ་འབྲེལ་དེ་ལ་བརྩེ་འབྲེལ་ཕལ་བ་ཙམ་མ་ཡིན་པའི་རིན་ཐང་དང་ལྷག་པར་ཡང་ཕོ་མོའི་འབྲེལ་བ་སྤྲོ་སྐྱིད་ལྡན་པ། ཡུན་རིང་མཉམ་གནས་ཐུབ་པ། ཕན་ཚུན་ལ་བསམ་ཤེས་རང་དབང་སྤྲོད་སྟངས། དམ་ཚིག་བརྟན་པོ། ཕོ་མོ་འདྲ་མཉམ་གྱི་ལྟ་སྟངས་ངོ་མཚར་ཅན་སོགས་བཤམ་སྟོན་བྱེད་ཐུབ་ན་ཉིན་ཞིག་འཛམ་གླིང་བུ་མོ་ཚང་མས་ནང་པ་སངས་རྒྱས་པའི་ཁྱོ་ག་རག་པར་སྐོམ་པས་ཆུ་འདོད་ལྟར་རེ་བ་བྱེད་པ་དང་བུ་ཚང་མས་ནང་པ་སངས་རྒྱས་པ་མནའ་མ་རག་པར་འབད་བརྩོན་པ་ཞིག་བྱེད་ཐུབ་ངེས་རེད།
དེ་རེད། སྤོབས་པ་མཐའ་ཡས་ཀྱི་གསུངས་པ་ལ་ངོ་མ་རིན་ཐང་ཆེན་པོ་འདུག སྔོན་གྱི་བླ་མ་གཏེར་སྟོན་ཐབས་ཅད་ཀྱི་རྣམ་ཐར་ནང་ན་རང་ཉིད་ཀྱི་སྐོར་འབའ་ཞིག་བྱུང་བ་ལས་ཡུམ་གྱི་སྐོར་མི་འདུག་ག ལོ་ཆེན་རིན་པོ་ཆེའི་དྲིན་གྱིས་ཁོང་གི་ཨ་མ་ཡིན་པ་གསང་བདག་ཕྲིན་ལས་ལྷུན་གྲུབ་ཀྱི་ཡུམ་གྱི་ལོ་རྒྱུས་སོགས་ཉུང་ཤས་ཤིག་མ་གཏོགས། ཐ་ན་གཏེར་སྟོན་རྣམས་ཀྱི་རྣམ་ཐར་ཆེན་པོ་ལག་པས་མི་ཁྱོག་རྒྱུ་ཚོའི་ནང་ན་ཡུམ་གྱི་མཚན་ཙམ་ཡང་མཐོང་རྒྱུ་དཀའ་བར་འདུག དེ་ཚོ་དངོས་གནས་ཡག་པོ་བྱུང་མི་འདུག ལ་ལ་ཞིག་གི་གཏེར་སྟོན་རང་དང་། དེ་ནས་སྲས་ཀྱི་སྐོར་བྲིས་འདུག ཡུམ་དྲིན་ཅན་མ་དེ་ཚོ་བར་ནས་གཡུག་འདུག དེ་ཡག་པོ་ཞིག་མ་རེད།
གཅིག་ཤོར་གཅིག་རྙེད་ཀྱི་རྣམ་ཐར་དགའ་སྐྱོ་འདྲེས་མ་འདི་སྙན་པོ་བྱུང་ལགས། ཅི་མ་ཅི་བཞིན་ཐད་ཀར་བྲིས་པ་ཞིག་ཡིན། ཞེས་པ་འདི་ཇི་མ་ཇི་བཞིན་མིན་ནམ། ཇི་ལྟར། ཇི་སྐད། ཇི་བཞིན་ལྟར་རོ། །
ཧ་ཅང་སྙན་མོ་བྱུང་། ཡིན་ནའང་སྤོབས་མཐས་གསུངས་པ་ལྟར་བརྩེ་དུང་གི་ཆ་ནས་དེ་ཙམ་འབུར་དུ་བཏོད་ཐུབ་མི་འདུག ལྷག་པར་དུ་ཕྱིར་ཨ་རིར་ལོག་ཁ་མ་དེར་གཅིག་སེམས་གཅིག་ལ་འཁྲེང་ནས་འབྲལ་དཀའ་བ་བྱུང་ཚུལ་ཟུར་ཙམ་ཡང་བྲིས་མི་འདུག་པ་དེ་ཁྱད་མཚར་རེད། མདོར་ན་ཁ་བྱང་དང་རྩོམ་གྱི་བར་ཐག་རིང་ཞིང་དམིགས་ཡུལ་གཞན་ཞིག་གིས་སྤྱི་ཁོག་ལ་དབང་སྒྱུར་བྱས་པའི་ཚོར་སྣང་སྟེར།
སྒྲོ་སྐུར་ཚིག་གི་ཕྱི་གོས་མ་བཀླུབས་ཤིང་།།
མི་བདེན་དོན་གྱི་ཉམས་འགྱུར་མི་མཐོང་བའི།།
ངོས་བྱུང་ལང་ཚོ་རྗེན་པའི་བརྩེ་དུང་གཏམ།།
སྔགས་འཆང་ཁྱོད་ཀྱིས་བསྒྲགས་འདི་ཨེ་མ་རྨད།།་་་་་་ཧ་ཅང་སྙན་པོ་འདུག
ཆོས་འཇིག་ཟུང་འབྲེལ་གྱི་མཁས་དབང་ཞིག་རེད་འདུག བདག་ཅག་གི་སྟོན་པས་སྔོན་དུ་ཁྱིམ་བཟུང་། དེ་རྗེས་ཁྱིམ་སྤང་ནས་རབ་ཏུ་བྱུང་། རང་ཅག་བོད་གངས་ཅན་གྱི་བླ་སྤྲུལ་མང་པོ་ཞིག་ནི་དགུང་ན་ཆུང་དུས་རབ་ཏུ་བྱུང་། དགུང་ན་དར་ལ་བབས་ཤིང་། འཇིག་རྟེན་གྱི་བདེ་སྡུག་ཚང་མ་མཁྱེན་པའི་དུས་སུ་དགོན་པ་དབྱུགས་ཏེ་ཁྱིམ་ས་བཟུང་། དེ་ཡང་དུས་དང་མཐུན་པའི་འགྱུར་བ་ཞིག་ཡིན་པ་འདྲ།
སྙན་པོ་བྲིས་འདུག ཡིན་ན་ཡང་འཚོ་བ་དངོས་ཀྱི་ཉམས་འགྱུར་ཁ་ཤས་མ་ཚང་བ་འདྲ་བོ་འདུག དཔེར་ན་སློབ་དཔོན་མཆོག་འབྲུག་ལ་་ཆེད་དུ་རང་གི་དྲྭ་ནང་གི་དགའ་མ་དེར་ཐུག་ཏུ་ཕེབས་པའི་རྒྱུས་རིམ་གསལ་པོ་འདུག་ཀྱང་ཕེབས་དོན་དངོས་ནི་ལྷན་སྐྱེས་བདེ་སྟོང་ལ་རོལ་རྒྱུ་དེ་ཡིན་ཡང་། ཐག་རི་ཡུལ་ནས་འགྲོ་སོང་ཕང་མེད་བཏང་ནས་ས་ཆ་དངོས་སུ་སླེབས་དུས་མགྲོན་ཁང་ནང་ཆུ་ཚོད་མང་པོ་འགུགས་པའི་སྐོར་གསུངས་འདུག་ཀྱང་། བཞུགས་ཁྲིའི་སྒང་དུ་རིག་མ་རྡོ་རྗེ་མཁའ་འགྲོ་མ་དང་མཉམ་དུ་ལྷན་སྐྱེས་ཀྱི་དགའ་སྟོན་ལ་རོལ་ནས་བདེ་སྟོང་ཉམས་སུ་མྱོང་ཚུལ་གྱི་གལ་ཆེའི་ལེའུ་དེ་ཆད་འདུག ཕན་ཚུན་ཞལ་སྦྱོར་བ་ཙམ་གྱི་བདེ་སྟོང་དངོས་ཆ་ཚང་མྱོང་ཐབས་མེད། དེ་བཞིན་རིག་མ་རྡོ་རྗེ་མཁའ་འགྲོ་མ་དེ་། མེ་ཏོག་མ་ཡིན་མིན་དང་། སློབ་དཔོན་གྱི་རྡོ་རྗེ་མཉམ་དུ་སྦྱོར་བས་ཁོང་ལའང་ཟུང་འཇུག་གི་བདེ་སྟོང་ཇི་ལྟར་སྐྱེས་ཡོད་མེད། རིག་མའི་བྷ་གའི་བུ་ག་དམ་ལྷོད་དང་། ཁོང་མོ་སྒྱུ་རྩལ་ཉི་ཤུ་རྩ་བཞིར་མཁས་མིན་་སོགས་སློབ་དཔོན་མཆོག་ནས་ཕྱི་རབས་ཀྱི་འདུལ་བྱ་ལས་ཅན་རྣམས་ལ་དགོངས་ཏེ་གསལ་ཙམ་གསུངས་གནང་ཡོང་པ་མཁྱེན།
སྔགས་པ་རྕ་རྒྱལ་འདིས་ ཧཧཧཧཧཧཧཧ
སྐྱུར་རྩི་དང་། སྤོབས་པ་མཐའ་ཡས་སོགས། ཁྱེད་ཚོས་སློབ་དཔོན་གྱིས་བརྩེ་དུང་གི་གཏམ་དམར་རྗེན་དུ་བཏོན་མི་འདུག་ཟེར་ནས་འཁང་ར་བྱེད་དགོས་ས་མ་རེད། ཁོང་སྒེར་གྱི་དྲ་ཚིགས་ཀྱི་ཐོག་ཏུ་འདི་འདྲ་ཞིག་བྲིས་འདུག (སྤྲིན་གྱི་རྒྱ་མཚོ་བརྒལ་བའི་བརྩེ་དུང་གི་འགྲུལ་བཞུད་རིང་མོ་ཞེས་བྱ་བ་འདི་ལ། ཕྱི་འཇིག་རྟེན་བརྩེ་འདང་གི་གཏམ་རྒྱ་མེད་དང་། ནང་གསང་སྔགས་བཏུལ་ཞུགས་ཀྱི་སྤྱོད་པའི་གཏམ་མེ་ཏོག་གི་རྒྱ་ཅན་གཉིས་ལས། འདིར་བཀོད་པ་ནི་ཕྱིའི་གཏམ་ཡིན་ཞིང་། ནང་གི་གཏམ་ནི་ཁོ་བོའི་གསང་བའི་རྣམ་ཐར་གྱི་མཛོད་དུ་ཡོད་པས། རིགས་དང་། ཐོས་པ་དང་། ཤེས་རབ་དང་། གདམས་ངག་གི་བརྒྱུད་པ་གཅིག་མི་གཅིག་ཀུན་གྱི་སྤྱན་ལམ་དུ་འབུལ་བར་རྔོ་མི་ཐོགས་སོ།།) མི་འདེན་བསམ་ན་འདི་ལ་ལྟོས་དང་། http://lightof-wisdom.blogspot.com/2011/05/blog-post_17.html ད་དུང་པར་ཡང་མང་གི འོ་ཡ། ད་ཁྱེད་ཚོས་ནང་གི་གཏམ་དེ་གཅིག་བཀླག་ན་མགོ་ཡོམ་འཁོར་རྒྱུ་རེད་ཀོ ཀླུ་སྨྱོན་གྱིས་བཀླགས་འདུག་ཟེར་གི ཁོང་ལ་གཅིག་དྲིས་དང་། ཧ་ཧ་ཧ། རྩེད་མོ་དང་སྦྲགས་ཏེ་ཕུལ།
སློབ་དཔོན་འཇིགས་མེད་ཚང་གི་སྨྱུག་རྩལ་དང་། རྣམ་དཔྱོད་ལ་གཞན་གྱིས་འགྲན་ཟླ་མི་འདུག ངས་བལྟས་ན་ཀླུ་སྨྱོན་རྩོམ་རིག་བྱ་དགའི་བདག་པོ་ཁོང་ཡིན་པར་ཐེ་ཚོམ་མི་འདུག
གལ་ཏེ་རྩོམ་ཡིག་གི་རིན་ཐང་མ་ཡིན་པར་དེའི་རྒྱབ་ན་གསང་བ་གཞན་རེ་ཡོད་ན་མི་ཤེས། དེ་མིན་ད་བར་རྩོམ་རིག་འགྲན་རྩོད་ཁྲོད་ཁོང་གི་རྩོམ་ཡིག་ལས་ལྷག་ཅིག་མི་འདུག་ཀ
དེང་དུས་ཁ་ཤས་ཀྱིས་རྩོམ་ཡིག་གི་ངོ་གདོང་ལ་མི་ལྟ་བར་རྩོམ་པ་པོ་སྤྱི་ཚོགས་ཐོག་སྐད་གྲགས་ཡོད་མེད་ཀྱི་རྒྱུ་མཚན་སྔོག་བཞིན་ཡོད། འདི་སྐབས་འདིའི་དམིགས་ཡུལ་དུ་བཟུང་ན་མི་འགྲིག་གི དེ་མིན་ང་ཚོས་
གཅིག་བལྟས་ན་ཆོག་གི
སློབ་དཔོན་ཁོང་གི་ཕྱག་རྩོམ་འདི་ནི་ཅི་འདྲའི་སྙན་པ་ལ་ཨང་། ལས་ཀྱིས་བསྐོས་པའི་བུ་མོ་དེ་དང་ཁྱེད་གཉིས་ཀྱི་བསམ་དོན་ཡིད་བཞིན་དུ་འགྲུབ་པའི་སྨོན་འདུན་ཞུའོ།
སྔོན་བྱུང་མཁས་པའི་རྩོམ་སྟངས་མ་ཡལ་བར། །
ཕྱག་སོར་སྨྱུ་གུའི་རྩེ་མོ་གཡོ་བ་ལ། །
མཁྱེན་དང་སྤོབས་པ་མངའ་བ་ཁྱེད་ཉིད་ཀྱི། །
འདོན་པའི་དོན་རྣམས་ཡིད་བཞིན་འགྲུབ་པར་སྨོན། །
ཡག་པོ་བྲིས། ཆ་ཚང་དེ་རིང་བཀླགས་མེད། འདིའི་སྔོན་ཁོང་གི་ཟིན་བྲིས་ལས་ཆ་ཚང་ཚར་གཅིག་བཀླགས་ཟིན། རྩོམ་ཡིག་འགྲན་བསྡུར་འདིའི་ནང་གི་བྱ་དགའ་ཁོང་ལ་འོས་འཚམས་རེད་སྙམ། འོན་ཀྱང་ང་སྙན་ངག་པ་མིན་ལ། སྒྱུ་རྩལ་བ་དེ་བས་ཀྱང་མིན་པས། ངའི་གཏམ་ལ་རིན་ཐང་དེ་ཙམ་མེད་པའང་དྲ་གྲོགས་ཚང་མས་མཁྱེན་པར་མཛོད།
དེང་སྐབས་སྙན་པ་ཟེར་བ་དེ་ཚོས་སྙན་ངག་ང་ཚོ་ལྟ་བུས་བླུན་པོས་ཀློག་ཀྱང་ཤེས་ཀྱི་མི་འདུག དོན་དེ་བས་ཀྱང་མི་རྟོགས་པ་ནི་སྨོས་མེད་རེད།
ཨོ་ཡ་ཡར་བཏང་ཟིན་རྗེས་གཅིག་བལྟས་དུས་ཚང་མ་ནོར་འདུག ཡག་པོ་བྲིས་འདུག ཅེས་པར་ཡག་པོ་བྲིས་ཞེས་ནོར་བ་མ་ཟད། སྙན་ངག་པ་ཟེར་བར་སྙན་པ་ཞེས་ནོར་འདུག ཁ་བརྡ་དང་དུས་བབ་སོགས་ལ་ཡིག་ནོར་ཤོར་ན་ཤོར་གཅིག་ཡིན་པ་ལས་བཟོ་བཅོས་བྱེད་ས་ནི་མི་འདུག དག་ཆ་མི་ཤེས་མཁན་ང་ལྟ་བུ་ལ་དཀའ་ལས་འདུག
ཚང་མ་ལ་བཀྲ་ཤིས་བདེ་ལེགས། ང་འདིར་དེ་རིང་གསར་དུ་ཞུགས་པ་ཡིན། དེ་རིང་ཀླུ་སྨྱོན་རྩོམ་རིག་འགྲན་བསྡུར་ཟེར་བ་ཞིག་མཐོང་སོང་བས། ཞིབ་ཙམ་བཀླགས་པ་ཡིན། བྱ་དགའ་ཨང་དང་པོ་སྤྲོད་འོས་པ་<>ཞེས་པ་འདི་རེད། ཡག་པོ་ཞེ་དྲག་འདུག རྒྱབ་སྐྱོར་ཡོད། ངས་འདི་ལྟར་བརྗོད་དགོས་དོན་ཚིག་གི་ཉམས་འགྱུར་དང་། སྡེབ་སྦྱོར་གྱི་གོ་རིམ་དང་འགུགས་ཤུགས་བཅས་ལ་བརྟེན་ནས་བརྗོད་པ་ལས། བརྗོད་བྱ་ལ་དེ་ཙམ་དོ་སྣང་བྱས་མེད།
ད་ཐེངས་ཀྱི་(ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ།)ཀྱི་བྱ་དགའ་འདི་སྤྲིན་གྱི་རྒྱ་མཚོ་བརྒལ་བའི་བརྩེ་དུང་། ཞེས་པའི་རྩོམ་ཡིག་དེ་ལ་ཕུལ་ན་ཡག་པོ་འདུག གང་ཡིན་ཟེར་ན་འདི་ལ་རྒྱུ་མཚན་ཁ་ཤས་ཡོད།
༡༽ རྩོམ་ཡིག་འདི་ལ་ཡི་གེའི་དག་ཆ་ཧ་ལས་པ་ཡོད་པ་དང་།
༢༽ ཚིག་གི་རྡེབས་སྤྱོར་ཤིན་ཏུ་ལེགས་པས་བརྗོད་སྒྲོས་གཙང་བ་དང་།
༣༽ ནང་དོན་གོ་སླ་་ཞིང་གསོན་ཉམས་དོད་པ།
༤༽ མི་སུ་ཞིག་གིས་ཀློག་ན་ཡང་སེམས་འགུལ་ཐེབས་པའི་ནུས་པ་ཡོད་པ།
༥༽ རྩོམ་པ་པོའི་སེམས་ཚོར་དངོས་སུ་མཚོན་པའི་ཉམས་འགྱུར་ཡོད་པ།
༦༽ ¬¬ཚིག་བཀླགས་པ་ཙམ་གྱིས་མངོན་སུམ་མིག་གིས་མཐོང་བ་ལྟུ་བུའི་སྙན་ངག་གི་ཁྱད་ཆོས་ཡོད་པ་བཅས་ཀྱིས་ཡིན།
དེས་ན་དེ་རེས་ཀྱི་རྩོམ་ཡིག་གི་བྱ་དགའ་དེ་སྤྲིན་གྱི་རྒྱ་མཚོ་བརྒལ་བའི་བརྩེ་དུང་ཞེས་པའི་རྩོམ་ཡིག་དེ་ལ་ཕུལ་ན་དོན་དངོས་དང་མཐུན་པ་འདུག
ཚང་མས་ཤུ་རེ་བྱེད་རོགས། གཅིག་གིས་ལས་འགུལ་རེ་མགོ་རྩོམ་དུས་མང་པོ་ཞིག་གིས་རྒྱབ་སྐྱོར་བྱེད་རྒྱུ་ཧ་ཅང་ཆེ་གི ང་ལ་ཁྱེད་རྣམ་པའི་རྒྱབ་སྐྱོར་མེད་ན་ངས་ག་རེ་བྱེད་ཐུབ།
སྤྲིན་གྱི་རྒྱ་མཚོ་བརྒལ་བའི་བརྩེ་དུང་ཞེས་པའི་རྩོམ་ཡིག་འདི་ནི་གནང་དེང་ཟུང་འབྲེལ་གྱི་ལམ་ནས་བྲིས་བའི་རྩོམ་ཡིག་ཞིག་བྲིས་འདུག་པ་ངོ་མ་རིན་ཐང་ཆེ། ཀླུ་སྨྱོན་གྱི་རྩོམ་གྱི་བྱ་དགའ་འདི་ལ་འོས་པ་ཞིག་རེད་དྲན་སོང་། བརྒྱབ་སྐྱོར་ཡོད།
དངོས་བྱུང་བརྩེ་དུང་འདི་ནི་དོན་ངོ་མའི་ནང་གི་ངོ་མ་ཞིག་ཡིན་དགོས་ལེ་ཆེ་གི་མ་གཏོགས་དེ་ལས་འདས་ན་ངོ་མ་བོད་རང་གི་སྤྱི་ཚོགས་ལ་བརྗོད་མི་ཐུབ་པའི་ཐ་སྙད་སྐོར་ཞིག་འདུག
གསང་བ་བསམ་གྱིས་མི་ཁྱབ་པའི་གནས་ཚུལ་ང་ཚོ་འདྲ་བའི་གང་ཤེས་མ་གཏོགས། བླ་མའི་མིང་འཛིན་མཁན་ཞིག་བུ་མོར་དུང་སྟངས་འདིར་ཆོས་དང་འབྲེལ་བའི་རང་ལུགས་དམིགས་བསལ་ཞིག་ཀྱང་འདུག
གཉིས་ནས་ང་ཚོའི་མྱིའི་ཁྱབ་ཁོངས་ནས་མྱི་སྐད་བཤད་ཚུལ་དང་མྱིའི་ཀུན་སྤྱོད་ཐད་ནས་བཤད་ཀྱང་། འཇིགས་མེད་ལགས་འབྲུག་ཏུ་ཕྱིན་ནས་ཉིན་ཁ་ཤས་རིང་བུ་མོ་དེ་དང་དངོས་ཐུག་བྱས་སྐབས། འབྱུང་འགྱུར་མ་ངེས་པའི་སེམས་ཚོར་རྣོན་པོ་ཞིག་སྐྱེས་པ་དང་མཉམ། ལྟ་རྟེན་གང་ཡང་མེད་མཁན་ཞིག་ལ་མི་ཚེ་བཅོལ་བའི་དགའ་མར་རང་གི་ངོས་ནས་ཀྱང་ཉིན་རེའི་འཚོ་བའི་ཁ་ཡོད་ལག་ཡོད་ཀྱི་བྱ་སྤྱོད་ནང་བརྩེ་བ་བྱམས་སྐྱོང་དམིགས་བསལ་ཞུ་བློ་འཁོར་བ་དེ་ནི། ཆགས་པ་ཁོ་ན་ཞིག་མིན་པར་རྣམ་དཔྱོད་ཀྱིས་རྒྱས་བཏབས་བཞག་པའི་ཐག་གཅོད་ཅིག་ཏུ་མཐོང་བས། ཆོས་དང་འབྲེལ་བ་མེད་པའི་གང་ཟག་ཅིག་གི་ཀུན་སྤྱོད་ཀྱི་ཆ་ནས་བཤད་ཀྱང་བར་སྐབས་དེའི་བསམ་སྤྱོད་དེ་འདྲ་ལྡན་པ་ཡིན་ན། ཁྱིམ་ཚང་དང་སྤྱི་ཚོགས་ལ་རྣམ་དཔྱོད་ལྡན་པའི་བདེ་སྐྱིད་ཡོད་པ་ནི་ཐག་བཅད་ཆོག་པ་ཞིག་ཏུ་ཁོ་བོས་མཐོང་། དེ་བས་རྩོམ་ཡིག་འདིའི་སྙིང་བོའང་དེ་ག་རུ་འཁྱིལ་འདུག
དེ་བས་རྩོམ་ཡིག་འདི་ལ་བོད་ཀྱི་ལྷ་ཆོས་མྱི་ཆོས་ལ་འཕོས་པའི་སེམས་ཁམས་དང་བྱ་སྤྱོད་ཀྱིས་ཁེངས་ནས་འདུག་པ་ནི། དུས་ཚོད་འདིར་བོད་མི་ཆོས་དད་ཅན་ཞིག་གིས་འཇིག་རྟེན་སྐྱོང་ལུགས་དང་སྤྱི་ཚོགས་ལ་འགན་ཁུར་སྟངས་ཀྱང་ལོས་ཡིན་བསམས་པས། ངས་རྩོམ་ཡིག་བཀླགས་པ་དག་གི་ཁྲོད་ནས་འདི་ལ་གདེང་འཇོག་ཤིན་ཏུ་བྱེད་འདོད་བྱུང་སོང་།
རྩོམ་ཡིག་འདི་ཞིབ་ཀློག་བྱེད་རྒྱུར་བྱུང་ལ། འདིའི་ནང་གི་བརྗོད་དོན་དག་ཀྱང་ཧྲིལ་པོ་རྟོགས་སོང་། དེས་མ་ཚད་རྩོམ་ཡིག་འདིའི་ནང་གི་ལྷད་མེད་ཀྱི་བརྩེ་དུང་དང་། ངོམས་མེད་ཀྱི་ཚོར་འདུ་དག་ཀྱང་གསལ་གསལ་པོར་ངེས་སོང་བ་མ་ཟད། སྔགས་ཀྱི་བཤད་ཚུལ་ལྟར་བྱས་ན། དད་དམ་གྱི་ཕུགས་བརྒྱུད་དེད་ཅིང་། ཆོ་འཕྲུལ་དང་རྟགས་མཚན་གྱི་ལམ་ཁྲིད་ལྟར། རིགས་མ་ཞིག་གི་རྒྱུ་སྤུས་སོགས་ཞིབ་ཀྱིས་དཔྱད་ཡོད་པ་དག་རེད།
རྩོམ་ཡིག་འདི་ནས་ཁྱད་འཕགས་ཀྱི་ཁྱད་ཡོན་ཞིག་མཐོང་བ་ནི། ཚུལ་རོལ་འཇིག་རྟེན་པའི་ལྟ་ཚུལ་ལྟར་ན་དེང་རབས་བོད་ཀྱི་ཕོ་མོའི་མཛའ་འབྲེལ་དེ་རྒྱལ་སྤྱིའི་རང་བཞིན་ཅན་དང་། ལྐོག་ལྐོག་དགོས་མེད་ཀྱི་ཡོལ་བ་ཧར་རེ་ཕྱེས་ནས་སྤོབས་པ་དང་ང་རྒྱལ་ཞིག་གིས་དངོས་བརྗོད་བྱས་ཡོད་པ་རྣམས་རེད། དཔེར་ན། ‘‘འོན་ཀྱང་ངའི་སེམས་ནང་དུ་ཁོ་མོ་ཡོད་པའི་བརྡ་སྟོན་ཆེད། ཁོ་མོའི་འདྲ་པར་རང་གི་གློག་ཀླད་ཀྱི་མདུན་ངོས་སུ་བཞག་ཡོད་པའི་པར་བཏང་ཞིང་།’’ཞེས་པ་དང་། ཡང་ “མོའི་ངོ་དེབ་ནང་གི་པར་རྣམས་མཐོང་བས། སྐད་ཅིག་དེ་ལ་ལས་ཀྱི་འཕྲོ་སྨིན་པ་ལྟ་བུར་ངའི་གློ་སྙིང་བྲང་གསུམ་ཡོངས་རྫོགས་མོའི་ཕྱོགས་སུ་ཤོར།”ཞེས་དང་།
ཡང་། “ ཉི་མ་རེ་རེ་བཞིན་ཁོ་མོ་ཞོགས་པར་ལས་ཁུངས་སུ་འགྲོ་སྐབས། ངས་ཁོ་མོའི་སྐྲ་ཤད་པ་དང་། རྒྱ་སེའི་མེ་ཏོག་གི་འདབ་མ་ལྟར་འཇམ་པའི་རྐང་པ་ཆུང་ཆུང་གཉིས་ལ་རེས་མོས་ཀྱིས་འོ་བསྐྱལ་བཞིན་ལྷྭམ་བསྐོན་རོགས་བྱེད་ཀྱི་ཡོད་ཅིང་།”་ཞེས་དང་། ཡང་། “དགུང་མོ་ལས་ཁུངས་ནས་སྤྱིར་སླེབས་སྐབས་ཁོ་མོའི་སྟོད་གོས་དང་། སྨད་གཡོག་རྣམས་བླངས་ཏེ་ལྟེབ་བརྩེགས་ལེགས་པར་བརྒྱབས་ནས། ལུས་ཀྱི་དྲོད་མ་ཡལ་བའི་གོན་པ་དེ་དག་དཔྲལ་བ་ལ་གཏུགས་ཅིང་འོ་བསྐྱལ་རྗེས། ཆ་སྒམ་སྟེང་དུ་སང་ཉིན་གྱོན་ཆོག་ཆོག་བྱས་ཏེ་འཇོག་གི་ཡོད།”་ཞེས་དང་།
ཡང་ “ཐེངས་ཤིག་ཁོ་མོར་ཆམ་པ་ཞིག་ཕོག་སྟེ་ཚ་བ་འཕར་ཞིང་མིད་པ་ན་བ་སོགས་བྱས་པས། གུང་ཟས་དང་ནུབ་ཟས་གཉིས་ཀ་ཟ་རོགས་མ་བྱས་སྟབས་ང་ངུས་པ་ཡིན། དེ་ནས་མོས་ཨུ་ཚུགས་བརྒྱབ་ནས་ཐུག་པ་ཕོར་བ་ཆེན་པོ་གང་འཐུང་སོང་བ་དང་། ལག་པ་གཉིས་ཀྱིས་ངའི་འགྲམ་པ་བསྐྱོར་ཏེ་འོ་བསྐྱལ་རྗེས། ཧ་ནེས། ཐུགས་རྗེ་ཆེ། ངས་ནམ་ཡིན་རུང་ཁྱེད་རང་གི་ཐུགས་བརྩེ་བརྗེད་ཀྱི་མ་རེད་ཟེར་ནས་ཁོ་མོས་ཀྱང་སྤྱན་ཆབ་བསིལ་བྱུང་།”ཞེས་པ་སོགས་ཀྱིས་མཚོན་ནོ།
དེ་བཞིན་དབྱིངས་ཀྱི་ལྷ་མོས་རྗེས་བཟུང་ལུང་བསྟན་གྱི་བརྗོད་སྟངས་ཐད་ནས་ཀྱང་། ང་ཚོའི་བླ་མ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་འཁྲུངས་ཟེར་བ་ཙམ་མིན་པ། གནས་དོན་བྱུང་རིམ་གྱི་དུས་ཚེས་དང་། དུས་ཚེས་དེ་དག་གི་ཐུག་རིམ་ཐད་ནས་དཔྱད་དུས་ཅིས་ཀྱང་ངོ་མཚར་བ་རེ་ཡིན་པ་རྩོམ་ཡིག་གིས་སྟོན་ཡོང་བ་ལྟར་རེད་ལ། ད་དུང་རྩོམ་ཡིག་འདིའི་རྒྱབ་བརྟེན་དུ་གསང་བའི་ལོ་རྒྱུས་ཀྱང་ཡོད་ཚུལ་འདུག་པས་དེ་ལས་ཀྱང་རིན་ཐང་ཆེ་བ་ཚོར།
རྩོམ་ཡིག་འདིའི་བརྗོད་བྱའི་ཐད་ནས་ལྟ་དུས་བརྩེ་དུང་ཞིག་དེང་རབས་ཀྱི་སྡིངས་ཆའི་ཐོག་ནས་དབུ་ཚུགས་སྟངས་དང་། དེ་ཆེད་དུ་བློས་བཏང་ཇི་བྱས། བློས་བཏང་དེས་གྲུབ་འབྲས་ཇི་ལྟར་ཐོབ་མིན་སོགས་ནས་བརྒྱུད་རིམ་ཆ་ཚང་ལ། གོ་བདེ་བ། རྗོད་བྱེད་ཀྱི་ཚིག་འཇམ་ལ་སྒུལ་ཤུགས་ཆེ་བ། གནད་འཁྲོལ་ཞིང་ལྗིད་ཆེ་བ་སོགས་ནི་མངོན་གསལ་དོད་པོ་རེད། དེ་དག་ནི་རྩོམ་ཡིག་འདི་བཀླགས་པའི་རིན་ཙམ་ཡིན་ལ། རིན་ཐང་དེ་དག་ལྡན་པའི་རྒྱུ་མཚན་གྱིས་བྱ་དགའ་ཞིག་ཡོད་ན་ཅིས་ཀྱང་རྩོམ་འདིར་ཕུལ་འོས་པའི་སྐད་ཆ་ཙམ་ཡིན།
སྙན་ངག་གི་རྩོམ་རིག་སྨྲ་བ་ཞེས་པ་འདི་འདྲ་བ་ཞིག་ལ་བརྗོད་དགོས་པར་སྣང་ངོ་། །
སྔོན་བྱོན་ཀུན་མཁྱེན་ཡབ་སྲས་ཀྱི་གཞུང་འགྲོས་དང་མཐུན་པ། དེང་དུས་སྙན་ངག་མཁས་དབང་སྒིས་སྟེང་བློ་བཟང་དཔལ་ལྡན་དང་དགེ་འདུན་ཆོས་འཕེལ་རྣམ་པའི་གསུང་དང་མཚུངས་པར་འདུག་པས་བྱ་དགའ་ཚོགས་མིས་ཐུགས་བཞེས་ཟབ་མོ་གནང་དགོས་པར་སེམས་སོ། ། གང་ལྟར་རང་ངོས་ནས་་་་་་་
ཨེ་མ་ཧོ། །
སེང་ལྕམ་འབྲུག་མོ་ཁབ་ཏུ་བཞེས་ནས་འཛམ་གླིང་སེང་ཆེན་རྒྱལ་པོ་གྱུར། །
འབྲུག་མོ་མཛེས་མའི་རྟེན་འབྲེལ་ཀུན་འཛོམས་བདེ་ཆེན་ཡེ་ཤེས་ཁབ་ཏུ་སོན། །
སྟག་སེང་ཁྱུང་འབྲུག་སྒྱུ་རྩལ་ངོམ་ནས་ནག་ཕྱོགས་བདུད་ཀྱི་གཡུལ་རྒྱལ་བཞིན།
བཀྲ་ཤིས་བདེ་ལེགས་ཕྱི་ནང་གསང་བའི་ཕུན་སུམ་ཚོགས་པའི་མགོན་ཉིད་རྒྱལ། །
རྒྱལ་བའི་ལུང་རྟོགས་དམ་ཆོས་ཞེས་པ་བཤད་དང་སྒྲུབ་པ་ཁོ་ནས་འཛིན། །
ཐོས་བསམ་སྒོམ་པའི་བསྙེན་སྒྲུབ་ཕྲིན་ལས་བསྟན་པའི་སྙིང་པོ་ལེགས་པར་སྐྱོང་། །
མདོ་སྔགས་བསྟན་པའི་འཆད་རྩོད་རྩོམ་པས་ངེས་དོན་རྒྱལ་བའི་བསྟན་པ་སྤེལ། །
༧སྐྱབས་རྗེ་དམ་པ་སྙིགས་མའི་མགོན་པོ་ཚེ་མཐའ་ཡས་པར་བཞུགས་གསོལ་འདེབས། །
སྙིགས་དུས་གཡོ་སྒྱུའི་མུན་ཀློང་ཁྲོད་ན་ཁྱོད་ནི་བདེན་ཆེན་ཉི་མ་དངོས། །
བསྟན་བཤིག་རྐུན་ཇག་འཇིག་རྟེན་ཁམས་འདིར་ཁྱོད་ནི་དྲང་སྲོང་ཟླ་བ་དངོས། །
དྲང་བདེན་དཀོན་པའི་འཛམ་གླིང་འདི་ན་ཁོང་ནི་བསླུ་མེད་གྲོགས་ཀྱི་མཆོག །
བདེན་རྫུན་མངར་སྐྱུར་ཚོར་བ་ཡོད་ན་ཡང་དག་རྣམ་དཔྱོད་གཞན་ལས་ལྷག །
ཤྲྰིས་སོ། །
རྨི་ལམ་དབང་ཕྱུག་ཐུགས་ཀྱི་མཚོ་ལས་སྙན་ཚིག་ནོར་བའི་ཐང་མ་བརྡལ། །འཇིགས་མེད་རྒྱལ་མཚན་བརྩེ་དུང་མཚོ་ལས་དགའ་བདེའི་རྦ་རླབས་གནམ་ཏུ་འཕྱོ། །རྣམ་གཉིས་ངག་རིག་གཙུག་ལག་མཚོ་ཆེན་ཤུགས་ཀྱི་རྡོལ་བ་མཇལ་བའི་མོད། །དྲི་མེད་ལྷག་བསམ་སྤྲོ་བའི་མཚོ་ལས་བསྔགས་བརྗོད་པདྨའི་ཚལ་ཆེན་གཡོ། །
དྲི་མེད་ལྷག་བསམ་མཇལ་བའི་བརྡ་བརྒྱུད་ཕྱག་འཚལ། །
ཨེ་མ་ཧོ།
དམ་ཚིག་ལྔ་ལྡན་རྒྱལ་བའི་ཡེ་ཤེས་མཁྱེན་རབ་དབང་ཕྱུག་བླ་མ་རྗེ། །
ཐུགས་བརྩེ་ཉེ་བའི་དྲི་མེད་ལྷག་བསམ་སྣ་ལྔའི་འོད་གསལ་སྙིང་པོ་ཉིད། །
ཀུན་བཟང་བསྟན་པའི་རྒྱན་དུ་འཆར་བ་ངོ་མཚར་འདི་ཀོ་ཨེ་མ་ཧོ། །
བཀྲ་ཤིས་བདེ་ལེགས་འཚམས་འདྲི་དང་བཅས་མོས་གུས་ཡིད་ཀྱིས་མཇལ་ཕྱག་འཚལ། །
ཞལ་མཇལ་གསུང་ཐོས་མངོན་སུམ་སྣང་བ་སྐལ་བ་ཅུང་ཟད་ན་ཕྲ་ཡང་། །
རྨི་ལམ་དབང་ཕྱུག་སྒྱུ་འཕྲུལ་ལོངས་སྤྱོད་ཀ་དག་སྟོང་པའི་རིག་རྩལ་ལས། །
ཆགས་ཐོགས་ཀུན་བྲལ་རིག་འཛིན་ཆེན་པོ་སྙིང་དཀྱིལ་པདྨ་གེ་སར་ལགས།
གསང་ཆེན་བསྟན་པའི་མཁས་གྲུབ་ཁྱེད་ལ་གྲངས་མེད་ལུས་ཀྱིས་སྒོམ་ཕྱག་འཚལ། །
ཤར་གླིང་རྒྱ་མཚོའི་གླིང་ཕྲན་མཛེས་པར་བོད་བརྒྱུད་བསྟན་པའི་བདག་པོ་ཁྱོད། །
མང་ཐོས་ལུང་རིགས་དཀོན་མཆོག་སྤྱི་འདུས་བཤད་སྒྲུབ་བསྟན་པར་འཛིན་སྐྱོང་སྤེལ། །
རྡོ་རྗེ་འཆང་ཆེན་དགེ་སློང་ཆ་ལུགས་ང་ཡི་སྙིང་གི་ནོར་བུ་ཁྱོད། །
ཡར་ཚེས་དུས་བཟང་སེངྒ་གླིང་ནས་བདག་གིས་སྒོ་གསུམ་གུས་ཕྱག་འཚལ། །
ཕྲན་ཆུང་ཤྲྰི་ཨནནྟ་བཛྲས་གང་དྲན་སྦས་གསང་མེད་པར་སྙིང་གཏམ་འཕྲིན་དུ་ཕུལ་བར་དགེའོ།
སྙན་ངག་ཅེས་པ་འདི་འདྲ་རེད། ཚར་གཉིས་བཀླགས་ཀྱང་མ་ངོམས་པར་ཡང་ཡང་བལྟ་ཤོར་ས་ཞིག་འདུག དངོས་ནས་མདོ་སྔགས་ཀུན་ལ་མཁས་ཞིང་སྙན་ངག་གི་ངག་རྩལ་རྫོགས་པའི་སྒྱུ་རྩལ་རིག་པ་སྨྲ་བའི་རྒྱལ་པོ་རེད་བཞག ། ཨ་ལ་ལ་ཧོ། གསོན་ཉམས་དོད་པའི་སྙན་ངག་རེད་བྲིས་འདུག ཐུགས་རྗེ་ཆེ། ཞི་བདེ་བྱམས་བརྩེ་དྲང་བདེན་གྱི་ལམ་ནས་གསུངས་པ་ལ་ཡང་ཡང་བསྔགས་བརྗོད་ཡོད། མ་ཚད་ཁྱེད་ཀྱིས་བརྩམས་པའི་སྙིང་རྗེའི་བསྟན་བཅོས་དེ་ཡང་དྲ་ཐོག་ནས་མཇལ་སོང་བས་བཀའ་དྲིན་ཆེ་ཞུ། །
སྙན་པའི་ངག་ལ་དབང་བའི་སློབ་དཔོན་རྗེ། །
སྤྲིན་གྱི་རྒྱ་མཚོ་བརྒལ་བའི་བརྩེ་དུང་ཅན། །
མཁྱེན་བརྩེ་ནུས་པའི་སྔགས་འཆང་རྡོ་རྗེ་འཛིན། །
བཀའ་གཏེར་བསྟན་པའི་བདག་པོ་ཁྱེད་ལ་བསྔགས། །
འདི་ནི་མདོར་ན། རྒྱ་ནག་གིས་བཤད་ཀྱིན་པའི་ལྷ་འདྲེ་རིག་གནས་གསོན་པོ་ཞིག་དང་། ཞོགས་དུང་གིས་བཤད་ཀྱིན་པ་བག་ཆགས་རྙིང་བ་བཀྲུས་ན་མི་དག་པ་དེ་དང་། ཤཱཀྱ་ཐུབ་པའི་བཤད་ཀྱིན་པའི་མི་ཆོས་བླ་མའི་རྫུན་ཆོས་ཟེར་བ་དེ་རེད།
འདི་ནི་མདོར་ན། རྒྱ་ནག་གིས་བཤད་ཀྱིན་པའི་ལྷ་འདྲེའི་རིག་གནས་གསོན་པོ་ཞིག་དང་། ཞོགས་དུང་གིས་བཤད་ཀྱིན་པ་བག་ཆགས་རྙིང་བ་བཀྲུས་ན་མི་དག་པ་དེ་དང་། ཤཱཀྱ་ཐུབ་པའི་བཤད་ཀྱིན་པའི་མི་ཆོས་བླ་མའི་རྫུན་ཆོས་ཟེར་བ་དེ་རེད།
༡༩༽ འཇམ་དཔལ་རྣོན་པོ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༦ གི་ཆུ་ཚོད་ ༡༥ སྐར་མ་ ༤༩
ད་ཐེངས་ཀྱི་(ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ།)ཀྱི་བྱ་དགའ་འདི་སྤྲིན་གྱི་རྒྱ་མཚོ་བརྒལ་བའི་བརྩེ་དུང་། ཞེས་པའི་རྩོམ་ཡིག་དེ་ལ་ཕུལ་ན་ཡག་པོ་འདུག གང་ཡིན་ཟེར་ན་འདི་ལ་རྒྱུ་མཚན་ཁ་ཤས་ཡོད།
༡༽ རྩོམ་ཡིག་འདི་ལ་ཡི་གེའི་དག་ཆ་ཧ་ལས་པ་ཡོད་པ་དང་།
༢༽ ཚིག་གི་རྡེབས་སྤྱོར་ཤིན་ཏུ་ལེགས་པས་བརྗོད་སྒྲོས་གཙང་བ་དང་།
༣༽ ནང་དོན་གོ་སླ་་ཞིང་གསོན་ཉམས་དོད་པ།
༤༽ མི་སུ་ཞིག་གིས་ཀློག་ན་ཡང་སེམས་འགུལ་ཐེབས་པའི་ནུས་པ་ཡོད་པ།
༥༽ རྩོམ་པ་པོའི་སེམས་ཚོར་དངོས་སུ་མཚོན་པའི་ཉམས་འགྱུར་ཡོད་པ།
༦༽ ¬¬ཚིག་བཀླགས་པ་ཙམ་གྱིས་མངོན་སུམ་མིག་གིས་མཐོང་བ་ལྟུ་བུའི་སྙན་ངག་གི་ཁྱད་ཆོས་ཡོད་པ་བཅས་ཀྱིས་ཡིན།
དེས་ན་དེ་རེས་ཀྱི་རྩོམ་ཡིག་གི་བྱ་དགའ་དེ་སྤྲིན་གྱི་རྒྱ་མཚོ་བརྒལ་བའི་བརྩེ་དུང་ཞེས་པའི་རྩོམ་ཡིག་དེ་ལ་ཕུལ་ན་དོན་དངོས་དང་མཐུན་པ་འདུག
འདི་བསྐྱར་འགོད་བྱེད་དོན་ནི་འདི་ལ་རྒྱབ་སྐྱོར་ཡོད་ཟེར་བ་ཡིན།
དེ་རིང་ཆེད་དུ་ཐེངས་གཅིག་ནན་མོས་བཀླགས་པ་ཡིན། དག་ཆའི་ཕྱོགས་ནས་འགའ་ཤས་མ་གཏོགས་ནོར་མི་འདུག་ལ། ཚིག་སྦྱོར་ཡང་ཅུང་བདེ་མོ་ཅན་ཞིག་འདུག
རྩོམ་ཡིག་ཡག་པོ་ཞིག་ཏུ་མཐོང་སོང་།
འགྲན་རྩོམ་དག་ལས་འདི་ནི་རྒྱུ་སྐར་ཁྲོད་ཀྱི་ཟླ་བ་བཞིན་འདུག
ཨོ་ལགས་སོ།། ཨེ་མ་ཧོ།།
མ་བཅོས་གསང་སྔགས་ཀྱི་ཉམས་ལེན་འདི་ལ་ཚང་།།
འཇིག་རྟེན་བརྩེ་དུང་གི་ཚོར་བ་འདི་ལ་ཟབ།།
ཁ་གསལ་གོ་བདེ་ཡི་ཁྱད་ཆོས་འདི་ལ་ཡོད།།
སྙན་ཚིག་མེ་ཏོག་གི་ལང་ཚོ་འདི་ལ་རྫོགས།།
སྔོན་མེད་སྙན་ངག་གི་གཏེར་སྒོ་འདི་ནས་རྙེད།།
རྩོམ་རིག་གསེར་རྟགས་ཀྱི་བྱ་དགའ་འདི་ལ་འབབ།།
དངོས་བྱུང་གི་ལོ་རྗེས་སྙན་ངག་གི་ལམ་ནས་མ་སྦས་གསལ་བར་བསྟན་འདི་ལ་བྱ་དགའ་དང་པོ་ཐོབ་པར་འདོད།
ནོར་བཅོས། ལོ་རྒྱུས་་་་་་་་་་་བསྟན་པ་
སྙན་ངག་དང་རྩོམ་པ་པོའི་རང་གཤིས་གསལ་བོ་བསྟན་འདུག ལེགས་སོ། །
སྙན་རྩོམ་ཞེས་པ་འདི་འདྲ་རེད།
ཨེ་མ་ཧོ།།
མ་བཅོས་གསང་སྔགས་ཀྱི་ཉམས་ལེན་འདི་ལ་ཚང་།།
འཇིག་རྟེན་བརྩེ་དུང་གི་ཚོར་བ་འདི་ལ་ཟབ།།
ཁ་གསལ་གོ་བདེ་ཡི་ཁྱད་ཆོས་འདི་ལ་ཡོད།།
སྙན་ཚིག་མེ་ཏོག་གི་ལང་ཚོ་འདི་ལ་རྫོགས།།
སྔོན་མེད་སྙན་ངག་གི་གཏེར་སྒོ་འདི་ནས་རྙེད།།
རྩོམ་རིག་གསེར་རྟགས་ཀྱི་བྱ་དགའ་འདི་ལ་འབབ།།
ཞེས་གསུངས་འདུག
ལེགས་ལེགས་ཧ་ཅང་ནས་ཀྱང་ལེགས་ངོ་མ་སྒྲུང་རྩོམ་ཟེར་བ་དེ་འདི་འདྲ་ཞིག་དགོས་པ་རེད་ཚིག་གི་སྦྱོར་སྟངས་གོ་རིམ་ཡག་པོ་བརྗོད་བྱ་ཡག་པོ་གོ་བདེ་བོ་གང་ལྟར་གང་ཅིའི་ཐད་ནས་ཀྱང་ཕུན་སུམ་ཚོགས་པ་ཞིག་འདུག་པས་ཤིན་ཏུ་ནས་ཀྱང་སྙན་པོ་བྱུང་ཐུགས་རྗེ་ཆེ་རྩོམ་པ་པོ་ལགས།།