དཔལ་དགྱེས་པ་རྡོ་རྗེ།
ན་མོ་མ་ཧཱ་གུ་རུ་པདྨ་ཀ་ར་ཡེ།།
ཚེ་དཔག་མེད་མགོན་རྒྱལ་བ་རབ་འབྱམས་དང་།།
ཚེ་དབང་རིག་འཛིན་གྲུབ་པའི་དྲང་སྲོང་ཚོགས།།
ཚེ་འཛིན་དབང་མོ་སྒྲོལ་དཀར་རྣམ་རྒྱལ་མ།།
ཚེ་བྷྲྰུྃ་ཆོས་སྐྱོང་སྲུང་མས་དུས་འདིར་དགོངས།།
གཞན་ཕན་རིན་ཆེན་གནམ་སྔོན་བཻཌཱུརྱ།།
ཕྲིན་ལས་འོད་སྣང་རྟ་བདུན་དབང་པོའི་གར།།
སྒྲ་གཅན་དུ་བས་སྒྲིབ་པའི་ཚུལ་མཐོང་ཚེ།།
རྩ་གསུམ་སྐྱོང་སྲུང་མས་བར་ཆད་སོལ།།
རྒྱལ་བ་རིན་པོ་ཆེ་ཡིས་ངོས་འཛིན་གནང་།།
རྒྱལ་དབང་ཐུགས་རྗེ་སྣང་བས་དམ་ཆོས་སྒྲུབ།།
རྒྱལ་ཁམས་བདེ་ལེགས་སྤེལ་བའི་སྤྲུལ་པའི་སྐུ།།
རྒྱལ་སྲས་གཞན་ཕན་ཟླ་བ་ཞབས་བརྟན་ཤོག།
སྤྱི་མཐུན་བསོད་ནམས་དཀར་པོ་པདྨའི་གཉེན།།
ཕྱི་ནང་གསང་བའི་སྤྲིན་ནག་རབ་བསལ་ནས།།
འཛམ་གླིང་འཛིན་མའི་རྒྱན་དུ་རྟག་འཆར་ཅིང་།།
ཕན་བདེའི་འབྲུ་དྲུག་སྨིན་པའི་ཞབས་བརྟན་ཤོག།
ཕྲིན་ལས་རྟ་བདུན་དབང་པོ་ཀུན་ཏུ་གསལ།།
ཡོན་ཏན་བདུད་རྩིའི་འོད་ཟེར་ཀུན་ཏུ་བཀྱེ།།
གསུང་ཆོས་སྙིང་པོའི་ཐུགས་རྗེ་ཀུན་ཏུ་བཟང་།།
སྐུ་ཚེ་བརྟན་ཅིང་འགྲོ་དོན་མཐར་ཕྱིན་ཤོག།
ཅེས་པ་འདི་ཡང་རབ་རྒྱན་ཤིང་རྟའི་རྒྱལ་ཟླའི་དགའ་བ་དང་པོར་དགེ་ལུགས་པའི་སྤྲུལ་སྐུ་གཞན་ཕན་རིན་པོ་ཆེ་སྨན་ཁང་དུ་ཡོད་ཚུལ་སོགས་དང་། ཁྱད་པར་སྐུ་ཚེ་བརྟན་ཆེད་དུ་ཨ་ནེ་ཡེ་ཤེས་དབང་མོས་ཡང་ཡང་ནན་སྐུལ་ངོར་དབྱིན་ཡུལ་ཀུན་བཟང་ཆོས་གླིང་ནས་མཁན་ཆེན་བླ་མ་འམ་རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་ཞབས་བརྟན་དུ་སྨོན་པ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག་གུ།།