ཨེ་མ་ཧོ།
སྤྲུལ་སྐུ་ཐུབ་བསྟན་ཕྲིན་ལས་ཀྱི་ཞབས་བརྟན་རིན་པོ་ཆེ།
ཨོཾ་སྭ་སྟི་ཨེ་མ་ཧོ།།
ཀ་དག་གདོད་མའི་མགོན་པོ་ཀུན་ཏུ་བཟང་།།
ལྷུན་གྲུབ་རིག་པའི་དབང་ཕྱུག་རྡོ་རྗེ་འཆང་།།
ཟུང་འཇུག་སྤྲུལ་པའི་སྐུ་མཆོག་པདྨ་འབྱུང་།།
དབྱེར་མེད་རྩ་བའི་བླ་མས་དུས་ཀུན་སྐྱོངས།།
སྐུ་བསོད་ཚེ་དཔལ་ལང་ཚོའི་པདྨ་བཞད།།
གསུང་མཛད་དམ་ཆོས་སྟོན་པའི་སྒྲ་དབྱངས་སྙན།།
ཐུགས་རྗེ་རྫོགས་ཆེན་བསྟན་པའི་ཁྱབ་བདག་མཆོག།
མཆོག་སྤྲུལ་ཐུབ་བསྟན་ཕྲིན་ལས་ཞབས་བརྟན་ཤོག།
ཐུབ་བསྟན་སྤྱི་དང་ཁྱད་པར་སྔ་འགྱུར་པའི།།
བཤད་སྒྲུབ་ཕྲིན་ནས་ཚུལ་བཞིན་སྤེལ་བའི་མགོན།།
ཉམས་ཐག་འགྲོ་བ་འདྲེན་པའི་སྤྲུལ་པའི་སྐུ།།
སྐུ་ཚེ་བརྟན་ཅིང་བཞེད་དོན་ལྷུན་གྲུབ་ཤོག།
ཅེས་པ་འདི་ཡང་རབ་གནས་མེ་བྱའི་ཧོར་ཟླ་དྲུག་པའི་ཡར་ངོའི་ཚེས་པ་བཅུའི་ཉིན། རིག་འཛིན་འདུས་པའི་ཚོགས་འཁོར་སྐབས་སུ་མཁའ་འགྲོ་མ་དམ་པ་རིག་འཛིན་དབྱངས་ཅན་ལྷ་མོས་བཀའ་མོལ་གྱི་རྐྱེན་ལས་མཆོག་སྤྲུལ་དམ་པའི་ཞབས་བརྟན་ཏུ་དབྱིན་ཡུལ་ཨེ་ཝྃ་ཛྙྰ་ན་གུ་རུའི་ལྷ་ཁང་དུ་ཤྲྰིཿཨེ་མ་ཧོས་དེ་ཉིད་སྨོན་པས་དམ་པའི་གང་གི་འཕྲིན་ལས་ཕྱོགས་ཀུན་ཏུ་རྒྱས་པའི་དཔལ་དུ་གྱུར་ཅིག་གུ།། །།
སྙིང་གཏམ་སྨོན་གླུ།།
ཨེ་མ་ཧོ།།
བླ་མ་སྙིང་ནས་དྲན་ཚེ།།
གསོལ་བ་སྙིང་ནས་འདེབས་ཞིང་།།
སྙིང་དང་སྙིང་པོའི་ཆོས་ཀུན།།
སྙིང་ལ་གནས་པ་སོམས་ཤིག།
སྙིང་གི་གཅེས་ཕྲུག་ཁྱེད་དང་།།
སྙིང་བརྩེ་གཞན་ན་མེད་ཕྱིར།།
སྙིང་གི་ཡིད་བཞིན་ནོར་བུ།།
སྙིང་ལ་གནས་པ་རྟོགས་ངེས།།
སྙིང་ཐིག་རྫོགས་པ་ཆེན་པོ།།
སྙིང་དཀྱིལ་སྒྱུ་འཕྲུལ་འཁོར་ལོ།།
སྙིང་ཁར་གནས་པར་ལགས་ན།།
སྙིང་པོའི་མཐར་ཐུགས་སྒོམས་ཤིག།
སྙིང་དང་མིག་ཏུ་འབྲེལ་བའི།།
སྙིང་རྩ་ཤེལ་གྱི་སྦུ་གུ།།
སྙིང་ནས་རྩེ་གཅིག་གཟིགས་དང་།།
སྙིང་ཏིག་ཆེ་ཆོས་རྣམ་དྲུག།
སྙིང་ནས་འཇའ་ལུས་འཆར་འོང་།།
སྙིང་རྗེའི་གར་དབང་ཉི་མ།།
སྙིང་ནས་དྲན་པ་བརྟས་ཚེ།།
སྙིང་གི་འོད་གསལ་སྙིང་པོ།།
སྙིང་ལ་གནས་པ་ངོ་མཚར།།
སྙིང་བརྩེའི་དྲི་མེད་ཟླ་བ།།
སྙིང་ནས་བཞད་པ་མཇལ་ཚེ།།
སྙིང་གི་བདེ་ཆེན་ཡེ་ཤེས།།
སྙིང་པོའི་ཁབ་ཏུ་སོན་ཡོངས།།
སྙིང་རྩའི་དྲ་བའི་སྐར་མ།།
སྙིང་ལས་མཆེད་པ་ཤེས་ཚེ།།
སྙིང་ནོར་ཤེས་རིག་འོད་སྣང་།།
སྙིང་ཁམས་འཇའ་ལུས་དེངས་ངེས།།
སྙིང་གི་སློབ་མ་མཆོག་ལ།།
སྙིང་དོན་གླུ་རུ་བླངས་པ།།
སྙིང་ཆོས་འོད་གསལ་སྙིང་པོ།།
སྙིང་ནས་མཆོད་པ་འབུལ་ལོ།།
སྙིང་ཐིག་བསྟན་པའི་བདག་པོ།།
སྙིང་གྲོགས་ཨོ་རྒྱན་རྡོ་རྗེ།།
སྙིང་ནས་བརྗེད་པ་མི་སྲིད།།
སྙིང་དང་སྙིང་ཁམས་རྟེན་འབྲེལ།།
ཞེས་པ་རབ་གནས་མེ་བྱའི་གྲོ་བཞིན་ཟླ་བའི་དཀར་ཕྱོགས་རྒྱལ་བ་གཉིས་པར་གཏེར་སྟོན་འབྲུག་སྒྲ་རིན་པོ་ཆེ་འམ་གཏེར་སྟོན་ཨོ་རྒྱན་འགྲོ་འངུལ་ཕྲིན་ལས་དབང་གི་རྡོ་རྗེ་མཚུངས་པ་མེད་པའི་དཔལ་བཟང་པོ་གང་གིས་སྙིང་ནས་དྲན་པའི་གསུང་འཕྲིན་ལས་ཚེ་འདིེར་འཇའ་ལུས་སྒྲུབ་པའི་ཐུགས་སྨོན་གནང་རོགས་ཞེས་འབྱོར་མ་ཐག་དད་གུས་དག་སྣང་གི་སྙིང་པོར་དྲན་པ་བརྟས་པའི་ཤྲཱིཿཨེ་མ་ཧོས་སྙིང་གཏམ་མགུར་ཏུ་ཕུལ་བས་འགྲོ་བ་སེམས་ཅན་ཀུན་གྱིས་ཆོས་ཀུན་གྱི་དེ་ཉིད་རྟོགས་པའི་རྒྱུ་རུ་གྱུར་ཅིག་གུ། །། ཤྲཱི་ཛྙཱ་ན་བི་ཛ་ཡནྟུ།།
འཛམ་གླིང་སེང་ཆེན་རྒྱལ་པོར་མཆོད།
ཨོཾ་མ་ཧྰ་གུ་རུ་མ་ཎི་ར་ཛྰ་ཡེ།།
ཨེ་མ་ཀ་དག་ཆོས་སྐུའི་དགོངས་པ་ལས།།
ཨ་ཧོ་ལྷུན་གྲུབ་ལོངས་སྐུའི་རྣམ་རོལ་མཆོག།
ཨ་ཏི་ཆོས་རྒྱལ་སྤྲུལ་པའི་སྐུ་བཞེངས་པ།།
སྐུ་རྗེ་སེང་ཆེན་ནོར་བུ་དགྲ་འདུལ་མཆོད།།
རྒྱལ་ཀུན་མཁྱེན་བརྩེ་ནུས་སྟོབས་ཡོན་ཏན་ཀུན།།
གཅིག་བསྡུས་ཆོས་སྐྱོང་ཀུན་འདུས་སེང་ཆེན་རྒྱལ།།
ནག་ཕྱོགས་དགྲ་བགེགས་འདུལ་བའི་དཔའ་བོ་ཆེ།།
གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད།།
མཁྱེན་བརྩེ་ཡེ་ཤེས་རྩལ་དབང་བསྐུར་དུ་གསོལ།།
བསྟན་འགྲོའི་དོན་ཆེན་འགྲུབ་པའི་མཐུ་སྟོབས་སྩོལ།།
ཡང་གསང་རྫོགས་ཆེན་བསྟན་པ་སྤེལ་བ་དང་།།
འཁོར་འདས་དབང་དུ་བསྡུས་པའི་དངོས་གྲུབ་སྩོལ།།
ཅེས་པ་རབ་གནས་མེ་བྱའི་གྲོ་བཞིན་ཟླ་བའི་རྒྱལ་བ་གཉིས་པར་མཆོག་སྤྲུལ་དམ་པ་ཐུབ་བསྟན་འཕྲིན་ལས་ཀྱིས་གསུང་སྐུལ་ལས་གང་ཤར་དུ་དབྱིན་ཡུལ་རི་བོ་གངས་ལྡན་གྱི་རྩེ་ནས་ཨེ་མ་ཧོས་སྨོན་པར་དགེའོ།། །།
་་་་་་་་མཁའ་འགྲོ་མ་དམ་པ་རིག་འཛིན་དབྱངས་ཅན་ལྷ་མོས་་་་་་་
་
་་་་་་ གང་གིས་སྙིང་ནས་དྲན་པའི་གསུང་འཕྲིན་ལས་ཚེ་འདིེར་འཇའ་ལུས་སྒྲུབ་པའི་ཐུགས་སྨོན་གནང་རོགས་ཞེས་འབྱོར་མ་ཐག་་་་་་་
་
་་་་་་མཆོག་སྤྲུལ་དམ་པ་ཐུབ་བསྟན་འཕྲིན་ལས་ཀྱིས་གསུང་སྐུལ་ལས་་་་་་་་
་
ང་ལ་ནི། འདི་དག་ཐམས་ཅད་དད་ལྡན་མགོ་སྐོར་གཏོང་ཆེད་དུ་གོ་བགྱིད་འདུག་པས་་་་་་ ཟུར་བཏོན་བྱས།