ཨེ་མ་ཧོ།
ན་མོ་མ་ཧཱ་གུ་རུ་ནིརྨ་ཀ་ཡཱ་ཡ།
བཅོམ་ལྡན་རྒྱལ་བ་སྤྲུལ་སྐུ་ཤཱཀྱ་ཐུབ།།
མཚོ་སྐྱེས་རྒྱལ་བ་པད་འབྱུང་སྤྲུལ་པའི་སྐུ།།
གཡུང་དྲུང་དབོན་སྤྲུལ་དྲན་པ་ནམ་མཁའ་ཀློང་།།
ཕྱག་རྫོགས་དབུ་མའི་སྤྲུལ་སྐུ་རིན་ཆེན་རྒྱལ།།
ཆོས་ཉིད་བདེན་པ་མཐོང་བའི་སྤྲུལ་པའི་སྐུ།།
ཆོས་ཅན་བདེན་པའི་དོན་སྟོན་སྤྲུལ་པའི་སྐུ།།
ཆོས་ཀུན་ལེགས་པའི་གནས་གཟིགས་སྤྲུལ་པའི་སྐུ།།
སྐུ་གསུམ་ཕྲིན་ལས་སྤྲུལ་པའི་སྐུ་རྣམས་རྒྱལ།།
ཆོས་དབྱིངས་སྤྲོས་པའི་དྲ་བ་མཐའ་བྲལ་ཀྱང་།།
དག་གཟིགས་ཞིང་གི་བཀོད་པ་ལྷུན་གྱིས་གྲུབ།།
འགྲོ་འདུལ་སྤྲུལ་པའི་སྐུ་མཆོག་བསམ་མི་ཁྱབ།།
ཡང་དག་བདེན་གནས་སྤྲུལ་སྐུའི་ཚོགས་ཀུན་རྒྱལ།།
དུས་གསུམ་རྒྱལ་བའི་རྒྱལ་ཚབ་སྤྲུལ་པའི་སྐུ།།
ཐར་བའི་ལམ་བཟང་སྟོན་པའི་དེད་དཔོན་མཆོག།།
མ་ལུས་འགྲོ་ཁམས་འདུལ་བའི་ཐུགས་རྗེ་ཅན།།
གཟུགས་སྐུ་གཉིས་པ་སྤྲུལ་པའི་སྐུ་རྣམ་མཁྱེན།།
ཆོས་ཀུན་བདེན་པ་མཐོང་བའི་སྤྲུལ་པའི་སྐུ།།
འགྲོ་དྲུག་སེམས་ཅན་མ་ལྟར་བྱམས་པའི་སྐུ།།
དབང་ལུང་མན་ངག་གནང་བའི་བླ་མའི་སྐུ།།
དམ་པའི་བརྒྱུད་འཛིན་སྤྲུལ་པའི་སྐུ་རྣམ་རྒྱལ།།
ཐོས་བསམ་སྒོམ་གསུམ་ཕྱུག་པའི་སྤྲུལ་པའི་སྐུ།།
འཆད་རྩོད་རྩོམ་གསུམ་གནང་བའི་སྤྲུལ་པའི་སྐུ།།
བསྙེན་སྒྲུབ་ལས་གསུམ་མཛད་པའི་སྤྲུལ་པའི་སྐུ།།
གངས་ཅན་མུན་པའི་སྒྲོན་མེ་སྤྲུལ་པའི་སྐུ།།
ཤེས་རྒྱུད་ཤེས་རབ་ཆེ་བའི་ལྷན་སྐྱེས་གར།།
སྙིང་རྗེས་སེམས་བསྐྱེད་སྨོན་འཇུག་གདམས་པར་རྩེན།།
བསྟན་སྲིད་དགེ་ལེགས་སྒྲུབ་པའི་ཕྲིན་ལས་ཅན།།
དཔག་བསམ་ལྗོན་བཞིན་སྤྲུལ་པའི་སྐུ་རྣམ་རྒྱལ།།
ངེས་འབྱུང་རྣལ་བའི་ཞིང་ས་གཤིན་པོ་ལ།།
བྱམས་དང་སྙིང་རྗེ་སེམས་བསྐྱེད་རྒྱུད་བརླན་ཞིང་།།
སྤྲུལ་སྐུ་གོང་མའི་བྱིན་རླབས་སྨིན་གྲོལ་ཐོབ།།
བདེན་པའི་ལམ་སྟོན་དགེ་འདུན་སྤྲུལ་པའི་སྐུ།།
ཆོས་བརྒྱད་ཞེན་པ་བྲལ་བའི་སྤྲུལ་པའི་སྐུ།།
གཞན་དོན་ཁོ་ན་གཉེར་མཛད་སྤྲུལ་པའི་སྐུ།།
ཞི་བདེའི་ལམ་སྣ་འདྲེན་པའི་སྤྲུལ་པའི་སྐུ།།
གང་ལ་གང་འདུལ་སྤྲུལ་སྐུའི་ཚོགས་ཀུན་རྒྱལ།།
མ་རིག་རྨོངས་པ་སེལ་བའི་ཉི་མའི་སྐུ།།
ཕན་བདེའི་རླབས་ཕྲེང་གཡོ་བའི་ཟླ་བའི་སྐུ།།
བསླབ་གསུམ་ནོར་བའི་མཛོད་འཛིན་སྤྲུལ་པའི་སྐུ།།
འཛམ་གླིང་མུན་སེལ་སྤྲུལ་པའི་སྐུ་རྣམ་རྒྱལ།།
ཡིད་བཞིན་ནོར་བུ་ཆོས་རྗེ་འཇིགས་པ་མེད།།
འཛམ་གླིང་ཉི་མ་རྒྱལ་བ་རིན་པོ་ཆེ།།
གསང་ཆེན་ཟླ་བ་པན་ཆེན་རྒྱལ་བའི་སྲས།།
འཇིག་རྟེན་རྣམ་འདྲེན་སྤྲུལ་པའི་སྐུ་གསུམ་རྒྱལ།།
ཤེས་བྱ་རིག་པའི་མཛོད་ལ་མངའ་བརྙེས་ཤིང་།།
རིས་མེད་སེམས་ཅན་ཡོངས་ལ་སྙིང་རྗེ་ཅན།།
སྙིགས་དུས་འགྲོ་འདུལ་ཀུན་མཁྱེན་བླ་མ་རྗེ།།
འཁྲུལ་མེད་སྤྲུལ་པའི་སྐུ་རྣམས་རྒྱལ་གྱུར་ཅིག།
ཨ་དཀར་འོད་ལས་སྤྲུལ་པའི་དགོངས་བརྒྱུད་དང་།།
དག་གཟིམས་སྒྱུ་འཕྲུལ་སྣང་པའི་བརྡ་བརྒྱུད་དང་།།
འབྱུང་འགྱུར་ལུང་བསྟན་མཐུན་པའི་སྙན་བརྒྱུད་དང་།།
བསམ་བཞིན་སྲིད་པར་བཟུང་བའི་སྤྲུལ་སྐུ་རྒྱལ།།
ཁྱིམ་ནས་ཁྱིམ་མེད་སྤོང་པའི་རབ་བྱུང་དང་།།
ཕ་ལས་བུ་རུ་རྒྱུད་པའི་སྔགས་འཆང་དང་།།
དབོན་ལས་དབོན་དུ་མཆེད་པའི་རིག་འཛིན་དང་།།
བརྒྱུད་གསུམ་སྤྲུལ་པའི་སྐུ་རྣམས་རྒྱལ་གྱུར་ཅིག།
རང་ཡུལ་ལུང་པ་ཤོར་པའི་དུར་ས་ན།།
ཁྱི་སྤྱང་དགའ་བྲོ་འཁྲབ་པའི་སྐྱིད་བཤངས་ན།།
ལོང་བས་ལོང་བ་ཁྲིད་པའི་གཡུལ་ས་ན།།
མུན་ནག་མདའ་འཕེན་བྱེད་པ་ཀྱེ་མ་ཧུད།།
སྐུ་གསུམ་རྒྱལ་བའི་ཞིང་གི་གདན་ས་ན།།
ཁྱད་ཆོས་དྲུག་གིས་འཕགས་པའི་རྒྱལ་ས་ན།།
བཟོ་དང་སྐྱེ་བ་མཆོག་གི་སྤྲུལ་པའི་སྐུས།།
མཁྱེན་རབ་འོད་སྟོང་འབར་འདི་ཨེ་མ་ཧོ།།
དུས་རབས་རྗེས་ཀྱང་བདེན་མཐའ་བྲལ་བ་མེད།།
དུས་མཐར་ཕྱིན་ཀྱང་ཆོས་མཐར་རྫོགས་པར་མེད།།
སྙིགས་ལྔའི་མུན་ནག་བསལ་བའི་ཕྲིན་ལས་ཅན།།
རྒྱལ་དབང་སྤྲུལ་སྐུའི་འོད་སྣང་རྒྱུན་ཆད་མེད།།
སྤྲོས་བྲལ་དབུ་མའི་ལམ་རིམ་དགོངས་པར་བརྙེས།།
ཕྱག་རྒྱ་ཆེན་པོའི་བདེ་ཆེན་མྱོང་རོལ་བརྟས།།
རྫོགས་པ་ཆེན་པོའི་གཉུག་སེམས་མངོན་གྱུར་ནས།།
ཡང་དག་སྤྲུལ་སྐུའི་བསྟན་པ་རྒྱས་གྱུར་ཅིག།
ཅེས་པ་རབ་རྒྱན་ཤིང་རྟའི་སྣྲོན་ཟླའི་དབང་ཕྱོགས་མཁའ་འགྲོ་འདུ་བའི་དུས་སུ་དབྱངས་ཅན་ལྷ་མོ་དང་བསོད་ནམས་སྒྲོལ་མས་འཆར་རིམ་གྱི་ཚོགས་འཁོར་བསྐོར་ཟིན་ནས་དྲ་ཚིག་བལྟ་སྐབས་སུ་སྙིང་ཉེ་བའི་དྲ་གྲོགས་དྲི་མེད་ལྷག་བསམ་མཆོག་གིས་གནད་ལ་སྨིན་པའི་མཆན་བུ་དག་ཁ་བརྡ་དྲ་ཐོག་མཇལ་བ་དང་སྐྱབས་གཡབ་རིན་པོ་ཆེས་བརྙན་ཐག་མཐོང་བའི་མོད་ལ་གང་དྲན་དུ་དབྱིན་ཡུལ་ཨེ་ཝྃ་མཁའ་འགྲོ་ཆོས་གླིང་ནས་མཁན་ཆེན་བླ་མ་དཔལ་དགྱེས་པ་རྡོ་རྗེ་འམ་ཨེ་མ་ཧོས་གང་དྲན་བཅོས་བསྒྱུར་མེད་པར་གངས་ལྗོངས་སྤྲུལ་པའི་སྐུ་མཆོག་རྣམ་པའི་མགྲིན་ཚབ་ཏུ་ཕུལ་བར་དགེའོ།། །།
ལེགས་སོ་ལེགས་ལོ་ལེགས་པར་གསུངས་འདི་ལེགས་སོ། བོད་འདིར་ད་ལྟའི་བར་བྱས་རྗེས་ཅན་ཕལ་མོ་ཆེ་སྤྲུལ་སྐུ་རྣམ་པ་རེད་ལ། ༥༩ ལོར་ཁྲི་འཛིན་མའོ་ཙེ་ཏུང་གིས་རྐྱེན་བྱས་ཆོས་བརྒྱུད་ཁག་གི་བླ་སྤྲུལ་རྣམ་པའི་ཐུགས་རྗེའི་འོད་ཟེར་དང་སངས་རྒྱས་ཀྱི་ཕྲིན་ལས་བོད་ཀྱི་རིག་གཞུང་སོགས་འཛམ་གླིང་གང་སར་ཁྱབ་སྤེལ་གནང་མཁན་ཡང་བརྒྱ་ཆ་༩༠ བླ་སྤྲུལ་རྣམ་པ་རེད། ཨོ་རྒྱན་རིན་པོ་ཆེས། བོད་ལ་དྲིན་ཆེར་བྱས་ཀྱང་དྲིན་མི་གོ། ཞེས་པ་དེ་གུ་རུ་རིན་པོ་ཆེ་ཁོང་ཉིད་ལ་བྱས་པ་དྲིནབཟོ་མིན་པར་བོད་ཀྱི་སྤྲུལ་སྐུ་རྣམ་པ་ཚོའི་བྱས་རྗེས་ལ་དྲིན་དུ་མི་གོ་བ་ལ་དགོངས་པ་འདྲ།