བྱ་ཐུབ་རྒྱམ།
གྲངས་མེད་སྔོན་ནས་ཚོགས་གཉིས་རབ་རྫོགས་ཏེ། །
བྱང་ཆུབ་བདུད་རྩི་མཆོག་རབ་བརྙེས་གྱུར་ཀྱང་། །
ས་ཆེན་སྤྱི་དང་གངས་ཅན་བསྟན་འགྲོའི་སླད། །
དགེ་སློང་ཚུལ་བྱོན་སྤྱན་རས་གཟིགས་ལ་འདུད། །
ཕྱི་ཡི་ཆ་ལུགས་ངུར་སྨྲིག་གོས་ཀྱིས་བཀླུབས། །
ནང་གི་ཚུལ་ཁྲིམས་ནག་ཆང་དབང་གིས་རུལ། །
འདུལ་བསྟན་བཤིག་ལ་འཚེར་མེད་བསྟན་པའི་དགྲ། །
ཨོ་རྒྱན་སྟོབས་རྒྱལ་ལྷས་བྱིན་གཟུགས་ཅན་ཉོན། །
མངོན་ཤེས་ཐོགས་མེད་འཇམ་དབྱངས་མཁྱེན་བརྩེ་དང་། །
རིག་འཛིན་ཆེན་པོ་དིལ་མགོན་མཁྱེན་བརྩེ་སོགས། །
བསྟན་འཛིན་དེ་ཚོ་འཆལ་པོ་ཁྱེད་ཀྱིས་ཀྱང་། །
མགོ་བོའི་ཞྭ་བཞིན་བླ་མར་བསྟེན་པ་ཐོས། །
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་པས། །
༸གོང་ས་སྐྱབས་མགོན་རྡོ་རྗེ་འཆང་དབང་དངོས། །
ལུང་བསྟན་ངོས་བཟུང་ཁྱེད་ཀྱི་ཆུ་བུར་ཡི། །
མིག་གིས་མ་མཐོང་ཟེར་ན་འདིར་ཡོད་ལྟོས། །
སྣང་གསུམ་རྒྱུད་གསུམ་གསང་སྔགས་ལམ་གྱི་རིམ། །
དབང་བཞིའི་རྣལ་འབྱོར་ཟབ་མོས་འགྲོ་བཞི་ཐིམ། །
སྐུ་བཞིའི་ཡེ་ཤེས་མངོན་སུམ་བརྙེས་མཛད་པ། །
ཁྱབ་བདག་རྡོ་རྗེ་འཆང་དབང་ཞབས་བརྟན་གསོལ། །
རྒྱུད་སྡེ་རྒྱ་མཚོའི་གསང་བ་ཀུན་གྱི་མཛོད། །
སྨིན་གྲོལ་ཁ་འབབ་རྣམ་བཞིའི་རྒྱུན་བཟང་པོ། །
སྐལ་བཟང་གདུལ་བྱའི་ཞིང་སར་འདྲེན་མཛད་པ། །
གསང་བ་འཛིན་པའི་བདག་པོ་ཞབས་བརྟན་གསོལ། །
རྡོ་རྗེ་འཆང་དབང་དངོས་དང་གསང་འཛིན་གྱི། །
བདག་པོར་ལུང་དུ་བསྟན་པ་ཤེས་བཞིན་དུ། །
བླ་མའི་གསུང་ལའང་རྒྱབ་ཀྱི་ཕྱོགས་པ་ཁྱོད། །
བཤེས་གཉེན་བསྟེན་ཚུལ་ལོག་པ་མ་ཤེས་སམ། །
རྟོགས་པའི་ཀློང་བརྡོལ་དིལ་མགོན་མཁྱེན་བརྩེས་ཀྱང་། །
༸གོང་ས་སྐྱབས་མགོན་སངས་རྒྱས་དངོས་ཡིན་པའི། །
གསུང་གི་བདུད་རྩི་སྩལ་པའང་འདི་ན་ཡོད། །
ཞིབ་ཏུ་གཟིགས་ནས་མཐོལ་ཞིང་བཤགས་པར་གྱིས། །
གདོད་ནས་དག་པའི་ཞིང་ཁམས་དབང་གིས་གསོལ། །
རིག་འཛིན་རྣམ་བཞིའི་གསེང་ལས་འབད་མེད་བགྲོད། །
བཀའ་གཏེར་རྒྱ་མཚོའི་ཆོས་ལ་རང་དབང་བསྒྱུར། །
ཁྱབ་བདག་དང་པོའི་སངས་རྒྱས་ཞབས་བརྟན་གསོལ། །
བཀའ་གཏེར་རྒྱ་མཚོའི་ཆོས་ལ་རང་དབང་གིས། །
དབང་དུ་བསྒྱུར་ནུས་སངས་རྒྱས་རློན་པ་རུ། །
བླ་མའི་གསུང་གིས་བཅད་ཀྱང་ལོག་མཐོང་ན། །
བླ་སློབ་དམ་ཚིག་ཉམས་པ་མ་ཤེས་སམ། །
ཀི་ཧེ་ཀ་ངོ་ཡིག་ངོ་ཆོད་ཙམ་ལས། །
མདོ་རྒྱུད་དགོངས་དོན་ཐོས་བསམ་ཉིན་སྐར་ཙམ། །
སངས་རྒྱས་བསྟན་པའི་ལ་རྒྱ་བཤད་ཁུལ་འདི། །
གྲོང་གི་ཕ་རྒན་ཚོ་ཡང་ཁོང་དགོད་འཆོར། །
རྒས་པོ་འཆི་ཁར་ཁ་རོག་མ་བསྡད་པར། །
སེམས་དཔའ་ཆེན་པོར་ངན་སེམས་ཁྲག་ཕྱུང་བའི། །
ལོ་རྒྱུས་གླིང་ལ་བཞག་པའི་སྦིར་གྲགས་འདི། །
རང་མགོ་རང་གིས་བཅད་དང་ཅིས་མི་མཚུངས། །
སྔོན་ཚེ་བསྟན་པའི་བདག་པོ་བཅོམ་ལྡན་འདས། །
དུས་ཀྱི་འཁོར་ལོའི་སྐུར་བཞེངས་ཤམ་བྷ་ལའི། །
ཟླ་བཟང་གྱིས་གཙོས་རྒྱལ་ཕྲན་དགུ་བརྒྱ་ཡི། །
འཁོར་ཚོགས་བྱེ་བར་དུས་དབང་མ་གསུངས་སམ། །
འདི་འདྲའི་དཔེ་མཚོན་ས་དགེ་བཀའ་རྙིང་གི། །
སྐྱེས་ཆེན་ཁག་ལ་རྣམ་ཐར་ཤིན་ཏུ་མང་། །
ཟོག་པོ་ཞིག་ལ་བཤད་དང་མ་བཤད་ཅི། །
དེ་བས་རེ་ཞིག་དམྱལ་བའི་ཁམས་སུ་རྒྱུགས། །
མགོན་པོ་གང་ལ་དད་དམ་གཡོ་མེད་པའི། །
མགོ་ནག་བོད་མི་གཙོ་བྱས་འཛམ་གླིང་གི། །
འགྲོ་བ་མང་པོའི་སེམས་པ་ཁྱེད་ཀྱིས་བསད།
ལས་འབྲས་ལ་ཡོགས་འབྱུང་ལ་སྒུགས་ཤིག་ཝེ། །
འདི་ནི་ཅི་བས་ཀྱང་སྙན་པ་ཞིག་བྱུང་། བཀའ་དྲིན་ཆེ་ཞུ།
མངོན་པར་བསྟོད་དོ།