དྲི་མེད་ལྷག་བསམ།
༼༡༽ སྤྲུལ་སྐུའི་ལམ་ལུགས་ཀྱི་བྱུང་བ།
ནང་པའི་ཆོས་ལུགས་སྐྱེ་བ་སྔ་ཕྱི་ཁས་ལེན་མཁན་ཞིག་ཡིན་པས་སྐྱེ་སྲིད་ལ་དགག་པ་ཡོད་ཚེ་ནང་ཆོས་ཀྱི་ཀ་བ་ཆག་ནས་གདུང་མ་འཐོར་ཚར་བ་རེད། སྟོན་པ་ཞལ་བཞུགས་པའི་དུས་ནས་སྐྱེ་སྲིད་ངོས་འཛིན་མི་ཉུང་བ་བྱུང་ཡོད་ཀྱང་དེ་ལ་སྤྲུལ་བའི་སྐུའི་ཐ་སྙད་སྦྱར་ཡོད་པ་མ་མཐོང་། ཕྱིས་སུ་བོད་ཀྱི་བླ་ཆེན་ཁག་སངས་རྒྱས་བྱང་འཕགས་ཀྱི་སྤྲུལ་བར་ངོས་བཟུང་སྟེ་སྤྲུལ་སྐུ་ཞེས་པའི་མཚན་གསོལ་བ་ཡིན་ཀྱང་དོན་དུ་མིང་ཙམ་ལས་སྐྱེ་སྲིད་ངོས་འཛིན་དང་ཁྱད་པར་མེད་དོ།། སངས་རྒྱས་ཀྱི་གཞུང་དང་མཐུན་མིན་སྐྱེས་རབས་དཔག་བསམ་འཁྲི་ཤིང་། མདོ་སྡེ་ལས་བརྒྱ་པ། མཛང་བླུན་སོགས་ལ་གཟིགས་ཤིག །
བོད་དུ་ཇོ་བོ་རྗེའི་བཀའ་ཆེམས་ཀ་ཁོལ་མ་ལྟར་ན། སྲོང་བཙན་སྒམ་པོ་རང་བྱུང་གི་སྤྲུལ་སྐུ་དང་། རྒྱ་བཟའ་དང་བལ་བཟའ་ཡང་སྤྲུལ་བར་ངོས་བཟུང་བ་ཐོག་མ་སྟེ། རིམ་པར་དུས་རབས་བརྒྱད་པར་གུ་རུ་པདྨས་ལོ་ཙཱ་བ་གསུམ་ལུང་བསྟན་ཏེ་ངོས་བཟུང་བ་དང་། རྩང་བན་ལེགས་གྲུབ་ཀྱི་སྐྱེ་བ་རྒྱལ་མོ་གཡུ་སྒྲར་ངོས་བཟུང་པ་ནི་བོད་ཀྱི་བླ་མ་གཤེགས་པའི་སྐྱེ་སྲིད་བོད་དུ་ངོས་འཛིན་ཐོབ་པ་ཐོག་མའོ། །རྙིང་མའི་ནང་དུ་། ཉང་ཉི་མ་འོད་ཟེར། གུ་རུ་ཆོས་དབང་། རིག་འཛིན་རྒོད་ལྡེམ་པ་ལ་མཆོག་གི་སྤྲུལ་སྐུ་རྣམ་གསུམ་ཞེས་ཉི་ཟླ་ལྟར་གྲགས་ཤིང་ངོས་འཛིན་ཚུལ་གུ་རུ་པདྨ་སོགས་དམ་པ་རྣམས་ཀྱི་ལུང་བསྟན་ལ་བརྟེན་ནས་བྱུང་བ་ཤ་སྟག་གོ །
ཀུན་ཀྱིས་ཤེས་གསལ་ལྟར་ཀརྨ་པ་སྐུ་ཕྲེང་གཉིས་པ་ངོས་འཛིན་བྱུང་བ་ནས་བོད་དུ་སྐྱེ་སྲིད་བཙལ་བའི་ལུགས་ལ་རྩ་བ་ཚུགས་ཤིང་ལོ་འདབས་རྒྱས། སྒྲིགས་ལམ་སོགས་རིམ་བཞིན་འཐུས་ཚང་དུ་གྱུར་པ་དང་། ཆོས་རྒྱུན་ཡོངས་ལ་སྤྲུལ་སྐུས་མ་ཁྱབ་པ་ལྟ་བུར་མེད་མོད། ས་སྐྱ་དང་། འབྲི་གུང་། ཉང་གི་གདན་ས་སོགས་ལ་སྐྱེ་སྲིད་རང་ཁྱིམ་དུ་འཁྲུངས་པའི་སྲོལ་ཡོད་པས་གཞན་དུ་བཙལ་བའི་ལུགས་ཡུན་རིང་པོར་ཆགས་མ་ཐུབ་པར་མངོན། དང་པོ་ཆོས་ཕྱོགས་ཀྱི་མཛད་ཕྲིན་འཕྲོ་མཐུད་དེ་སྐྱོང་བའི་དགོས་པ་ཡིན་ཀྱང་། སོག་པོ། ཏཱ་མིང་། མཉྫུ་སོགས་ཀྱི་འདྲེ་ལག་བོད་དུ་བསྐྱང་པ་ནས་བཟུང་སྲིད་ཕྱོགས་ཀྱི་གདན་ཐོབ་ཟེར་བའི་གཡོ་འཕྲུལ་ཀྱིས་སྤྲུལ་སྐུའི་ལམ་ལུགས་ཀྱང་ནག་པོར་བསྒྱུར་པ་རེད།
༼༢༽ རྩོད་པ་བྱུང་དོན།
འཇིག་རྟེན་གྱི་ཁེ་ཕན་གྱི་ཆེད་དང་། དད་པ་བྱེད་ཡུལ་ནོར་ཡོད་མེད་ཀྱི་སྟེང་ནས་རྩོད་པ་བྱུང་བ་ཡིན་ལ། ལོ་༣༠༠་ཙམ་གྱི་ནང་རྩོད་པ་མུ་མཐུད་དེ་བྱུང་ཡོད། དཔེར་ན། རྒྱལ་དབང་ལྔ་བའི་ཡང་སྲིད་ཐད། ཚངས་དབྱངས་རྒྱ་མཚོ། པད་དཀར་འཛིན་པ་ཡེ་ཤེས་རྒྱ་མཚོ། སྐལ་བཟང་རྒྱ་མཚོ་གསུམ་དུས་མཉམ་དུ་བྱུང་ཞིང་ཆོས་ལུགས་པའི་འཐེན་ཁྱེར་སྐབས་སྲིད་དོན་པར་གོ་སྐབས་ཐོབ་ཏེ་བོད་ཀྱི་རྒྱལ་ཁབ་རྒས་པའི་སྟེང་ལ་འཆི་ནད་ཐེབས་པ་ལྟ་བུ་བྱུང་བ་རེད། དེ་བཞིན་འཇམ་བཞད་གཉིས་པའི་ཡང་སྲིད་ཀུན་མཁྱེན་འཇིགས་མེད་དབང་པོ། གཙོས་གསེར་ཁྲི་གཉིས་བྱུང་བ་སོགས་དགེ་ལྡན་པའི་ནང་དོན་རྐྱེན་མུ་མཐུད་དེ་བྱུང་ཡོད། དེ་བཞིན་ཀརྨ་པ་བཅུ་པ། བཅུ་གསུམ་པ། བཅུ་དྲུག་པ། བཅུ་བདུན་པ། ཞྭ་དམར་དགུ་པ། བཅུ་པ། འབྲུག་ཆེན་དྲུག་པ། བདུན་པ། བཅུ་པ་སོགས་ལའང་རྩོད་པ་བྱུང་ཡོད་པའི་ལོ་རྒྱུས་ཡོངས་གྲགས་སོ།།
རྙིང་མའི་ནང་དུ་སྤྲུལ་སྐུ་གཉིས་གསུམ་རེ་བྱུང་ཡང་རང་ས་ནས་བཀུར་བ་ལས་རྩོད་པ་ཆེར་བྱུང་མེད། གཙོ་བོ་རྙིང་མ་ལ་གདན་ཐོབ་ཡོད་པའི་སྤྲུལ་སྐུ། ཉང་གི་གདུང་རྒྱུད། སྨིན་གླིང་གདུང་རྒྱུད་དང་། རྡོ་བྲག་སྤྲུལ་རྒྱུད་སོགས་དབུས་ཕྱོགས་ལ་ཡོངས་གྲགས་རེད། ཁམས་ཕྱོགས་སུ་ཀཿཐོག་རིག་འཛིན་ཆེན་པོ། དགེ་རྩེ་ཕཎ་ཆེན། རྫོགས་ཆེན་སྐུ་ཕྲེང་དྲུག་པ་ཙམ་ལས་གཞུང་འབྲེལ་གྱི་གདན་ཐོབ་ཡོད་པ་མེད་ལ། དེ་བཞིན་རང་བྱུང་གི་གཏེར་སྟོན་མང་པོས་བསྟན་པ་བསྐྱངས་པས་བླ་བྲང་སོགས་རྩོད་གཞི་ཆེན་པོ་རང་མེད་པས་ཡིན་ནམ་སྙམ།
ས་སྐྱ་ལ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་སྤྲུལ་སྐུ་ཐོག་མར་གྲགས་ཤིང་དེ་ལ་སྤྲུལ་སྐུ་ལྔ་བྱུང་བའང་སོ་སོའི་ས་ནས་བཀུར་བ་ལས་རྩོད་པ་བྱུང་མེད། མདོར་ན་སྤྲུལ་སྐུའི་རྩོད་པ་ཆེ་ཤོས་བཀའ་བརྒྱུད་ལས་ཀརྨ་བཀའ་བརྒྱུད་དང་། དགེ་ལྡན་པའི་ཕྱོགས་ནས་མང་པོ་བྱུང་འདུག རྙིང་མ། ས་སྐྱ་ཇོ་ནང་བཅས་ལ་རྩོད་པ་ཆེར་བྱུང་པའི་ལོ་རྒྱུས་མ་མཇལ་ལོ།།
ད་ལྟའི་ཆར་ཡང་མཁྱེན་བརྩེའི་སྤྲུལ་སྐུ་དུ་མ། དགེ་རྩེའི་སྤྲུལ་སྐུ་བཞི། ཀཿཐོག་སི་ཏུ་གསུམ། རྫོགས་ཆེན་རིན་པོ་ཆེ་གཉིས། བདུད་འཇོམས་གཉིས་བྱུང་ཡོད་མོད། མངོན་གསལ་གྱི་རྩོད་པ་མེད་པ་ཀུན་གྱིས་དགོངས་བཞིན་པ་ལགས་སོ། །འོག་ནས་ཡིན་མིན་གྱི་ཤན་འབྱེད་ཀྱི་གཏམ་འཆལ་རེ་བྱུང་ཡང་བླ་བྲང་དང་སྤྲུལ་སྐུ་སོ་སོའི་ངོས་ནས་ཕན་ཚུན་རྩོད་གླེང་མེད་པར་གནས་སོ། །འདི་ལྟར་དཔྱད་ཚེ་སྤྲུལ་སྐུ་ལ་རྩོད་པ་མིན་པར། རྙེད་བཀུར་དང་མངའ་རིས་ལ་རྩོད་པ་ཡིན་པར་ངེས་ཤེས་སྐྱེ་ཐུབ་པར་འགྱུར་རོ། །སོ་སོའི་ངོས་ནས་དད་པའི་ཡུལ་ཞིག་ལ་གུས་པ་བྱེད་པར་གཞན་གྱིས་ཀྱང་དེའི་ཆོས་དད་རང་མོས་ལ་བརྩི་བཀུར་བྱས་ན་རྩོད་པ་ཡོང་དོན་མེད་དེ་རང་ཁྱིམ་ལྷ་ཁང་དུ་སྐུ་འདྲ་ཞིག་གདན་དྲངས་པ་ལྟ་བུར་སྣང་ངོ། །
༼༣༽ སྤྲུལ་སྐུ་ལ་དགག་པ་དང་དེའི་ལན།
སྤྲུལ་སྐུའི་རིང་ལུགས་ལ་དགག་པ་བྱེད་མཁན་རྣམས་ཀྱིས་ད་བར་གནད་དུ་ཁེལ་བ་ཞིག་བཤད་ཐུབ་མེད། ནང་པའི་རྒྱལ་ཁབ་གཞན་ལ་མེད་པས་བོད་པར་མེད་ཀྱང་ཆོག་ཞུ་ན་བདེན་པ་རེད། བླ་མས་ཆོས་སྲིད་ཟུང་འབྲེལ་གནང་བར་སྐྱོན་ཡོད་པས་སོ་ཟེར་ན་བདེན་པ་རེད། སྤྲུལ་སྐུ་བདེན་རྫུན་བརྟགས་དཀའ་བས་སོ་ཟེར་ན་དེ་ཡང་བདེན་པ་རེད། འོན་ཀྱང་བོད་ཀྱི་ཆོས་དད་ལ་དཔག་པའི་བསམ་གཞིག་དང་། ཕན་གནོད་ལ་བརྟགས་པའི་བགྲོ་གླེང་། མང་མོས་དང་མཐུན་པའི་ཐག་གཅོད་ཅིག་དགོས་པ་ལས། འུར་འགྲོགས་ཀྱིས་བླ་ཆེན་གཅིག་གཉིས་ཞིག་དང་ཚོགས་པ་ཁོལ་བུ་ཞིག། ཁ་མང་ལོག་ལྟ་ཅན་རེ་གཉིས་ཀྱི་དགག་པ་བྱུང་བ་ཙམ་གྱིས་ཐག་གཅོད་བྱ་ག་ལ་ཐུབ། ད་བར་དགག་པ་ཕྱོགས་ག་འདྲ་ཞིག་ནས་ཡོང་བསྡུས་ཏེ་བཤད་ན།
གཅིག རྒྱ་ནག་གཞུང་། རྒྱ་གཞུང་གིས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་སྣེ་ཁྲིད་སྤྲུལ་སྐུ་ཡིན་པ་དང་། བོད་ཀྱི་རིག་གནས་ཀྱི་སྐྱར་གསོ་གནང་མཁན། ༧པཎ་ཆེན་རིན་པོ་ཆེ། གུང་ཐང་ཚང་། ཚེ་ཏན་ཞབས་དྲུང་། འཇིགས་མེད་ཕུན་ཚོགས། ཤར་གདོང་ཚང་། གཟན་དཀར་ཚང་་སོགས་ཐམས་ཅད་སྤྲུལ་སྐུ་ཡིན་པ་དང་། དེ་དག་གིས་ལོ་ཉི་ཤུ་ཙམ་གྱི་རིང་བོད་ཀྱི་ཆོས་དང་རིག་གཞུང་ཉམས་པ་སླར་གསོ་མཛད་པ་མཐོང་སྟེ། གཞུང་ནས་ཐབས་སྣ་ཚོགས་ཀྱིས་སྤྲུལ་སྐུ་མེད་པའི་ཐབས་འཇུས་གཏོང་པ་དང་དགག་པ་རྒྱག་པ། གཞུང་གིས་སྤྲུལ་སྐུའི་ལམ་ལུགས་གསར་པས་རྙིང་པའི་ཚབ་བྱེད་བཅུག་ཏེ་རིམ་བཞིན་སྤྱི་ཚོགས་ལ་སྤྲུལ་སྐུ་མཐོང་རྒྱ་ཆུང་དུ་གཏོང་པ་དང་། དེའི་བརྩི་མཐོང་དང་མཛད་པ་ཉམས་དམས་པར་བྱེད་པ་མིག་མཐོང་ལག་ཟིན་ནོ། །
ལན། ཆོས་མེད་སྲིད་གཞུང་ཞིག་གིས་བསྟན་པ་ལ་རྨ་འབྱིན་པའི་སྲིད་འཇུས་ལག་ལེན་ཏུ་བསྟར་བར་ད་དུང་རྒྱབ་སྐྱོར་བྱེད་ན་བསྟན་པ་གཅེས་པའི་ཐུགས་སྟོབས་བོར་ཞིང་། ནག་པོའི་ཕྱོགས་ལ་འཛུམ་བསྟན་པ་ཁོ་ནའོ། །
གཉིས། བོད་གཞུང་། བོད་གཞུང་གི་རྐུབ་སྟེགས་སྟེང་དུ་སྡོད་མཁན་བླ་མ་གྲྭ་བ་རྣམས་སུ་ཡིན་ཡང་རྒྱབ་རྩ་ངེས་ཅན་རེ་ཡོད་ཅིང་། ཆོས་རྒྱུན་གྱི་སྤྱི་མཐུས་རྣམས་ཀྱི་༧སྐྱབས་མགོན་རྣམས་དང་དགོན་སྡེ་སོ་སོ་རྒྱབ་རྩ་ལ་ཁུར་ནས་སྤོབས་པ་ཤྭ་བོའི་རྭ་ལྟར་གཟེངས་པ་མངོན་གྱུར་ལགས་ཤིང་། གྲོས་བསྡུར་དང་ཐག་གཅོད་མང་པོ་ཞིག་དམངས་གཙོ་དང་། འདྲ་མཉམ་གྱི་ལམ་དུ་འགྲོ་མི་འཇུག་པ་དང་། ཁྲིམས་ལུགས་སུ་མེད་ཀྱང་སྲོལ་ཆོས་ཀྱིས་གཞུང་ཞབས་སྐྱ་བོའི་ཚོགས་ཀྱིས་གྲྭ་བ་ལ་གུས་ཞབས་ཞིག་བྱེད་དགོས་པ་རང་བཞིན་དུ་གྱུར་པས། རྩ་བ་སྤྲུལ་སྐུ་ལ་བརྟེན་པ་ཤེས་ཏེ་དགག་པ་ཡོང་བཞིན་པའོ། །
ལན། ཆོས་སྲིད་སོ་སོ་བྱས་ཏེ་གྲྭ་བ་དང་བླ་སྤྲུལ་སོ་སོར་རང་གི་འཁོར་ཡུག་བསྐྲུན། སྲིད་དོན་ལ་ཐེ་གཏོགས་མེད་པར་བྱས། ཆོས་ལུགས་ཡན་ལག་ལས་ཁུངས་ཞིག་ཟུར་ཏུ་བཙུགས་ན་སྤྱི་མཐུས་ནང་གི་སྤྲུལ་སྐུ་དང་གྲྭ་བའི་དོན་རྐྱེན་མང་པོ་ཞིག་རང་བཞིན་གྱིས་ཞི་བར་འགྱུར་བ་ལས། ཆོས་རྒྱུན་རེའི་མགོ་ན་བླ་ཆེན་རེ། སྤྱི་མཐུས་ནང་ན་དེའི་སྐུ་ཚབ་རེ། དེ་ལ་དམིགས་བསལ་མང་པོ་སྤྲད་ན་རྩོད་པ་ཞི་བའི་དུས་མེད་དོ།།
གསུམ། ཤེས་ཡོན་ཅན་གྱིས་ངོ་རྒོལ། ཤེས་ཡོན་པའི་སྡེ་ཚན་གྱིས་ངོ་རྒོལ་ལ་རིགས་གཉིས་ཡོད། ༡༽ ཆོས་དད་ཅན་གྱིས་དགག་པ། མཁན་པོ། དགེ་བཤེས། སློབ་དཔོན་སོགས་ནང་ཆོས་ཀྱི་ཤེས་ཡོན་རང་སའི་སྤྲུལ་སྐུ་ཚོ་ལས་འཕགས་པའམ། མཉམ་པར་གྱུར་ཀྱང་། སྤྱི་ཚོགས་དང་དགོན་སྡེའི་ངོས་ནས་༧སྐྱབས་མགོན་ག་གེ་མོ་དང་། སྤྲུལ་སྐུ་ཆེ་གེ་མོའི་གདན་ཐོབ་དང་བརྩི་བཀུར་ལྟ་བུ་མི་ཡོང་པས་རྩོད་པ་བྱུང་བ་སྟེ། མེ་ལྕེ་འདི་འབར་མགོ་བརྩམ་ཙམ་ཡིན།
ལན། དོན་དུ་དེའང་རྙེད་བཀུར་སྙན་གྲགས་ལ་རྩོད་པའི་ཁོངས་སུ་འདུ་བ་དང་། ཤེས་ཡོན་གྱི་མི་གཤིས་མཚོན་མི་ཐུབ་པ་དང། སྤྲུལ་སྐུ་ལ་རྫུན་མ་འབྱུང་བ་བཞིན་མཁན་པོ་དང་དགེ་བཤེས་ལའང་འབྱུང་བས་གཉིས་ཀ་མཉམ་པར་སེམ་མོ། །
༢༽ ཆོས་དད་མེད་པས་དགག་པ། སྤྲུལ་སྐུ་རྫུན་མ་དང་། དེའི་སྤྱོད་པ། ནང་ཆོས་མཁན་པོ་འགའ་ཞིག་རྒྱུ་མཚན་དུ་བཀོད་ནས་དགག་པ་བྱེད་པ་མཐོང་།
ལན། ཆོས་ལུགས་ལ་དད་པ་མེད་ན་རང་དབང་ཡིན་མོད། དེ་བཞིན་དད་པ་ཅན་གྱི་སྐྱབས་གནས་སུ་ཞིག་འཚོལ་རང་དབང་ཡིན་ལ། རང་གིས་འབད་པའི་ནོར་རྫས་སུ་ལ་འབུལ་ཡང་རང་དབང་ཡིན་པས་ཆོས་དད་མཁན་ལ་རྒོལ་བ་ནི་འགྲོ་བ་མིའི་ཐོབ་ཐངལ་རྡོག་བརྫི་བྱས་པ་དང་། ཐེ་གཏོགས་ཆེ་བའི་སྐྱོན་མཚང་ཕྱིར་བཏོན་པ་ཁོ་ནའོ། །
བཞི། སྤྱི་ཚོགས་ཀྱི་རྒོལ་བ། སྤྱི་ཚོགས་ཀྱིས་དགག་པ་བྱུང་དོན་རེ་བ་ཆེ་ནས་དགག་པ་བྱེད་པ་དང་། ཕྲག་དོག་དབང་གིས་རྩོད་པ་བྱེད་པ་གཉིས་སུ་འདུ། ༡༽ རེ་བ་བཅང་སྟེ་རྩོད་པ་བྱུང་བ་འདི་ལ་རིགས་མང་ཡང་། གཙོ་བོ་སྐུ་གོང་མ་ཡིན་མིན་གྱིས་དོགས་པ། གཙོ་བོ་རྣམས་ཀྱི་ཐོབ་དང་དཔལ་འབྱོར་གྱི་རྩོད་པ། སྤྲུལ་སྐུ་མང་ཆེ་བ། ཤེས་ཡོན་དང་ཀུན་སྤྱོད་སྐུ་སྔ་མ་ལྟར་མ་བྱུང་པ། ཉེ་གནས་ལ་གཟིགས་སྐྱོང་ཆུང་བ་སོགས་ལྟོས་བཅས་ཀྱི་ངོས་ནས་རྩོད་པ་བྱུང་བ་དང་། ཞབས་དྲུང་སོགས་ཀྱིས་མི་ལ་བཙན་གནོན། བཤུ་གཞོག གཏོང་རྒྱ་དང་སྡུད་རྒྱ་སོགས་བྲེ་སྲང་ལ་གཡོ་རྒྱུ་བྱས་པ། ཐུན་མིན་གྱི་རྙེད་བཀུར་གཉེར་བ། སྡེ་རིས་རྩོད་པ། འཁྲུགས་རྩོད་ཀྱི་་ཁ་ལོ་པ་བྱས་པ་སོགས་འཁོར་སློབ་ཀུན་སྤྱོད་ངན་པའི་ཉེས་པ་བླ་མ་ལ་ཕོག་པའང་མི་ཉུང་པ་ཡོད།
ལན། དེ་ལ་སྐྱོན་ཡོན་དབྱེ་འབྱེད་བྱས། སྒྲིགས་སྲོལ་ནན་མོ་བཙུག་ནས་སེལ་ཐུབ་པ་ཡིན་པས། དངུལ་ལོ་རྫུན་མ་བྱུང་བ་ཙམ་ཙམ་ཀྱིས་བདེན་རྫུན་མི་འབྱེད་པར་ཚང་མིའི་འགྲོ་བ་ཡིན་ཕྱིན་སྐྱོན་རེ་ཡོང་བ་ཆོས་ཉིད་ཡིན་པས་དེ་བསྒྱུར་བཅོས་གཏོང་རྩ་མེད་གཏོང་དགོས་པ་མེད་སྙམ།
༢༽ ཕྲག་དོག་དབང་གིས་རྩོད་པ་བྱུང་བ་ནི། བླ་མ་ལ་སློབ་སྦྱོང་དང་། འབུལ་བ། སྐུ་འགྱེད། སྐུ་འཁོར་དམིགས་བསལ་ཡོད་པ་དང་། དེའི་ཞབས་དྲུང་རྣམས་ལ། ཐོབ་དང་དབང་ཆ། བརྩི་བཀུར་ཞབས་འདེགས་སོགས་གཞན་ལས་ཁྱད་པར་ཡོད་པ་དང་། དེ་བཞིན་དཔལ་འབྱོར་ཡང་གཞན་ལས་ལྷག་པ་ཡོད་པར་ཕྲག་དོག་གིས་སྤྲུལ་སྐུའི་ལམ་ལུགས་ལ་དགག་པ་བྱུང་བ་རེད།
ལན། ལས་འབྲས་ལ་ཡིད་ཆེས་མཁན་ཞིག་ཡིན་ཚེ་དེ་ཁོ་རང་གི་སྔོན་བསག་ལས་བྱུང་པ་དང་། དེ་ལྟ་བུའི་དབང་ཆ་དེ་མི་མང་གིས་སྤྲད་པ་ལས། སྤྱི་ཚོགས་ལ་བརྩི་བཀུར་མེད་ན་བླ་མ་ལ་དེ་ལྟར་ཡོང་དོན་ཡང་མེད་པར་སྣང་ངོ།།
ལྔ་བ། ལོ་རྒྱུས་ལ་བསམ་ཞིང་དགག་པ། ལོ་རྒྱུས་ཁྲོད་སྤྲུལ་སྐུའི་དོན་རྐྱེན་མི་ཉུང་པ་བྱུང་མྱོང་ཞིང་། སྤྱིར་སྤྱི་ཚོགས་ལ་ཕན་བདེ་སྒྲུབས་མཁན་གྱི་བླ་སྤྲུལ་རྣམས་དཀྲུགས་ཤིང་གི་རྩ་བ་ལྟ་བུར་གྱུར་ནས་རྒྱལ་ཁབ་བཙོང་། མི་རིགས་བརླག ཆེན་པོ་རྣམས་ལ་རྒྱབ་བཅོལ་ནས་རྒྱ་ཐོབ་ཀྱིས་བོད་མགོ་གནོན་མཁན་མི་ཉུང་པ་བྱུང་བ་དང་། ཁྱད་པར་ཀརྨ་པའི་སྤྲུལ་སྐུའི་གནད་དོན་ལྟ་བུ་སྤྱི་ལ་ཚོགས་གཏོར་བཤིག་བསམ་ཡུལ་ལས་འདས་པ་ཕོག་ཡོད་པ་དངོས་ཡོད་གནས་ཚུལ་རེད། དེ་བླ་སྤྲུལ་ཆེན་པོའི་རིགས་འགའ་ཞིག་ལས། ཆུང་ངུ་རང་ཁ་གསོ་བར་དཀའ་ལས་ཡོད་མཁན་གྲས་ལ་ནུས་པ་དེ་ཙམ་མེད།
ལན། ལོ་རྒྱུས་ཀྱི་སློབ་གསོ་ལ་གཞིག་པའི་བསྒྱུར་བཅོས་དང་། བོད་མི་མང་གི་དགོས་མཁོ་དང་བསྟུན་ནས་ཐག་གཅོད་དགོས་པ་ལས། འདས་པའི་སྐྱོན་རྣམས་ད་ལྟའི་སྤྱི་ཚོགས་སུ་ཁྲིད་ནས་ཆད་པ་གཅོད་རྒྱུ་མེད་དོ།
༼༤༽ སྐྱོན་གྱི་ངོས་ནས་དཔྱད་པ།
སྤྲུལ་སྐུ་བདེན་རྫུན་དང་གདན་ཐོབ། རྒྱུ་ནོར་རྩོད་པ་དེ་དགེ་ལུགས་དང་བཀའ་བརྒྱུད་ཀཾ་ཚང་གཉིས་ལ་རྒྱུན་དུ་བྱུང་བསྡད་ཡོད་པ་ཞིག་དང་ཆོས་རྒྱུན་གཞན་ལ་དེ་ཙམ་མེད། འོན་ཀྱང་སྤྲུལ་སྐུའི་མཛད་སྤྱོད་ཀྱི་ངོས་ནས་སྤྱི་ཚོགས་ལ་ཞབས་འདྲེན་ཞུས་མཁན་ཆོས་རྒྱུན་ཚང་མར་ཡོད་ལ། ལྷག་པར་དུ་ཆང་དང་། བུད་མེད། ལྷ་མཐོང་འདྲེ་འདུལ་གྱི་མགོ་སྐོར་གཏོང་མཁན་རྙིང་མ་དང་བཀའ་བརྒྱུད་པར་མང་། ཕྱིས་སུ་དགེ་ལྡན་པའི་བླ་མ་ཆེ་ཁག་ནས་ཆུང་བའི་བར་བྱུང་ཡོད།
༡༽ རིན་པོ་ཆེའི་རྣམ་གྲངས། ད་ལྟ་རིན་པོ་ཆེ་ཟེར་བའི་ཁོངས་སུ་སྤྲུལ་སྐུ་གཅིག་པོའི་མི་ཚད། དགེ་བཤེས། མཁན་པོ། གདུང་སྲས་ཕོ་མོ། གསང་ཡུམ། རྡོ་རྗེ་སློབ་དཔོན་བཅས་འདུས་ཡོད། དགེ་བཤེས་བགྲེས་པ་འགའ་ཞིག་མ་གཏོགས་སྐུ་ཕྲེང་རེ་བསྒྲང་རྒྱུ་མེད་པ་དང་། སྐྱེ་རྟགས་འཁྲུངས་རྟགས་གླེང་རྒྱུ་མེད་པ་ཞིག་མེད་ཚོད་རེད། དེས་ན་ཡོན་ཏན་སྣ་རེ་ཡོད་ཙམ་གྱིས་རང་ཉིད་དམ་འཁོར་སློབ་ཀྱིས་ངོས་འཛིན་བྱས་ཏེ་རང་བྱུང་གི་སྤྲུལ་སྐུར་དོན་གྱིས་གྲུབ་འདུག་པས། འདི་དག་ཐམས་ཅད་མེད་པ་གཏོང་དགོས་སམ།
༢༽ རིན་པོ་ཆེའི་གྲངས། བོད་ཀྱི་མི་གྲངས་ཀྱི་དབང་དུ་བྱས་ན། མི་སྐྱ་རྙིང་མ་དང་པོ་དང་། གྲྭ་བ་དགེ་ལུགས་དང་པོ་ཡིན། གསུམ་པ་བཀའ་བརྒྱུད། བཞི་བ་ས་སྐྱ། ཇོ་ནང་ལ་དགོན་པ་བརྒྱ་ལྷག དེ་བཞིན་བོ་དོང་། ཤངས་པ་སོགས་ལ་དགོན་སྡེ་ལྔ་དྲུག་རེ་ཡོད། སྐྱོན་ཆ་ཡོད་པའི་སྤྲུལ་སྐུ་ཡང་ཆོས་རྒྱུན་གྱི་མི་གྲངས་བཞིན་མང་ཉུང་གི་ཁྱད་པར་ཡོད། སྤྱི་སྡོམ་བོད་ཀྱི་སྤྲུལ་སྐུའི་གྲངས་སུམ་སྟོང་དུ་སླེབས་པ་དང་། ལོ་རེར་ཡང་སྲིད་གཤེགས་རྗེས་བཙལ་བ་བཅུ་ཙམ། ལོ་ཉི་ཤུ་ཙམ་རེར་སྔོན་གྱི་སྤྲུལ་རྒྱུད་ཆད་ནས་ཉམས་གསོ་བྱས་པ་གཅིག་རེ་ཡོང་སྲིད་ཙམ་མོ། བོད་ཕྱི་ནང་གཉིས་ནས་ལོ་རེར་མཁན་པོ་༥༠ རེ། དགེ་བཤེས་༥༠ ལྷག རྡོ་རྗེ་སློབ་དཔོན་༡༠༠ ལྷག་ཡོང་གི་ཡོད།
དཔེར་ན། རྒྱ་བླ་ཟེར་བའི་ཀུན་ཀྱིས་སྨོད་པའི་ནང་དུ། མཁན་པོ་གྲངས་མང་ཤོས། གཉིས་པ་དགེ་བཤེས། གསུམ་པ་སྤྲུལ་སྐུ། བཞི་བ་རྡོ་རྗེ་སློབ་དཔོན། ལྔ་བ་གདུང་རྒྱུད། དྲུག་པ་གསང་ཡུམ་དང་མཁའ་འགྲོ་མ་ཟེར་བ་ཉུང་ཤོས་ཞིག་ཡོད།
སྐྱོན་གྱི་ངོས་ནས་བཤད་ན། མང་ཆེ་བ་བཤད་གྲྭ་སོགས་འཛུགས་སྐྲུན་གསོ་སྐྱོང་གི་པར་དང་མཁན་ཐོབ་ཕྱག་ཁྱེར་སྟོན་རྒྱུ་ཡོད། དགེ་བཤེས་ཡང་གཅིག་མཚུངས་ཡིན་པ་ལ་རྒྱ་གར་ཕྱོགས་ནས་ཡོང་བ་ཡིན་ན་༧གོང་ས་མཆོག་གིས་བཏང་པའམ སྐུ་སྒེར་འམ། ཆོས་དོན་ལས་ཁུངས་ཀྱི་ངོས་སྦྱོར་ཡོད། སྤྲུལ་སྐུ་ཆེ་ཆུང་ཀུན་ལ་བླ་ཆེན་རེའི་ཡི་གེའམ། རང་དགོན་གྱི་ངོས་སྦྱོར་གྱི་ཡིག་ཆ་ཞིག་མེད་མི་སྲིད། དེ་བཞིན་དགེ་བཤེས་དང་མཁན་པོས་སློབ་སྦྱོང་བྱས་རབས། སྤྲུལ་སྐུའི་སྐྱེ་རྟགས་འཁྲུངས་རབས། སློབ་དཔོན་གྱིས་བསྙེན་སྒྲུབ་བྱས་རབས། གདུང་རྒྱུད་དང་མཁའ་འགྲོ་ཚོའི་གྲུབ་པའི་ཆེ་བ་སོགས་གང་ཆེ་གང་གཉན་རེ་བཤད་རྒྱུ་ཡོད།
༣༽ རིན་པོ་ཆེའི་འབྱུང་ཁུངས། གདུང་བརྒྱུད་རེའི་རྒྱབ་ན་ཁྱིམ་རྒྱུད་རེ། མཁའ་འགྲོ་རྣམས་ལ་དཔའ་བོའི་འཁོར། སྔགས་པ་རྣམས་ལ་དཔའ་མོའི་འཁོར། སློབ་དཔོན་རྒྱབ་ན་སྒྲུབ་སྡེ་རེ། མཁན་པོའི་རྒྱབ་ན་བཤད་གྲྭ་རེ། སྤྲུལ་སྐུའི་རྒྱབ་ན་དགོན་པ་རེ། དགེ་བཤེས་རྒྱབ་ན་སློབ་ཕྲུག་རེ། དེ་དག་རྒྱབ་རྟེན་བླ་ཆེན་རེ། ཚང་མའི་རྒྱབ་རྩ་ཆོས་རྒྱུན་ཚོའི་དབུ་ཁྲིད་པར་ཐུག་ཡོད། འབྱུང་ཁུངས་དངོས་དེ་མི་དམངས་རིན་པོ་ཆེ་ཟེར་བར་ཡིད་ཆེས་ཆེ་དྲག་པ་དང་། སྤྱི་ཚོགས། དགོན་པ། བླ་བྲང་། བླ་ཆེན་ཁག ཆོས་ལུགས་ཀྱི་དབུ་ཁྲིད་པ་རྣམས་སྤྲུལ་སྐུ་རིན་པོ་ཆེའི་འབྱུང་ཁུངས་དངོས་ཡིན་པ་ཤེས་དགོས། དེས་ན་དམའ་ས་དང་གཉོམ་སའི་བླ་སྤྲུལ་འགའ་ཞིག་གིས་སྤྱོད་པ་རྒྱུ་མཚན་དུ་བྱས་ནས་ཁ་སྨོད་དང་བརྙས་བཅོས་སྣ་ཚོགས་བྱེད་པ་ནི། སྤྲང་པོའི་སློང་མོ་ཁྲིམས་འགལ་དང་། མཐོན་པོའི་བཙན་འཔྲོག་འོས་བབ་ཏུ་བརྩི་བ་དང་གཅིག་མཚུངས་རེད།
༤༽ དོ་མི་མཉམ་པའི་སྐྱོན། མཁན་པོ་དགེ་བཤེས་སོགས་རང་སྟོབས་ལ་བརྟེན་ནས་མཐའ་མར་རིན་པོ་ཆེར་གྱུར་པ་དང་། སྐྱེ་སྲིད་འཚོལ་བའི་ལམ་ལུགས་ཀྱིས་ཐག་བཅད་པའི་སྤྲུལ་སྐུ་གཉིས་ཀྱི་ཁྱད་པར་ཆེ་བས་སྤྱི་ཚོགས་ཀྱི་རྒོལ་བ་མང་པོ་ཞིག་འདི་ལས་བྱུང་བར་མངོན། སྐྱེ་སྲིད་ངོས་བཟུང་ཙམ་ནས་ཡོངས་འཛིན། ཞབས་ཞུ། བཞུགས་གནས། འཁོར་སློབ་སོགས་ཤུགས་ཀྱིས་འབྱུང་བ་དང་། གཞན་དག་ལ་དེ་རིགས་མེད་པས་ཕྱོགས་གཏོགས་རྣམས་ཀྱིས་ཡིད་མི་མགུ་བའི་སྐྱོན། ཡོན་ཏན་ཡོད་མེད་ལ་མ་ལྟོས་པར་ཆེན་པོའི་ཁྲི་ལ་བཞུག་ཆོག་ཡིན་པའི་སྐྱོན། གཡོ་རྒྱུ་དང་མི་གསོད་ཁྲག་སྦྱོར་ཀྱི་བརྒྱུད་ལམ་ནས་གོང་མའི་དབང་དང་ཐོབ་ཐང་བླང་བ་ཡིན་ཀྱང་ཐོབ་པའི་ཉིན་ནས་ཆེ་འདོད་དང་དྲེགས་པས་ཉམས་ཆུང་རྣམས་སྤ་ཀོང་བར་བྱེད་པའི་སྐྱོན། སྤྱོད་ལམ་ཅི་བྱས་ཀྱང་ཆེན་པོ་གོང་ཤོར་ཡིན་པས་རང་ཉིད་ཀྱིས་འགན་ཁུར་མི་དགོས་པའི་སྐྱོན། བྱིས་པའི་དུས་ཡོན་ཏན་གྱིས་ཆེ་བ་དང་བཀའ་དྲིན་གྱིས་ཆེ་བ། བྱས་པ་ཅན་གྱིས་མི་ཀུན་འོག་ཏུ་བཞག་ནས་བཀའ་ལུང’འབེབ་ཆོག་ཡིན་པའི་སྐྱོན། རྙེད་པ་དང་བཀུར་སྟི་མཉམ་པ་ཀུན་ལས་ལྷག་པོ་དགོས་པའི་སྐྱོན་སོགས་ཡོད་དོ། །
༥༽ ངོས་འཛིན་གྱི་སྐྱོན། སྤྱིར་དཀོན་མཆོག་ལ་བདེན་པ་བརྡར་ནས་ལེགས་ཉེས་ཀྱི་ཤན་འབྱེད་པ་རྒྱལ་བའི་བཀའ་མདོ་རྒྱུད་ཀུན་ནས་གསུངས་པས་སྐྱོན་མེད་ཀྱང་། དེ་ཚུལ་བཞིན་མ་བྱས་པས་རྩོད་རྙོག་ཆུ་བོའི་རྒྱུན་བཞིན་བྱུང་བ་ཡིན། ལོ་རྒྱུས་ནང་དུ་སྙོག་དྲ་ཆེས་ཆེ་བ་ནི། ཏཱ་ལའི་དྲུག་པ་པད་དཀར་འཛིན་པ་དང་། ད་ལྟའི་ཀརྨ་པ་བཅུ་བདུན་པའི་གནད་དོན་རེད། དེ་གཉིས་བཀྲུཐབས་མེད་པའི་ནག་ཐིག་ཆེན་པོ་ཞིག་དང་། གསུབ་ཐབས་མེད་པའི་ལོ་རྒྱུས་གསོན་པོ་ཞིག་ཡིན་ནོ། །
དེ་དག་རྣམ་གྲངས་བསྡུ་ན། ཆབ་སྲིད་ཀྱི་དགོས་མཁོར་དམིགས་ནས་ངོས་འཛིན་བྱས་པ་པཎ་ཆེན་བཅུ་གཅིག་པ་ལྟ་བུ། དཔལའབྱོར་གྱི་རྩོད་གླེང་བྱུང་བ་གཙོས་གསེར་ཁྲི་གཉིས་པ་ལྟ་བུ། དབང་ཤེད་ལས་བྱུང་བ་ཏཱ་ལེ་པད་དཀར་འཆང་བ་ཡེ་ཤེས་རྒྱ་མཚོ་ལྟ་བུ། ཐོབ་ཐང་གིས་རྩོད་པ་བྱུང་བ་ཀརྨ་བཅུ་བདུན་པ་ལྟ་བུ། ཕྱོགས་ཞེན་གྱིས་རྩོད་པ་བྱུང་བ་ཀོང་སྤྲུལ་གཉིས་པ་ལྟ་བུ་སྟེ། ཛི་སྒར་གོང་སྤྲུལ་ཁྲི་འདོན་ཚར་རྗེས་དགོན་པ་དང་ཐོབ་ཐང་ཕྱིར་འཐེན་བྱས་ཏེ་གནས་དབྱུང་བཏང་། ཀརྨཔའི་སྲས་ཀར་སྲས་ཀོང་སྤྲུལ་གདན་ས་ལ་བཀོད་པའི་བྱུང་བ་བཞིན་ནོ། །
གཞན་ཟན་རིལ་ལ་ཆེ་ཆུང་། འཁྲུངས་རྟགས་བཟོས་མ། སྐྱེ་ལོ་བཙན་སྦྱོར། ཞལ་ཆེམས་རྫུན་མ། ལྷ་བའི་རྫུན་ལུང་། ཆེན་པོའི་ངོ་འཛིན། བཙན་པོའི་འཇིགས་བསྐུལ། ཕྱུག་པོའི་ལྐོག་དངུལ། བདེན་རྫུན་གོ་ལྡོག རྫུན་མས་རྫུན་རྒྱབ་བཀབ་པ་སོགས་གོ་ལོ་ཐོས་ལོ་ཙམ་མིན་པར། རང་ལ་ཤིན་ཏུ་རྒྱུས་ཡོད་པའི་ཡིད་སྐྱོ་བའི་བྱ་བ་གྲངས་མང་པོ་རེ་རེ་བཞིན་ལོ་རྒྱུས་དང་དངོས་ཡོད་གནས་ཚུལ་ངོ་སྤྲོད་བྱེད་རྒྱུ་ཡོད་ཀྱང་སྡིག་པའི་སྣོད་མར་འགྱུར་བས་མི་སྨྲ་བའི་བརྟུལ་ཞུགས་དྭངས་སུ་ལེན་པ་ལ་སྤྲོའོ། །
༼༥༽ སྤྲུལ་སྐུ་དགག་དུས་ཡིན་མིན་དཔྱད་པ།
སྤྱི་ཚོགས་དང་ཆོས་རྒྱུན་ལ་སྤྲུལ་སྐུ་དགོས་པ་མེད་ཚེ་རང་བཞིན་གྱིས་རྩིས་མེད་དུ་འགྱུར་སྟེ། མི་སེར་ལ་ཆོས་དད་མེད་པའི་ས་ཕྱོགས་སུ་ཆོས་ལུགས་དར་མི་ཐུབ་པ་བཞིན་ནོ། ། སྤྱིར་སྤྲུལ་སྐུ་ངོས་འཛིན་གྱི་ལམ་ལུགས་མེད་པར་བྱས་ཏེ་མཁན་པོའམ་དགེ་བཤེས་ཀྱིས་སྐྱོང་པའི་ལམ་དུ་ཞུགས་ན་མི་རུང་བ་མེད་མོད། བོད་ཀྱི་གནས་སྟངས་དང་བོད་ཀྱི་ཆོས་དད་ལ་གཞིག་པས་རེ་ཞིག་སྤྲུལ་སྐུའི་ལུགས་སྲོལ་དེ་བསྒྱུར་ན་སྐྱོན་ཡོན་གཉིས་ལས་སྐྱོན་ཆ་ཆེ་ཚུལ་རིམ་པར་བརྗོད་ན།
༡༽ དགག་པ་བྱེད་མཁན་གྱི་གྲངས་ཉུང་བ། སྤྲུལ་སྐུ་མི་དགོས་པར་འདོད་མཁན་བོད་ཀྱི་གྲྭ་བའི་བརྒྱ་ཆའི་༣་མ་ཟིན་ཙམ་དང་། མི་སེར་གྱི་བརྒྱ་ཆའི་༢་ཙམ་ལས་ཟིན་མེད། བཙན་བྱོལ་སྤྱི་ཚོགས་དང་། གུང་ཁྲན་རིང་ལུགས་ཀྱི་ཆོས་མེད་སྨྲ་བ་རེ་གཉིས་ལས་བོད་སྤྱི་ལ་ཁྱབ་པ་ཞིག་མིན། ཕྲན་༢༠༡༠ ལོར་དགེ་ལྡན་པའི་དགོན་པ་གྲྭ་༧༠༠་ཡོད་མཁན་ཞིག་གི་ནང་དུ་འགྲོ་མྱོང་། དགོན་པའི་དོ་དམ་པ་ཕྲན་གྱི་གཉེན་འབྲེལ་ལ་འགྲོ། ཁོས་བཤད་དོན་དགོན་བདག་སྤྲུལ་སྐུ་རྒྱ་གར་ལ་ཡོད་པ་དང་། གཅིག་ནར་མ་སོན་པས། དགེ་བཤེས་ཆུང་ངུ་ཁ་ཅིག་ཡོད་ཀྱང་གཅིག་ཞབས་ལ་གཅིག་མི་འདུ་བས་དཀའ་ངལ་ཆེ་ཟེར། དགོན་པ་འདིར་ཡོན་ཏན་དང་འཇོན་ཐང་ལྡན་པའང་ཡོད་ཀྱང་གནས་སྐབས་དཔོན་མེད་དཔའ་བོ་ཁྱུ་གཅིག་ཡིན། ཐ་ན་དགོན་པའི་རྟེན་གཙོ་ཉམས་གསོ་ལའང་གྲོས་ཐག་གཅོད་མི་ཐུབ་པས། དགོན་བདག་རྒྱ་གར་ནས་ཕེབས་རྒྱུར་རེ་སྒུག་བྱས་ཡོད་ཟེར།
༢༠༠༡༢ ལོར་དུད་ཁྱིམ་༡༠༠༠ ཡོད་པའི་འབྲོག་སྡེ་ཞིག་གིས་་བླ་མའི་ཡང་སྲིད་ཆེད་གྲོས་མོལ་བྱེད་སར་འགྲོ་མྱོང་། དེའི་ནང་སྐྱ་བོའི་སྐུ་ཚབས་༥༠། སེར་མོའི་སྐུ་ཚབས་༦། བླ་བྲང་སྐུ་ཚབས་༢ འདུག ཚང་མ་མོས་པ་གཅིག་མཐུན་གྱིས་སྤྲུལ་སྐུ་དགོས་པ་ཐག་བཅད་འདུག ཕྲན་གྱིས་སྐྱ་བོའི་སྐུ་ཚབས་རྣམས་ལ་རང་རང་སོ་སོའི་མངའ་ཁོང་གི་མི་སེར་རྣམས་ལ་གྲོས་བྱས་སམ་དྲིས་པས། ཕོ་ལོ་བཅོ་བརྒྱད་ཟིན་མཚམས་ཀྱི་སྐྱེས་པ་ཀུན་ལ་གྲོས་བྱས་པས་ཐམས་ཅད་བློ་གཅིག་སེམས་གཅིག་རེད་ཟེར།
བོད་ཀྱི་མདོ་དབུས་ཁམས་གསུམ་ལ་གཞིག་ན། དབུས་གཙང་རྣམས་ཐུགས་སྒམ་པས་གྲྭ་བས་སྤྲུལ་སྐུ་དགག་པ་རྒྱག་མཁན་ཉུང་། སྐྱ་བོ་ཀྱང་མངོན་གྱུར་པར་དཀོན། ཁམས་ཕྱོགས་ནས་རྫོང་གསར་བཤད་གྲྭའི་མཁན་པོ་ཁ་ཅིག་དང་། བླ་རུང་གིས་མཁན་པོ་ཁ་ཤས་རེད། གཙོ་བོ་དཀར་མཛེས་ཁུལ་གཅིག་པོའི་གྲྭ་བའི་བརྒྱ་ཆའི་༡༠ དང་། སྐྱ་བོའི་བརྒྱ་ཆའི་༢ ལ་སླེབས་ཙམ་ཡིན། འདི་ཕྱོགས་སྤྲུལ་སྐུ་དགག་མཁན་ཆེས་མང་པའི་ས་ཁུལ་ཞིག་རེད།
ཨ་མདོའི་ཕྱོགས་ན་འུར་སྒྲ་ཆེ་ཡང་གལ་ལ་གཏུག་ན་མང་ཆེ་བ་ཆོས་དད་མེད་པའི་སློབ་མའི་སྡེ་ཚན་ལས་བྱུང་བ་ཞིག་ཡིན། གྲྭ་བ་སོ་སོའི་སྤྲུལ་སྐུ་་མི་དགོས་ཟེར་མཁན་བརྒྱ་ཆའི་༡་ལ་སླེབས་ཡོད་མེད་ཡིན། གཞན་གྱི་སྤྲུལ་སྐུར་སྐྱོན་བརྗོད་ནི་ཆར་བ་འབབ་འབབ་རེད། གཞན་ལ་དག་མི་སྟེར་བ་རྩོད་གྲྭ་རྣམས་ཀྱི་གཤིས་ཀ་ཞིག་ཡིན་པས་ཐུགས་དམ་སྙིང་པོ་མིན་པའི་ཡིད་ཆེས་ཡོད།
༢༽ གཞན་ཟེར་གྱིས་ཐག་གཅོད་མི་ནུས་པ། བོད་དུ་ལྟ་ལོག་པའི་ཁྱུ་ཚོགས་རྡོལ་ནས་ཡོད། མང་ཆེ་བ་ཨ་མདོ་དང་། དེའང་དམར་པོའི་ལྟ་བའི་སློབ་གསོའི་འོག་མཚར་ལོང་བྱུང་བ་དག་རེད། འགའ་ཞིག་གི་རྒྱབ་རྩ་ལ་སྲིད་དོན་པ་རྣམས་ཡོད་པ་དང་། འགའ་ཞིག་ཆོས་མེད་ཀྱི་ལྟ་བར་ཡིད་ཆེས་དྲག་པ། འགའ་ཞིག་མི་རྗེས་ཁྱི་འབྲངས་ལྟ་བུ་རེད། དེ་དག་གིས་སྤྲུལ་སྐུ་ཕར་ཞོག་ནང་ཆོས་ཀྱང་དུག་རྫས་སུ་ངོས་འཛིན་གནང་གི་ཡོད། ཆོས་མེད་སྨྲ་བར་ཆོས་དད་བྱེད་ཚུལ་ཀྱི་སློབ་གསོ་གཏོང་བའི་དབང་ཆ་མེད་ལ། གཞན་གྱི་ཆོས་ལུགས་ལ་བརྩི་བཀུར་མེད་པར་མ་ཟད་སྨོད་པ་བྱེད་པ་ནི་བཟང་སྤྱོད་ལས་ཉམས་ཤིང་ཁྲིམས་འགལ་ཡང་ཡིན།
ནང་པ་མིན་བཞིན་ནང་པའི་ཆོས་ལུགས་ལ་ཐེ་གཏོགས་བྱེད་པ་ནི། ཁ་ཆེའི་སློབ་དཔོན་གྱིས་ནང་པ་ལ་སློབ་སྟོན་བྱེད་པ་དང་གཉིས་སུ་མེད་པས། དེའི་ཅི་བཤད་ཀྱི་ཁ་ལ་ཉན་ན་ནམ་ཞིག་རིག་གནས་གསར་བརྗེའི་ལས་འགུལ་ཞིག་ཀྱང་མི་ཡོང་པའི་ངེས་པ་མེད། འདི་རིགས་ཀྱི་དཔྱད་བརྗོད་ལས་འགུལ་བོད་ཀྱི་ཆོས་སྲིད་མཐུན་སྒྲིལ་བཅས་པར་ཡོངས་སུ་གནོད་པའི་བྱ་བ་ཡིན་པས་གཟབ་པར་འཚལ།
༣༽ ཆོས་ལུགས་ལ་གཏོར་བཤིག་གཏོང་པ། དོལ་རྒྱལ་ལྟ་བུའི་དུས་ཡུན་ཐུང་ཞིང་། ཆོས་རྒྱུན་སྤྱི་ལ་མ་ཁྱབ་པའི་ཚོགས་པ་ཞིག་གིས་འདི་ལྟར་འཁྲུགས་རྩོད་སློང་ཐུབ་ན། ལོ་རྒྱུས་རིང་ཞིང་མི་མང་ལ་ཤ་དང་ཁྲག་བཞིན་གོམས་གཤིས་བརྟན་པའི་དད་མོས་ཞིག་བསྒྱུར་བཅོས་འཔྲལ་དུ་གཏོང་དགོས་ན་འཁྲུགས་རྩོད་གནམ་ས་འཐབ་པ་ལྟ་བུ་ཞིག་འབྱུང་དགོས་པ་ནི་སྨྲོས་མ་དགོས། སྤྲུལ་སྐུ་ལ་ཡིད་ཆེས་མཁན་གྱི་སྡེ་ཚན་གཅིག་དང་། སྤྲུལ་སྐུ་མི་དགོས་མཁན་སྡེ་ཚན་གཅིག་ཆགས་ནས་དགོན་པ་རྣམས་དུམ་བུར་འགྲོ་བ་ལ་ཚེགས་མེད་དེ། ཉེ་བའི་ལོ་༣༠་རིང་དགོན་པ་གསུམ་ལ་འདི་འདྲའི་གནད་དོན་བྱུང་མྱོང་པའོ། །རེ་ཞིག་སྤྲུལ་སྐུའི་དོན་རྐྱེན་རང་སར་མ་བཞག་ན་བསྟན་པ་དཀྲུགས་པའི་བདུད་ལས་བསམ་བཞིན་བྱས་པ་དང་ཁྱད་པར་མེད་དོ། །
༤༽ དམ་ཉམས་ཀྱིས་ས་སྟེང་གང་བར་འགྱུར་པ། སྤྲུལ་སྐུར་གྲགས་པ་ཕལ་མོ་ཆེས་དབང་ལུང་ཁྲིད་གསུམ་གནང་གིས་ཡོད། སློབ་མ་མང་ས་ན་འབུམ་ཕྲག་ཁ་ཤས་ནས་ཆུང་ས་ན་སྟོང་པྲག་ཁ་ཤས་ཡོད་པར་ངེས། དེ་དག་གི་བར་ཏུ་དམ་ཚིག་ཡོད། ཁས་ལེན་ཡོད། དཔོན་སློབ་ཀྱི་འབྲེལ་བ་ཡོད། ངོ་ཤེས་དང་གྲོགས་པོའི་བཟང་འབྲེལ་ཡོད། རྙེད་བཀུར་དང་གནང་སྦྱིན་གྱི་བཀའ་དྲིན་བརྩི་རྒྱུ་ཡོད། མི་རབས་བར་གྱི་འབྲེལ་བ་ཡོད། འདི་འདྲའི་འབྲེལ་བ་ཟབ་མོ་ཞིག་མཆིལ་མ་བོར་བ་བཞིན་དུ་འཕེན་ཐུབ་པ་ཞིག་གཏན་ནས་མིན་ལ། གལ་ཏེ་གནས་ཚུལ་འདི་བྱུང་བ་ཡིན་ན་ཆོས་ཕྱོགས་ནས་དམ་ཉམས་ཀྱིས་ལུང་པ་གང་བ་དང་། འཇིག་རྟེན་གྱིས་བྱས་པ་ལ་དྲིན་དུ་བཟོ་བའི་མི་ཆོས་ལས་འདས་པའོ། །
༥༽ བོད་ཀྱི་སྤྱི་ཚོགས་སིལ་བུར་འཐོར་བ། སྤྲུལ་སྐུ་རྣམས་རང་ས་ན་མི་སེར་ཚོར་དྲིན་བརྩི་རྒྱུ་ཡོད་ལ། བླ་སློབ་ཀྱི་དམ་ཚིག་ཀྱང་ཡོད། དེའི་ཆེད་དུ་སྲོག་བློས་གཏོང་ཐུབ་མཁན་ཡང་མི་ཉུང་པ་ཡོད། སོ་སོའི་ས་ན་ངའི་བླ་མ་ལས་ལྷག་མེད་སྙམ་པའི་ང་རྒྱལ་དེ་བོད་ཀྱི་སྤྱི་ཚོགས་མཐའ་དབུས་ཀུན་ལ་ཁྱབ། བོད་ཀྱི་སྤྱི་དོན་སྒྲུབ་མ་ནུས་ཀྱང་རང་སའི་བླ་མ་བརྩི་རྒྱུ་དང་རང་སྡེ་ཕུ་ནུ་སྐྱོང་རྒྱུ་ངའི་ལས་འགན་ཡིན་སྙམ་པའི་སློབ་གསོ་དང་ཆོད་སེམས་བོ་མི་མང་པོ་ཞིག་ལ་ཡོད་པས། སྤྲུལ་སྐུ་གཏན་མེད་ཀྱི་ལས་འགུལ་སྤེལ་བ་ཡིན་ན། བོད་ཆིག་སྒྲིལ་ཕར་ཞོག་རང་ས་ནས་ཆེན་པོ་ལ་རྒྱབ་སྐྱོར་ཅི་ཐུབ་ཀྱིས། ཁྱོད་ཀྱིས་དེ་ཀྱིས་དང་ངས་འདི་བྱེད་ཅེས་སོ་སོའི་ས་ནས་རང་མགོ་འདོན་ཐག་ཆོད་ཡིན་པས། ད་དུང་སྤྲུལ་སྐུ་དགག་པའི་དུས་ལ་སླེབས་མེད་པར་མ་ཟད། ཆོས་ལུགས་དང་སྤྱི་ཚོགས་སིལ་བུར་གཏོར་བས་རྐྱེན་དུ་འགྲོ་ངེས་རེད་སྙམ།
ད་ལྟ་རང་རེ་ལ་དགོས་པ་ཆིག་སྒྲིལ་རེད། ནམ་ཞིག་སྲིད་གཞུང་བརྟན་པོ་ཆགས། མི་སེར་གྱི་གོ་རྟོགས་མཐོན་པོར་སླེབས་དུས་སྤྲུལ་སྐུ་རྣམས་རང་བཞིན་གྱིས་མེད་པར་འགྱུར་སྲིད་ལ། གལ་ཏེ་ལས་འགུལ་སྤེལ་ཀྱང་ཆག་སྒོ། རྩོད་གླེང་། འཁྲུགས་པ། དཀའ་ལས། ཕམ་ཁ་ཆེན་པོ་ཉོ་མི་དགོས་པས། སྐབས་དེར་དུས་དང་བསྟུན་ན་མི་རུང་བ་མེད་པར་མངོན་ནོ། །
༼༦༽ སྤྲུལ་སྐུའི་ཡོན་ཏན་ལ་དཔྱད་པ།
སངས་རྒྱས་བྱང་འཕགས་ཀྱི་སྤྲུལ་སྐུའི་གསང་བ་གསུམ་གྱི་ཡོན་ཏན་ཕྲན་ལྟ་བུའི་དཔྱད་པའི་ཡུལ་དུ་མ་གྱུར་བས་འདིར་བརྗོད་བྱ་ཡངམིན། བོད་དུ་དར་བའི་སྤྲུལ་སྐུའི་འཇིག་རྟེན་ལྟར་སྣང་གི་མཛད་པར་དཔག་པས་ཅུང་ཟད་བརྗོད་ན། །སྤྲུལ་སྐུ་ངོས་འཛིན་ཆེས་མང་པོ་གནང་མཁན་༧གོང་ས་མཆོག་དང་། གཉིས་པ་སི་ཏུ་རིན་པོ་ཆེ། གསུམ་པ་མཁན་པོ་ཨ་ཁྱུགས། བཞི་བ་པད་ནོར་རིན་པོ་ཆེ། ལྔ་བ་ས་སྐྱ་གོང་མ། རང་སའི་བླ་སྤྲུལ་གྱིས་ངོས་འཛིན་གནང་པའང་མི་ཉུང་བ་ཡོད་དོ། །དེ་ལ་དད་མོས་ཡོད་མཁན་རྣམས་ཀྱིས་དེ་དག་གིས་མི་བསླུ་བ་དང་། རྫུན་མི་གསུང་པའི་ཡིད་ཆེས་ཡོད་པས་ངོས་འཛིན་བྱེད་མཁན་དེར་དད་མོས་ལ་འགྱུར་བ་མ་སླེབས་བར་སྤྲུལ་སྐུ་ལ་འགྱུར་བ་འགྲོ་མི་སྲིད། །
སྤྲུལ་སྐུ་ནི་མི་མང་དང་དགོན་སྡེའི་དགོས་མཁོ་ཁོ་ནས་རྒྱུ་རྐྱེན་ལས་བྱུང་བ་ལས། སྤྲུལ་སྐུ་ཁོ་རང་ལ་མཁོ་ནས་བྱུང་བ་ཞིག་མིན། དཔེར་ན། ཀརྨ་བཅུ་གསུམ་པས་ཕྱིས་སུ་ཕྲིན་ལས་ཞྭ་དམར་པས་སྐྱོང་པ་ལས་སྤྲུལ་སྐུ་མེད་པར་གསུངས་ཀྱང་། སློབ་མའི་དད་གུས་ལ་བརྟེན་གསོལ་བ་བརྟེན་ཏེ་སླར་ཡང་ངོས་འཛིན་བྱུང་བ་དང་། ཀུན་མཁྱེན་འཇམ་དབྱངས་བཞད་པས་སྤྲུལ་སྐུ་མེད་པར་གསུངས་པས་རྩོད་གླེང་འོག་བཀྲ་ཤིས་འཁྱིལ་དགོན་པ་དང་བསྭེ་ཚང་ཕྱོགས་གཉིས་སུ་གྱེས་དགོས་ཐུག་ཀྱང་། མཐར་འཇིགས་མེད་དབང་པོ་ཁྲིར་བཀོད་པ་དང་། རྫ་དཔལ་སྤྲུལ་གྱིས་སྤྲུལ་སྐུ་མེད་པར་གསུངས་ཀྱང་ཕྱིས་སུ་ཡང་ངོས་འཛིན་གནང་བ་དང་། རྡོ་སྦས་ཤེས་རབ་ཀྱིས་སྤྲུལ་སྐུ་མེད་པར་གསུངས་ཀྱང་ད་ལྟ་ངོས་འཛིན་གནང་གྲུབ་པ་ལྟ་བུའོ། །
༡༽ ངོས་འཛིན་ཐད། རྩོད་པ་ཡོད་པའི་སྤྲུལ་སྐུ་ཆོས་རྒྱུན་རེའི་ནང་དུ་ཆ་སྙོམ་༢༠་རེ་ཡོད་པའི་དབང་དུ་བྱས་ན་ཆོས་རྒྱུན་ཆེན་པོ་བཞིའི་བརྒྱ་ཆའི་གཅིག་ལ་སླེབས་མི་ཐུབ། བྱིང་མི་མང་མིག་སྔར་རྩོད་མེད་ཀྱི་དད་མོས་བྱེད་པའི་ཡུལ་དུ་གྱུར་པས་ཡོན་ཏན་ལྷག་མར་གྱུར་པའོ། །
༢༽ ཤེས་ཡོན་ཐད། དམིགས་བསལ་ཡོངས་འཛིན་སོགས་ཀྱིས་བསྐྱེད་བསྲིང་བྱས་པས་ཕལ་མོ་ཆེར་ཡོན་ཏན་མི་དམན་པ་ཡོད། དགེ་ལུགས་དང་ས་སྐྱའི་སྤྲུལ་སྐུ་བརྒྱ་ཆའི་༩༠ ཤེས་ཡོན་པ་ཡིན། བཀའ་རྙིང་གཉིས་ཀའི་བརྒྱ་ཆའི་༧༠ ཙམ་ཤེས་ཡོན་པ་ཡིན། འདི་སྐུ་སྐྱེ་ངོས་འཛིན་ཡོད་པའི་དབང་དུ་བྱས། རིན་པོ་ཆེ་ཞེས་གྲགས་པའི་རྡོ་རྗེ་སློབ་དཔོན་དང་གདུང་བརྒྱུད་བརྩིས་མེད། རང་རེའི་སྤྱི་ཚོགས་དང་གྲྭ་བའི་ཤེས་ཡོན་ལ་དཔག་པས་སྤྲུལ་སྐུ་ཤེས་ཡོན་དམན་པའི་རིགས་གྲངས་ཉུང་ཡིན་པ་འདྲ། འདི་ནི་རྒྱུས་ཡོད་ཀྱི་བླ་སྤྲུལ་ཚོའི་ཤེས་ཡོན་ལ་དཔག་པ་ལས་བོད་སྤྱིའི་གྲངས་ལ་བསྡུར་མ་ཐུབ།
༣༽ བསྟན་པ་ཉམས་གསོ། བསྟན་པ་སླར་དར་དུས་འདིར་༧རྒྱལ་བ་ཕཎ་ཆེན། ས་སྐྱ་འབྲི་གུང་། འབྲུག་པ། གུང་ཐང་ཚང་། འཇིགས་མེད་ཕུན་ཚོགས། པད་ནོར་རིན་པོ་ཆེ། ཨ་ཁྱུག་ཚང་སོགས་བོད་ཕྱི་ནང་ནས་བཤད་སྒྲུབ་བསྟན་གཞི་དགོན་གནས་འཛིན་སྐྱོང་དར་སྤེལ་མཁན་ཕལ་ཆེར་སྤྲུལ་སྐུ་རེད།
༤༽ རྟེན་བཞེངས་ཀྱི་མཛད་རྗེས། རིག་གསར་རྗེས་བོད་ཀྱི་དགོན་སྡེ་ཕལ་མོ་ཆེ་གྱང་རལ་དུ་གྱུར་ན་ཡང་། ལོ་༣༠ རིང་རྟེན་གསུམ་འཛུག་བསྐྲུན་ཉམས་གསོ་གནང་མཁན་བརྒྱ་ཆའི་༩༥ སྤྲུལ་སྐུ་རེད། དེ་བཞིན་པྱི་གླིང་ཡུལ་དུ་བསྟན་པ་སྤེལ་བའི་སྐྱེས་བུ་ཕལ་མོ་ཆེ་ཡང་སྤྲུལ་སྐུ་རྣམས་ཀྱི་ཕྲིན་ལས་སོ། །
༥༽ སློབ་གསོའི་བྱས་རྗེས། བོད་ཕྱི་ནང་ཀུན་ཏུ་སློབ་གྲྭ་མི་ཉུང་པ་ཡོད་པའི་ཕལ་མོ་ཆེ་སྤྲུལ་སྐུ་ཚོས་བཙུགས་པ་དང་། དེ་བཞིན་སྤྱི་ཚོགས་ལ་སློབ་སྦྱོང་གལ་ཆེ་བའི་སྐོར་བཀའ་སློབ། འབོད་བསྐུལ། འགྲོ་སོང་གཏོང་མཁན་སྤྲུལ་སྐུ་ཚོ་རེད། ཉེ་དུས་འདིར་ཁམས་མགོ་ལོག་ཕྱོགས་སུ་མཁན་པོ་ཚུལ་ཁྲིམས་བློ་གྲོས་དང་། བསོད་དར་རྒྱས། ཨ་མདོ་ལ་འཇིགས་མེད་རྒྱལ་མཚན་དང་། ལྡོང་ཡོན་ཏན་སོགས་གཞོན་སྐྱེས་རེ་གཉིས་བྱུང་བ་དམིགས་བསལ་ལོ། །
༦༽ སྤྱི་ཚོགས་ཕན་བདེའི་བྱས་རྗེས། མཐུན་སྒྲིལ་ཕྱོགས་ནས་སྤྲུལ་སྐུ་ཕན་ཚུན་བར་འཁྲུགས་རྩོད་ཤོར་བའི་སྤྲུལ་སྐུའི་གྲངས་དང་བསྡུར་ན་བརྒྱ་ཆའི་༡་ལ་སླེབས་མེད་པས་བླ་མ་བར་གྱི་མཐུན་སྒྲིལ་ལེགས། ཆོས་རྒྱུན་གྱི་ཕྱོགས་རིས་མེད་ཟེར་བ་དཀའ་ཡང་གཙོ་ཆེ་ས་ནས་ཉེ་དུས་སུ་འགལ་བ་ཆེར་མེད། བོད་ཀྱི་རྩ་དོན་ལ་སྲོག་རྩ་འཛིན་མཁན་གྱི་ཡ་གྱལ་གཅིག་ཡིན། དབུལ་སྐྱོབས། དྭ་ཕྲུག་གསོ་སྐྱོང་། སྨན་ཁང་དང་རྒན་གསོ་ཁང་སོགས་སྤྱི་ཚོགས་ལ་སྨན་པའི་བྱ་བའང་་མི་ཉུང་པ་བྱས་ཡོད། །འཁོར་ཡུག་སྲུང་སྐྱོབས་དང་། རྩ་ཆེའི་སྲོག་ཆགས་སྲུང་སྐྱོབ་པྱོགས་ལའང་ས་གནས་སོ་སོར་སྤྲུལ་སྐུ་ཚོའི་དབུ་ཁྲིད་དེ་ཕྱག་ལས་གནང་བ་མཐོང་བས། དགོན་སྡེ་དང་སློབ་གསོའི་མ་དངུལ་ཆེད། ཟ་ཁང་དང་། མགྲོན་ཁང་། ཚོང་ཁང་སོགས་དཔལ་འབྱོར་གྱི་ཡོང་ཁུངས་ཀྱང་རྒྱ་མི་ཆུང་བ་གནང་འདུག་པས་རིན་པོ་ཆེ་ཞེས་གྲགས་པའི་མཚན་དོན་མཐུན་ཞིང་། རྒྱལ་སྲས་བྱང་ཆུབ་སེམས་དཔའི་གོ་ཆ་བདག་གིར་བཞེས་པ་སྟེ། སྤྱོད་འཇུག་ལས།
སེམས་ཅན་པོངས་ཤིངདབུལ་བ་ལ། །
བདག་ནི་མི་བཟད་གཏེར་གྱུར་ཏེ། །
ཡོ་བྱད་མཁོ་དགུ་སྣ་ཚོགས་སུ། །
མདུན་ན་ཉེ་བར་གནས་གྱུར་ཅིག །ཅེས་དང་།
ཡིད་བཞིན་ནོར་དག་བུམ་པ་བཟང་། །
རིག་སྔགས་གྲུབ་དང་སྨན་ཆེན་དང་། །
དཔག་བསམ་གྱི་ནི་ཤིང་དག་དང་། །
ལུས་ཅན་རྣམས་ཀྱི་འདོད་འཇོར་གྱུར། །ཅེས་པའི་ཐུགས་སྨོན་དང་རྗེས་སུ་མཐུན་པའི་མཛད་པ་རླབས་པོ་ཆེ་སྣ་ཚོགས་གནང་དང་མཛད་བཞིན་པའོ། །སྨྲས་པ།
འདི་ནི་དྲི་མེད་རྒད་པོའི་གསང་སྨན་སྟེ། །
ཕྱོགས་གཅིག་ཞེན་པའི་དམུས་ལོང་མིག་ལ་སྨན། །
ལྷག་བསམ་ཐགས་སུ་བཏགས་པའི་དར་དཀར་ལས། །
ཞེན་ལྟས་འདྲེན་བྱེད་གཡོགས་པའི་མིག་རས་མིན། །
ཞེས་བྲག་གཡབ་སྐྱབས་མགོན་གྱིས་གསུང་གི་སེར་བུ་ཅུང་ཟད་ཕོག་པའི་མུར། རྣམ་རྟོག་གི་སྤྲིན་ཚོགས་གློ་བུར་ཏུ་གཡོས་ཏེ། སྨྱོ་གཏམ་གཡོས་བླུགས་མ། གང་དྲན་དུམ་དུམ་ཁྲིགས་སུ་ལྡེབས་པ། དམུས་ལོང་མིག་འབྱེད་ཅེས་སྤྲུལ་སྐུ་ལ་དཔྱད་པ་རེ་ཞིག་རྫོགས་སོ། །མངྒ་ལཾ། །
༼བྲེལ་བ་ཆེ་སྒང་དུ་ཁེལ་བས་ཡིག་ནོར་མང་པོ་ཤོར་པར་དགོངས་འགལ་མེད་པར་ཞུ།༽
ལེགས་རྩོམ་འདི་དཀྱུས་གཅིག་ཏུ་བཀོད་དེ་སྤེལ་བ་དུས་ཐོག་ཆར་བ་རང་རེད།
སྤྲུལ་སྐུའི་ལམ་ལུགས་ཕྱོགས་ནས་དྲང་ཚུགས་ངང་དཔྱད་བརྗོད་སྤེལ་བར་ངོ་སོ་བསྟོད། ལར་ནས་བོད་བརྒྱུད་ནང་ཆོས་ལ་བླ་མའི་ཆོས་ལུགས་ཞེས་བརྗོད་ཀྱིན་པ་ལ་ཡང་རྒྱུ་མཚན་མེད་པ་མིན།
ལེགས་བཤད་དེ་དཀྱུས་གཅིག་ཏུ་བཀོད་པར་ཁ་བརྡ་ཚང་བཀའ་དྲིན་ཆེ་ཞུ། ཡུལ་གངས་ལཐཇོངས་ཀྱི་མཁས་དབང་དྲི་མེད་ལྷག་བསམ་འདི་མིང་དོན་མཚུངས་པའི་མཁས་དབང་ཕྲིན་ལས་ཅན་རེད། དེ་མིན་ངོ་མ་སྤྲུལ་སྐུ་མི་དགོས་བཤད་པ་འདི་དག་བསྟན་དཀྲུག་གི་ཏེ་བོ་རེད། སོ་སོར་སྤྲུལ་ས་བསྡད་མ་ཐུབ་ནས་གཞན་ལ་ཟུར་ཟ་མཁན་སྤྱི་ཚོགས་ལ་ཕན་སེམས་མེད་པའི་ལས་འགུལ་དང་ཆིག་སྒྲིལ་དང་ཆོས་ལུགས་པའི་སྒབ་འདྲེའི་རང་རྟགས་ངོམས་པ་རེད། བདེན་རྫུན་འབྱེད་པ་ཡག་པོ་རེད་མ་གཏོགས། རྒྱལ་པན་མ་གཏོགས་ན་ནིང་ཨ་ཀོང་བསད་པ་བཞིན་ཚར་གཅོད་དགོས་བཤད་ན་མའོ་ཀྲུ་ཞུ་ལས་གདུག་རྩུབ་ཅན་ཞིག་དང་དོལ་འདྲེ་ལས་སྡུག་གཅིག་མ་ཡིན་ནམ།
ཡུལ་གངས་ལྗོངས་ཀྱི་མཁས་དབང་དྲི་མེད་ལྷག་བསམ་འདི་མིང་དོན་མཚུངས་པའི་མཁས་དབང་ཕྲིན་ལས་ཅན་རེད། གཞན་རས་སུག་རྐུ་མའི་སུག་གེ་བཞིན་དུ་ཀློང་ཆུང་ལྟ་བུ་སོགས་དང་མི་འདྲ་བར་ཤེས་དགོས་པ་གལ་ཆེའོ།།
ཡག་པོ་བྲིས་འདུག དཔྱད་པའི་ཁ་ཕྱོགས་ཀྱང་ད་ལྟ་དྲང་ཕྱོགས་སུ་བསྡད་འདུག ངས་བྱས་ན་སྤྲུལ་སྐུ་ངོས་འཛིན་ལམ་ལུགས་དེས་སྤྱི་ལ་ཁེ་གྱོང་གཉིས་ཀ་བྱུང་ཡོད། ཡིན་ནའང་དེང་སང་གྱོང་ཆེ་བ་ཡོད། ལམ་ལུགས་དེ་ང་ཚོས་བཀག་ཐུབ་ཀྱི་མ་རེད། དེ་ལས་ལམ་ལུགས་དེ་རང་ཤི་རྒྱག་བཅུག་ན་ཡག་ཤོས་རེད། སྤྲུལ་སྐུ་ངོས་འཛིན་ག་ཚོད་མང་མང་བྱེད་བཅུག ཕ་དང་མའི་ཡང་སྲིད་ངོས་འཛིན་བྱས་ཀྱང་བྱེད་བཅུག ཚང་མ་སྤྲུལ་སྐུ་བྱེད་བཅུག་ན་མ་རེད་པས།
ཕྱེད་ཀ་བཀླགས་པ་ཡིན་དངོས་ནས་བྲོ་བ་འདུག
མཁས་པས་བཤད་ན་ཅིར་ཡང་བདེན་ཟེར་བ་བཞིན་སྣང་ངོ་། སྤྲུལ་སྐུའི་ལམ་ལུགས་རང་བཞིན་གྱིས་ཉམས་ན་མ་གཏོགས་ཁྱད་དུ་དགག་ན་བོད་སྤྱི་ཚོགས་ཀྱི་ཁྲོད་དུ་བདེ་འཇགས་ཡོང་མི་སྲིད་པ་རེད།།
ཧ་ཅང་ལེགས། ངོ་མ་དཔྱད་གཏམ་གནད་ལ་ཁེལ་བ་ཞིག་རེད། བཀའ་དྲིན་ཆེ།
བོད་འདི་རྨོངས་གཉིད་ལས་མ་སད་པའི་བར་དང། བོད་རྒྱུད་ནང་བསྟན་གྱི་ཆོས་རྒྱུད་ནང་ཁུལ་དུ་ཁྱོད་ཆེ་ང་ཆེའི་འགྲན་རྩོད་ཀྱི་རྣམ་འགྱུར་དེ་མ་རྫོགས་པའི་བར་དུ་ནམ་ཡང་སྤྲུལ་སྐུའི་ལམ་ལུགས་མེད་པར་བཟོ་མི་ཐུབ། སྔོན་ནས་ད་བར་བོད་ཀྱི་ལོ་རྒྱུས་ལ་ལྟ་དུས་ཆོས་ལུགས་ནང་ཁུལ་དུ་དབང་བསྒྱུར་བྱེད་ཆེད་དུ་རྒྱ་དཀར་ནག་སོག་པོ་ལས་སོགས་ལ་རྒྱབ་བཅོལ་དང་རྒྱ་ནག་གོང་མ་ཡན་ཆད་སྤྲུལ་སྐུར་ངོས་འཛིན་གྱིས་མཐར་བོད་འདི་གནས་ཚུལ་འདི་འདྲ་ཞིག་ལ་ལྷུང་བ་རེད། དེ་བཞིན་སྤྲུལ་སྐུར་གཙིགས་མཐོང་བྱེད་བོད་རྨོངས་དད་པ་དེ་ཚོ་ཡིན་པ་ལས་སྤྲུལ་སྐུ་གཅིག་པོར་ངན་ཁག་གཡོགས་ས་མེད། འོག་ན་གཙིགས་བསྐུར་བྱེད་མཁན་མེད་ན་གོང་ནས་འགྱིང་ངམ་སྟོན་ས་མེད། གཉིས་ཀས་སྐྱོན་ཡིན། འོན་ཀྱང་སྤྲུལ་སྐུ་བཟོ་མཁན་གྱི་བཟོ་གྲྭ་ཆེ་ཁག་སྐད་གྲགས་ཡོད་པ་རྣམས་སྒོ་རྒྱབ་དགོས་པ་ལས་བཟོ་གྲྭ་ཆུང་རིགས་ལ་ཉོག་བཤད་བྱས་པས་ཕན་པ་གང་ཡང་མེད།
བྲག་གཡབ་ཚང་གིས་ཡག་པོ་གསུང་འདུག ཡིན་ནའང་རྒྱལ་པཎ་གཉིས་དམིགས་བསལ་འཇོག་དགོས་དོན་གང་ཡིན་ནམ། ནང་རྟོགས་ཀྱི་ཡོན་ཏན་གལ་ཆེ་ཤོས་བྱ་དགོས། བླ་བྲང་གི་དབང་ཚད་གཙོ་ཆེར་བྱ་མི་རུང་ཞེས་བཤད་བཤད་ཀྱི་མཐར། རང་ཉིད་བླ་བྲང་ཆེ་ཤོས་གཉིས་ལ་དམ་པོར་འཇུས་འདུག གོང་འོག་གི་གསུངས་སྟངས་ལ་བལྟས་ན་དེ་དྲངས་དོན་ཡིན་པ་འདྲ་འདུག ཡང་ན་སྒྲུབ་པ་ཉམས་ལེན་ལ་རྒྱལ་པན་གཉིས་ལས་ལྷག་པ་ཞིག་མེད་པ་ཁོང་གིས་མཐོང་བ་ཨེ་ཡིན་ན།
མཆན་བུ་ལྔ་པ་བཀྲ་ཤིས་ཀྱིས་བཤད་སྟངས་འདི་སྤྲུལ་སྐུའི་ལམ་སྲོལ་གྱི་བཤིག་པའི་འབར་རྫས་སྲིད་ན་འགྲན་ཟླ་དང་བྲལ་བ་ཞིག་རེད་འདུག་དྲན། རིགས་པ་འདི་ལ་ཁ་དར་རིང་ཐག་ཆོད་ཅིག་ཕུལ།
བྲག་གཡབ་རིན་པོ་ཆེའི་གསུང་བཤད་དེ་ཧ་ཅང་འཐད་པ་བྱུང་། ལྷག་པར་དུ་ཁོང་ཡང་སྤྲུལ་སྐུའི་ཐོབ་ཐང་ཡོད་མཁན་ཞིག་གིས་གསུང་ཡོང་དུས་གནད་འགག་ཆེན་པོ་ཞིག་རེད། ཁོ་རང་གིས་སྤྲུལ་སྐུ་ལམ་ལུགས་མི་དགོས་པའི་རྒྱུ་མཚན་དེ་དག་ཡང་དག་པ་ཞིག་རེད། སྤྲུལ་སྐུ་ཁ་ཤས་བསྟན་པ་ལ་ཞབས་འདེགས་ཆེན་པོ་གནང་གི་ཡོད་པ་ཡང་དངོས་པོའི་གནས་ཚུལ་རེད། ཁ་ཤས་ཀྱིས་ཞབས་འདྲེན་ཧ་ཅང་ཆེན་པོ་ཞུ་གི་ཡོད་པ་ཡང་བདེན་པ་རེད། དེར་བརྟེན་དེ་གཉིས་མང་ཉུང་མཚུངས་བསྡུར་གནང་ཡོང་སྐབས། ཞབས་འདྲེན་ཞུ་མཁན་བརྒྱ་ཆ་བརྒྱུད་ཅུ་ཙམ་ཟིན་ཡོང་དུས། ད་ལམ་ལུགས་དེ་དགོས་ཡ་མི་འདུག་འགྱུར་བ་ཞིག་གཏོང་དགོས་རྒྱུ་འདུག་ཟེར་གི་ཡོད་པ་རེད། དེ་ནི་སྤྱི་ཡོངས་ཐོག་ནས་བསམ་གཞིག་གནང་བའི་གནས་ཚུལ་ཡིན་པས་ང་ཚོས་ཁས་ལེན་གནང་ན་འགྲིག་གི། སྤྲུལ་སྐུ་ལམ་ལུགས་འདི་དང་པོ་ནས་མགོ་བརྩམས་གནང་སྐབས་དཔལ་འབྱོར་དང་སོ་སོའི་སྦྱིན་བདག་གཞན་ལ་མི་ཤོར་ཆེད་དང་། དབང་དང་གོ་ས་བརྟན་པོ་ཟིན་ཡ་ཆེད་ཡིན་པ་གསལ་བོ་རེད། དེར་བརྟེན་ནང་བའི་ཆོས་དང་དེ་ཙམ་འབྲེལ་བ་མི་འདུག། ལྷག་ཏུ་ད་ལྟ་ཚང་མས་རྟ་རྒྱུག་འགྲན་བསྡུར་བྱེད་པ་ལྟར་ཆོས་ལུགས་ཆོས་རྒྱུད་ཁག་དང་། ལུང་ཚན་ལུང་ཚན། གྲྭ་ཚང་གྲྭ་ཚང་ཁག་ཚང་མས་འགྲན་བསྡུར་ཧ་ཅང་ཆེན་པོ་གནང་བཞིན་པར་བརྟེན་སྐྱོན་གྱི་གོང་བུ་ཅིག་ཆགས་ཡོད་པ་རེད། འདིའི་ནང་གི་དྲ་གྲོགས་མང་པོ་ཅིག་གིས་དགེ་ལུགས་དང་། རྙིང་མ་། བཀའ་རྒྱུད།་ས་སྐྱ་སོགས་ཀྱི་ཕྱོགས་ཞེན་ཧ་ལའི་དུག་ལྟ་བུ་འཁུར་ནས་ཚིག་སྐྱོན་ཙམ་ལ་ཡང་སྐད་ངན་ནམ་མཁར་མི་ཤོང་བ་རྒྱག་པ་ནང་བཞིན་སྤྲུལ་སྐུ་ལམ་ལུགས་ཡང་དེ་ལྟར་བྱུང་བ་ཞིག་རེད། འོན་ཀྱང་ང་ཚོས་སྤྲུལ་སྐུ་ལམ་ལུགས་མེད་པར་བཟོ་ན་ཡག་པོ་འདུག་ཟེར་བ་ཙམ་གྱིས་བཟོ་མི་ཐུབ། གང་ཡིན་ཟེར་ན་རྒྱ་ཆེའི་མི་མང་བྱིངས་ཀྱིས་སྤྲུལ་སྐུ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་ཡོད་པ་མ་ཟད། ཤི་ན་རྣམ་ཤེས་འདྲེན་མཁན་དང་། གསོན་དུས་འདྲེ་དང་ནད་གདོན་སོགས་ཀྱི་གནོད་པ་ལས་སྐྱོབ་མཁན་དངོས་ཡིན་པ་ལྟ་བུ་ཤིན་ཏུ་རྨོངས་བའི་བསམ་བློ་བཅིངས་ཡོད་པ་རེད། དེར་བརྟེན་རྒྱ་ཆེའི་མི་མང་བྱིངས་ཀྱི་ཤེས་ཚད་མཐོ་རུ་མ་བཏང་ན་བཅིངས་བ་དེ་ལས་གྲོལ་ཐབས་ཡོད་པ་མ་རེད། དེའི་རྐྱེན་གནས་ཚུལ་འདི་རིགས་མི་མང་ལ་གསལ་བཤད་དང་འགྲེལ་བཤད་གང་མང་གནང་དགོས་པ་གལ་ཆེན་པོ་རེད།
སྤྲུལ་སྐུ་མེད་པ་བཟོ་གི་ཡིན་ཟེར་དུས། སྨད་ཚོང་མའི་སྟུ་བཙེམ་གྱི་ཡིན་ཟེར་བ་དང་གཅིག་པ་རེད། སྟུ་བཙེམས་ན་ཡོང་སྒོ་མེད་པ་བཟོས་པ་རེད།
སྤྲུལ་སྐུ་ནི་ཡོང་སྒོ་འབའ་ཞིག་གི་རྟེན་ཡིན་པས་ན། སུས་ཁས་ལེན་གྱི་རེད་དམ། བླ་བྲང་ལ་མཚོན་ན། ཆོས་དང་རྟོགས་པ་དང་འགྲོ་བ་གཙོ་བོ་མ་རེད། གཙོ་བོ་སྤྲུལ་སྐུའི་ཡོང་བབ་དགོས། དེ་ལྐུགས་པ་ང་འདྲ་བས་མཐོང་དུས་ཁྱོད་ཚོ་རིགས་པ་སྨྲ་བ་ཚོས་མི་མཐོང་བ་འདི་ངོ་མཚར་རེད།
སྤྲུལ་སྐུ་མེད་པ་བཟོ་བར་རྒྱལ་དབང་ལྔ་པས་ཐབས་ཤེས་བྱས་འདུག ལམ་འགྲོ་ཕྱིན་མེད། སྤྲུལ་སྐུ་མེད་པ་བཟོས་ན། གདུང་བརྒྱུད་ཡོང་གི་རེད། གཅིག་པ་རེད། ཡོན་ཏན་ལ་མི་ལྟ་བར། ཁྲག་དང་རུས་པའི་བརྒྱུད་པར་ལྟོས་ནས། ཁྲི་ལ་འགྲོ་གི་རེད། འདི་ལ་ཁྱད་པར་མིན་འདུག
མཁས་དབང་དྲི་མེད་ལྷག་བསམ་འདི་མིང་དོན་མཚུངས་པའི་མཁས་དབང་རང་རེད་འདུག ཐུགས་རྗེ་ཆེ་་་་་
མཁས་དབང་དྲི་མེད་ལྷག་བསམ་གྱིས་ཡག་པོ་གསུང་འདུག་ཐུགས་རྗེ་ཆེ་་་
མཆན། 12 ,རྟེན་འབྱུང་ལགས་པ་ཞུ་བ། ཉིད་ཀྱིས༼ཞབས་འདྲེན་ཞུ་མཁན་བརྒྱ་ཆ་བརྒྱུད་ཅུ་ཙམ་ཟིན༽ཅེས་པའི་སྡོམ་རྩིས་ཅི་ཞིག་ལ་བརྟེན་ནས་ཡོང་། ཕལ་ཆེར་རང་ལ་རྒྱུས་ཡོད་ཀྱི་དགོན་པ་རེ་གཉིས་ལ་དཔེར་བླང་པ་ཡིན་ན་རྒྱུ་མཚན་དེས་ྑ་ཚོ་གཅོད་མི་ཐུབ། ཕྲན་གྱིས་བརྟགས་པར། ངན་གཤིས་འགོས་པ་ཡིན་ནམ། སློབ་གསོའི་ཁྱད་པར་ཡིན་ནམ། འཁོར་ཡུག་གིས་དབང་གིས་ཡིན་མི་ཤེས། དགོན་པ་རེ་གཉིས་ལ་སྤྲུལ་སྐུ་གསུམ་བཞི་རེ་ཡོད་པ་ཐམས་ཅད་སྤྱོད་ལམ་ཐ་ཆད་པ་འདུག ཡག་དགོན་པ་གསུམ་བཞི་རེའི་ནང་སྤྱོད་གཙང་བསྟན་འགྲོར་པན་པ་སྒྲུབ་མཁན་ཁོ་ན་འདུག སྤྱི་སྡོམ་བྱས་ན། ཆབ་མདོ། བྲག་ཡབ། ལི་ཐང་གསུམ་ལ་རྒྱུས་མེད། གཞན་མདོ་དབུས་གཙང་གསུམ་གྱི་དགོན་སྡེ་ཕལ་མོ་ཆེར་སྤྱི་སྡོམ་བྱས་ན་ཞབས་འདྲེན་ཞུ་མཁན་བརྒྱ་ཆའི་གཅིག་གཉིས་ཞིག་ལ་སླེབས་ཨེ་ཡོད་སྙམ། བོད་ནས་རྙིང་མའི་ཆོས་སྡེ་ཆེ་ཤོས་བླ་རུང་། ས་སྐྱའི་ཆོས་སྡེ་ཆེ་ཤོས་སྐྱེ་དགུ་དགོན། བཀའ་བརྒྱུད་པའི་དཔལ་སྤུང་དང་། སྐྱེ་ལྔའི་དགོན། དགེ་ལུགས་པའི་གྲྭ་བ་མང་ཤོས་བཀྲ་ཤིས་འཁྱིལ། ཇོ་ནང་གི་དགོན་པ་ཆེ་ཤོས་ཛམ་ཐང་སོགས་ཀྱི་སྤྲུལ་སྐུའི་གྲངས་དང་། བཟང་ངན་གཉིས་ཀྱི་གང་མང་དཔྱད་པ་གནང་ན་ཕལ་ཆེར་ཤེས་པར་ངེས་སོ། །ཕྲན་བོད་ཡུལ་ཕལ་མོ་ཆེ་ཉུལ་ཞིང་། དེང་དུས་དགོན་སྡེའི་ཐོ་ལ་མཇལ། དག་སྣང་ཆུང་བས་སྐྱོན་ཡོན་ལ་དཔྱད་པ་ཡང་བྱེད་མྱོངབ་་ཞིག་ལགས། བོད་ཀྱི་སྤྲུལ་སྐུའི་གྲངས་དང་གདན་ཐོབ་སོགས་ཡིག་ཆ་ཡང་ཅི་རིགས་པ་བལྟ་མྱོང་ཡང་ཞུ་ལོང་མ་བྱུང་། དུས་ཚོད་བྲེལ་བ་ཆེ་བས་དྲ་སྟེང་ལ་ཡོང་ཁོམ་མེད་པ་དང་། མཆན་རྣམས་ཤར་བྲིས་ཡིན་པས་ཚིག་ནོར་དང་ཡིག་ནོར་མང་པོ་བྱུང་བར་དགོངས་འགལ་མེད་པར་ཞུ། །
ཁ་བརྡ་ཚང་དང་། བསྟོད་པ་དང་དཔྱད་བརྗོད་གནང་མཁན་ཀུན་ལ་ཐུགས་རྗེ་ཆེ་ཞུ། །
བྲག་ཡབ་སྐྱབས་མགོན་རིན་པོ་ཆེའི་ཁོང་གི་འཁོར་ཡུག་ནང་ན་སྤྲུལ་སྐུ་ཅི་ཡོད། ཕན་པ་སྒྲུབ་མཁན། གནོད་པ་བྱེད་མཁན་སྡོམ་རྩིས་ཞིག་གནང་ན་ལེགས་པར་མཐོང་།
སྤྲུལ་སྐུའི་ལམ་ལུགས་མེད་པ་བཟོ་དགོས་ན་་་་བདུད་འཇོམས་རིན་པོ་ཆེ་དང་།
ཀརྨ་པ། ས་སྐྱ་གོང་མ། རྒྱལ་པཎ་གཉིས་བཅས་མེད་པ་བཟོ་དང་། ཕོ་ཁྱོ་ག་ཡིན།
དེ་མིན་དུས་ཚོད་འཕྲོག་རླགས་རེད།།
གཞང་ཁང་སྒོ་རྒྱབ་ན་་་་་ཕོ་ཧྲེང་ཚོ་ཁག་པོ་རེད་་་་ཧཧཧཧཧཧཧ
སྤྲུལ་སྐུའི་ལམ་ལུགས་མེད་ན་ངེས་པར་དུ་དགེ་མཚན་ཆེ་མོད། འོན་ཀྱང་མེད་པ་བྱེད་རྒྱུ་དེ་ཧ་ཅང་གི་ཁེག་པོ་རེད་སྙམ། དེ་ལས་གནས་སྐབས་རིང་བཏངས་སྙོམས་སུ་བཞག་ན་ལེགས་པར་སེམས་སོ།།
དྲི་མེད་ལྷག་བསམ་གྱིས་བོན་པོར་སྣང་ཆུང་དང་མཐོང་ཆུང་གནང་ཚུལ་དེ་ལ་བློ་ཕམ་ཡོད། རྒྱ་ནག་གིས་ཆོས་དོན་ཅུས་ཀྱིས་བཤད་ན་བོད་རིགས་རྣམས་ཆོས་ལུགས་ཆོས་རྒྱུད་ལ་བགོ་དུས་མི་འབོར་མང་ཤོས་དགེ་ལུགས་དང་དེ་ནས་རྙིང་མ་དང་བོན་པོ་གཉིས་ཨང་གཉིས་པ་ལ་སླེབ་ཡོད་ཚུལ་བཤད་ཀྱིན་འདུག དེ་འདྲ་ཡིན་དུས་མི་འབོར་མང་ཉུང་ལ་ལྟས་ན་དང་དགོན་པ་མང་ཉུང་ལ་ལྟས་ན་རེད་བོད་ཀྱི་བླ་སྤྲུལ་དགོན་སྡེ་ཤོད་དུས་སྣང་མེད་དུ་གཡུག་ཚུལ་འདིས་བོད་འདི་ཕུང་པ་ཡིན་པའི་རྟགས་མཚན་མང་ཡོད། སྤྱིར་སྟངས་མི་ཕལ་པས་བཤད་པ་ལ་སྐྱོན་འདོན་བྱེད་དགོས་མེད་ཀྱང། ཁྱེད་ལྟ་བུ་རིས་མེད་དྲང་བདེན་ལྷག་བསམ་ཤེས་ཡོན་མཁྱེན་པ་ཅན་དག་གིས་གནང་སྟངས་འདི་འདྲ་བྱས་ན་ཅུང་ཡ་མཚན་གྱི་འདུག
བོན་པོ་རྣམས་ལ་དགོངས་དག་ཞུ། ཕྲན་གྱིས་གོང་གསལ་དཔྱད་བརྗོད་ཕྲན་བུ་དེ་བན་དེའི་སྤྲུལ་སྐུ་ཁོ་ན་ཡིན། བོད་དུ་ཡོད་པའི་ཆོས་རྒྱུན་ཚང་མ་བཤད་པ་མིན། །ཕྲན་རང་ལ་མཚོན་ན་ཆོས་རྒྱུན་དམིགས་བསལ་མེད་ཀྱང་ཤཀྱཱའི་ཆོས་ལུགས་སུ་ཁས་འཆེ། བན་བོན་བསྲེ་བ་གཉིས་ཀ་འཇིག་རྒྱུར་ངེས་པས་མི་དགའ། བོན་ལ་ཤིན་ཏུ་དགའ་ཞེན་ཡོད། ཕ་མྱེས་ཀྱི་ཆོས་རྒྱུད་ཡིན་པའི་ངོས་ལེན་ཡོད་པར་མ་ཟད་ཕྲན་རང་གི་ཁུ་བོ་བོན་ཀྱི་གདུང་བརྒྱུད་བླ་མ་ཞིག་ཀྱང་ཡིན། རང་ཉིད་འཁོར་ཡུག་གི་དབང་གིས་བོན་ལ་སྦྱང་བ་བྱེད་རྒྱུ་མ་བྱུང་ཡང་དགའ་ཞེན་ཡོད་པའི་ཕྱོགས་ཡིན་པས། སྣང་ཆུང་དང་དམའ་འབེབ་བྱེད་པའི་ནུས་པ་མེད་པར་མ་ཟད། སྔོན་ཆད་མ་བྱས་ཤིང་ཕྱིན་ཆད་མི་བྱེད་པའི་ཡིད་ཆེས་ཡོད། སྐུ་ཚེ་རིང་།
བན་དེ་པ་ལ་གསོལ་བ། བོན་ལ་དགོན་པ་ཅི་ཙམ་ཡོད། གདུང་བརྒྱུད་རིན་པོ་ཆེ་དང་། སྤྲུལ་སྐུ་ག་ཚོད་བཞུགས་བཀའ་ལན་ཡོད་པར་ཞུ། །
དྲི་མེད་ལགས་དེ་འདྲ་དངོས་བདེན་ཡིན་ན་དགའ་བསུ་ཡོད་འོན་ཀྱང་འདིར་སྤྱིར་སྟངས་ཀྱི་སྤྲུལ་སྐུ་དགོས་དང་མི་དགོས་ཀྱི་སྐད་ཆ་ཤོད་དུས་བོན་པོ་ཡང་ཚུད་དགོས་ངེས་རེད་བསམ་ནས་ཞུས་པ་ཡིན། བོད་ལ་བོན་དགོན་ད་ལྟ་ཇི་ཙམ་ཞུགས་མིན་ཉི་ཧོང་ནས་པར་བསྐྲུན་བྱས་པའི་བོན་གྱི་དགོན་སྡེའི་སྐོར་རྐྱང་ཞིག་ཡོད་འདུག་པས་དེར་གཟིགས་ན་མཁྱེན་ངེས། བན་བོན་བསྲེས་ན་འཇིག་ངེས་རེད་གསུང་པར་དེ་ལྟར་ན་་་ཀོང་སྤྲུལ་ལས་སོགས་མང་ཞིག་གིས་བན་བོན་མཉམ་བསྲེས་གནང་ནས་ཉམས་ལེན་གནང་འདུག་པས་དེ་ཚོར་ཅི་ཞིག་དགོངས་སམ། བན་བོན་མཉམ་བསྲེས་ཞེས་པ་དེ་སེམས་ལ་འཁོར་འདས་མཉམ་བསྲེ་རུང་དུས་བན་བོན་གཉིས་མཉམ་བསྲེས་མི་ཡོང་བའི་རྒྱུ་མཚན་མ་མཐོང།
བན་དེ་ལེགས། ལྟ་བ་འཁོར་འདས་དབྱེར་མེད་ལེགས་ཀྱང་། དེ་ཉིད་མ་རྟོགས་བར་སྨོན་པ་དང་དངོས་ཡོད་གཉིས་ལ་ཁྱད་ཡོད་མཆི། །སྤྱོད་པ་འཁོར་འདས་དབྱེར་མེད་དུ་གྱུར་ནས། དངོས་ཡོད་དངོས་མེད་དང་། དངོས་མེད་དངོས་པོ། སྐད་ཅིག་བསྐལ་བར་བསྒྱུར་ནུས་པའི་ཚོགས་ལ་སྤྱད་དུ་ཅི། གཞན་དུ། ཀོང་སྤྲུལ་རྣམ་ཐར་དུ་ཆོས་རྒྱུན་ནང་ཁུལ་དུའང་སོ་སོའི་ལུགས་སྲོལ་མ་འདྲེས་པ་ཅི་བཞིན་སྐྱོང་བར་བཤད་པ་ལས་བསྲེ་བར་མ་བཤད་པ་སོགས་ཞུ་བྱ་མང་ཡང་། རེ་ཞིག་བྲེལ་བ་ཆེ་བས་ཞུ་ཐབས་ལྡན་མ་སོང་། །
བན་དེ་བ་འདི་བོན་པོ་ཞིག་རྩ་བ་ནས་མ་རེད། ལས་རྒྱུ་འབྲས་ཚེ་སྔ་ཕྱི་གང་ཡང་མི་ཤེས་པའི་མི་ནག་ཁ་སྡིག་བསགས་ཡིན་པར་སྔོན་ནས་ཤེས་ཡོད། ཁ་བརྡའི་དྲ་ཐོག་ནས་སྔ་འགྱུར་དང་ཨོ་རྒྱན་རིན་པོ་ཆེ་སོགས་ནང་པ་སྤྱི་ལ་ཁ་བཏངས་པ་གྲངས་མེད་རེད། དངོས་ལན་མེད་པར་ཉི་ཧོང་སོགས་བཤད་པར་ལྟོས་དང་གཞན་ལན་འདེབས་དང་མི་འོས་བཤད་ཟེར་བ་ཅི་མ་བདེན། དྲི་མེད་ལྷག་བསམ་ལགས་ས་དགེ་བཀའ་རྙིང་སོགས་གང་ནས་ཡིན་ཡང་གཟུར་གནས་བློ་གྲོས་ལྡན་པ་དྲ་ཐོག་ནས་ད་སྔོན་མཐོང་མ་སོང་དེས་ན་ནམ་རྒྱུན་མཆོག་གི་མཆན་རེ་གནང་དུས་བློ་བསྐྱེད་རེ་མོས་ནས་ཕྲན་ནས་ཀློག་གི་ཡོད།
ཁ་བརྡ་ཚང་ལ་ཞུ་རྒྱུར། ཀློང་ཆུང་མིང་ཅན་གི་ IP address track གནང་རོགས།
བཀྲ་ཤིས་སམ་ipadབཀོལ་མཁན་དེ་ལ། ཁ་བརྡས་ཁྱེད་ལ་ངའི་ip སྤྲད་ཆོག་གི་མ་རེད། ཁྱོད་སྒོར་མོ་བཏང་། ལོ་བཞི་ཙམ་རྩིས་འཁོར་སློབ་གྲར་ཕྱིན། དེ་ནས་bicoin བཀོལ་ནས་མཉེན་ཆས་ཉོས་གཞི་ནས་བཙལ་དགོས།
ད་ལྟ་ཁྱོད་iPad བཀོལ་ནས་འདུག
རྐུན་མའི་ལས་ལ་ཁྱོད་བྱང་ཆུབ་ཡོད་ས་རེད། རྫུན་རྐུབ་བརྡོལ་རྒྱུ་ཉག་ཅིག།
གོང་ལ་དྲི་མེད་ཀྱིས་གྲངས་མང་པོ་ཞིག་དྲངས་ཡོང་རུང་། གྲངས་དེ་ཚོའི་ཁུངས་ཇི་ཡིན་གསལ་པོ་ཤོད་རོགས། ནུབ་ཕྱོགས་ལ། ཁྱོད་ཀྱི་གྲངས་ཤིག་དྲངས་དུས། ཁུངས་ཤིག་བསྐྱེལ་དགོས།
དྲི་མེད་བོད་ནས་ཐོན་རྗེས་ལ་འགྱུར་བ་མང་པོ་ཕྱིན་པ་ད་རུང་ཤེས་ཀྱི་མེད་ཚོད། ད་ཆ་བོད་འདིའི་མི་འབོར་མང་ཤོས་དེ་བརྒྱད་བཅུའི་རྗེས་ཀྱི་མི་རབས་ཡིན་པ་དང་། སྔོན་དང་མི་འདྲ་བར། ཁོང་ཚོ་མང་ཆེ་བར་སློབ་གསོ་འཐོབ་ཀྱི་ཡོད་པས། སྤྲུལ་སྐུ་དགོས་མི་དགོས་ལ་འདེམ་ཤོག་ཕེན་ན། མི་དགོས་ཟེར་མཁན་མང་ཤས་ཆེ་བ་འདུག རྒྱུ་མཚན་ནི། བོད་ནང་ལ་བརྒྱད་བཅུའི་རྗེས་ཀྱི་མི་རབས་ནང་ལ། མང་ཤོས་གྲྭ་པ་མ་རེད། སློབ་མ་རེད། སྤྲུལ་སྐུས་འགྲིགས་ཀྱི་མིན་འདུག བོད་བསྐྱལ་འདུག་ཟེར་མཁན་མང་ཆེ་བ་སློབ་གྲྭ་ཁག་ནས་ཡོང་བཞིན་ཡོད།
དྲི་མེད་ཁྱོད་ཀྱི་ཕ་ཡུལ་ལ་སོམས་དང་། སློབ་གྲྭའི་མི་འབོར་མང་ངམ་གྲྭ་པ་མང་ངམ།
ཁྱོད་རྫོང་ཆུང་ཆུང་ཞིག་ལ་ཕྱིན་ནས་ལྟོས་དང་། སློབ་ཕྲུག་མང་ངམ་གྲྭ་པ་མང་ངམ། ཁྱོད་ཀྱི་བཤད་པ་ལྟར་བླ་བྲང་ལ་གྲྭ་པ་༧༠༠ཡོད་ན། དེའི་ས་ཁུལ་ནུབ་བྱང་མི་རིགས་སློབ་གྲྭར་སློབ་གྲྭའི་མི་འབོར་ཇི་ཙམ་རེད་དམ། རྫོང་རེ་རེ་བཞིན་གྲྭ་གྲངས་དང་སློབ་གྲངས་བཤེར་དང་། སུ་མང་བ་འདུག
བོད་ལྟ་ཅི། རྒྱ་གར་ལ་ཡང་ད་ཆ་དགོན་པར་སྐྱུག་མེར་ལངས་ནས། ཁྱོད་ཚོ་མང་པོ་ཞིག་ཕྱི་རྒྱལ་ལ་གྱར་བ་རེད། མང་པོ་ཞིག་མ་ཐར་བར་ཐབས་ཤེས་བྱེད་བཞིན་ཡོད། བོད་ནས་མང་པོ་ཞིག་སློབ་གྲྭར་ཡོང་བ་ལས་དགོན་པར་ཞུགས་ཀྱི་མེད། དགེ་ལྡན་པའི་གདན་ས་གསུམ་དང་། བཀའ་རྙིང་གི་བཤད་གྲྭ་རྣམས་ལ་བོད་པའི་གྲྭ་རྒྱུན་སྟོངས་ནས་བལ་པོ་དང་ཧི་མ་ལ་ཡའི་བོད་ཀྱི་རྒྱུད་པ་ཡིན་པའི་ཤར་རྟ་གུ་གསུམ་དང་། འབྲུག་འབྲས་ལ་དྭགས་ཀྱི་རྒྱ་གར་མི་སེར་རྣམས་བོད་པ་མཇུག་སྒྲིལ་འགྲོ་བའི་གྲྭ་ཚང་དེ་ཚོར་གསར་འཇུག་བྱེད་པ་དངོས་ཡོད་རེད། དེས་གང་མཚོན་གྱི་འདུག
ཨ་རི་དང་ཡུ་རོབ་ལ་རྒྱ་གར་ནས་གསར་པ་ཡོང་མཁན་ཁྱེད་ལྟ་བུ་མང་ཆེ་བ་གྲྭ་པ་རེད། ཁྱོད་ཚོ་སྤྲུལ་སྐུའི་ལམ་ལུགས་དེ་སྐྱོང་དགོས་ཅེས་རྙོག་ཁྲ་ཤོད་ཀྱི་འདུག སྤྲུལ་སྐུ་འདུག་དགོས་སའི་དགོན་པ་དེར་ཁྱོད་ཚོ་འདུག་མི་ཐུབ་པ་འདི་ཅི།
དྲི་མེད་ལ་མུ་འགོད་བྱེད་པ་ལ། བོད་མིའི་མི་འབོར་མང་ཤོས་དེ་བོད་རང་སྐྱོང་ལྗོངས་ཅེས་དབུས་གཙང་སྟོད་མངའ་རིས་དང་། ནག་ཆུ་དང་ཆབ་མདོ་ཚུད་པའི་བོད་པའི་ས་ཁོངས་དང་མི་འབོར་མང་ཤོས་ཀྱི་ས་ཆ་དེ་རེད། དེ་ལ་ཡོངས་གྲགས་མི་འབོར་ས་ཡ་གཉིས་ལྷག་ཡོད། དེ་ནང་ལ་གྲྭ་གྲངས་དེ་བརྒྱ་ཆ་༢༠ཟིན་གྱི་མེད། དེ་བཞིན་མདོ་སྟོད་སྨད་ཁུལ་ལ་བོད་མིའི་གྲངས་འབོར་ཁྱོན་ས་ཡ་༢ཙམ་ཟིན་གྱི་ཡོད། དེའི་ནང་ལ་གྲྭ་གྲངས་དེ་བརྒྱ་ཆ་༣༠ཟིན་གྱི་མེད།
མི་འབོར་འདི་འདྲ་ཞིག་གི་ནང་ནས་སྤྲུལ་སྐུ་མི་དགོས་ཟེར་མཁན་བརྒྱ་ཆ་གསུམ་ཙམ་འདུག་ཟེར་ན། སུའི་བློ་ལ་འགྲོ་འམ།
མ་གཞི་ནས་ཁྱོད་ཚོ་སྤྲུལ་སྐུ་དགོས་ཟེར་མཁན་མང་ཆེ་བ་སྤྲུལ་སྐུ་རེད་འདུག ཅིའི་ཕྱིར་འདིར་སྦས་ནས། ངོ་གདོང་རྫུན་མ་ཞིག་གི་འོག་ལ་སྤྲུལ་སྐུ་སྲུང་སྐྱོབ་བྱེད་པ་འདི་གཅིག་མཚོན་གྱི་མིན་འདུག་གམ།
དེང་སང་བོད་ཕྱི་ནང་ལ་སྤྲུལ་སྐུར་སྐྱུག་མེན་ལངས་མཁན་ཇེ་མང་ལས་སྤྲུལ་སྐུའི་མཛད་རྗེས་དང་སྤྲུལ་སྐུའི་རྐང་པར་མགོ་གཏུགས་མཁན་ཇེ་ཉུང་རེད། ཡོད་པ་རྣམས་མང་ཆེ་བ་གྲོང་གསེབ་དང་ཞིང་འབྲོག་ཁུལ་གྱི་སློབ་གསོ་ཐོབ་མ་མྱོང་མཁན་རྣམས་རེད། སློབ་གྲྭར་འགྲོ་མྱོང་མཁན་ཞིག་གིས་སྤྲུལ་སྐུའི་རྐང་པར་མགོ་གཏུགས་མཁན་ཤིན་དུ་ཉུང་ཉུང་རེད། དེ་ཡང་སྤྲུལ་སྐུར་འཛིན་པའི་རྣམ་འགྱུར་ཞིག་རེད།
ཁྱོད་ཀྱིས་སྤྲུལ་སྐུའི་མཛད་རྗེས་བཤད་སོང་། དེ་ལ་ལན་འདི་ཡོད། བོད་པ་བརྒྱ་ཐམ་པའི་ལྟོ་གོས་དང་ཁེ་དབང་དེ་སྤྲུལ་སྐུ་གཅིག་གིས་ལོངས་སྤྱད། བོད་པ་སྟོང་ཐམ་པའི་སློབ་གསོའི་ཁེ་ཕན་དང་གོ་སྐབས་འདི་སྤྲུལ་སྐུ་གཅིག་ལ་སྤྲད་ནས་གསོས་པའི་སྤྲུལ་སྐུ་དེ་བོད་མི་ཕལ་པ་ལས་འཇོན་ཐང་ཆེ་བ་ཡོད་ཟེར་ན་ལོས་ཡིན། མི་ཕར་བཞག ཁྱི་ཞིག་ལ་འདི་ལྟར་དམིགས་བསལ་སྤྲད་ན་ཁྱི་དེས་སྤྲུལ་སྐུ་ཐེབས་ཆག་གཅིག་ལས་ལྷག་པ་བྱེད་ཐུབ།
སྤྲུལ་སྐུའི་ཡོན་ཏན་ལ་ལན་རྡོག་རྡོག་འདི་ཡོད། ཁྱོད་ཚོས་བརྗོད་པའི་སྤྲུལ་སྐུ་དེ་ལ་མགོ་ཀ་ནས་མཇུག་ཆོས་བཤད་བྱེད་སྟངས་ཚང་མ་མི་ཕལ་པ་ཞིག་གིས་སློབ་དགོས་འདུག ལྷག་པར་དུ་སྐྱེ་བ་སྔོན་མ་དྲན་མཁན་གྱི་སྤྲུལ་སྐུ་དེར། ལོ་མང་དཀའ་ལས་རྒྱག་མཁན་དང་སྡུག་མྱངས་ནས་སྦྱངས་པའི་ཡོན་ཏན་ཤེས་མཁན་མི་ཕལ་པ་ཞིག་གིས་སློབ་དགོས་ཀྱི་འདུག སྤྲུལ་སྐུ་དེས་ཤེས་པའི་ཡོན་ཏན་ཧ་ལས་པ་དེ་སྤྲུལ་སྐུ་མ་ཡིན་པའི་མི་ཕལ་པ་ཞིག་གིས་སྔོན་ལ་སློབ་དགོས་ཀྱི་འདུག སྤྲུལ་སྐུའི་ཡོན་ཏན་འདི་ཡིན།
སྔོན་མ་ཕ་རན་སིའི་སྤྱི་ཚོགས་ཚན་རིག་པ་ཞིག་གིས་རྒྱ་གར་བལ་ཡུལ་ལ་ཕྱིན་ནས་སྤྲུལ་སྐུ་གསོ་སྟངས་ལ་ཞིབ་འཇུག་བྱས་ནས་ད་ལྟ་དེབ་འབྲི་བཞིན་འདུག མོས་བཤད་རྒྱུར། སྤྲུལ་སྐུ་གཅིག་སྟེང་གི་འགྲོ་སོང་དེ་གྲྭ་པ་ཕལ་པ་༡༥༠ཙམ་གྱི་འགྲོ་སོང་རེད་ཟེར། དེ་ལས་སྤྲུལ་སྐུ་དེ་འཛིན་གྲྭ་དཀྱུར་མར་བཏང་། འགྲོ་སོང་དེ་གྲྭ་དམངས་ཀྱི་ཐོག་ལ་བཀོལ་ནས། འབྲས་བུ་སྤྲུལ་སྐུ་དེ་འདྲ་བ་ཉུང་མཐར་༦༠གསོ་ཐུབ་ཀྱི་རེད་ཟེར། ཕྱི་རྒྱལ་གྱི་བཤད་སྟངས་ཐོག་ནས་བལྟས་ན། དེ་ཤིན་དུ་ནས་ནང་ཆོས་དང་འགལ་ཡོད། ངས་བཤད་པའི་ནང་ཆོས་ནི་ཤཀྱ་མུ་ནེས་བཤད་པའི་ཆོས་དེ་ལ་ཟེར་བ་མ་གཏོགས། སྤྲུལ་སྐུ་རྣམས་ཀྱིས་གཅིག་ལས་གཅིག་བཤུས་ནས་བསྒྲིགས་པའི་གསུང་འབུམ་ཟེར་བའི་རྐུ་རྫས་ར་མ་ལུག་དེ་ཚོར་ཟེར་བ་མིན།
བོད་འདིར་ད་ལྟའི་བར་བྱས་རྗེས་ཅན་ཕལ་མོ་ཆེ་སྤྲུལ་སྐུ་རྣམ་པ་རེད་ལ། ༥༩ ལོར་ཁྲི་འཛིན་མའོ་ཙེ་ཏུང་གིས་རྐྱེན་བྱས་ཆོས་བརྒྱུད་ཁག་གི་བླ་སྤྲུལ་རྣམ་པའི་ཐུགས་རྗེའི་འོད་ཟེར་དང་སངས་རྒྱས་ཀྱི་ཕྲིན་ལས་བོད་ཀྱི་རིག་གཞུང་སོགས་འཛམ་གླིང་གང་སར་ཁྱབ་སྤེལ་གནང་མཁན་ཡང་བརྒྱ་ཆ་༩༠ བླ་སྤྲུལ་རྣམ་པ་རེད། ཨོ་རྒྱན་རིན་པོ་ཆེས། བོད་ལ་དྲིན་ཆེར་བྱས་ཀྱང་དྲིན་མི་གོ། ཞེས་པ་དེ་གུ་རུ་རིན་པོ་ཆེ་ཁོང་ཉིད་ལ་བྱས་པ་དྲིནབཟོ་མིན་པར་བོད་ཀྱི་སྤྲུལ་སྐུ་རྣམ་པ་ཚོའི་བྱས་རྗེས་ལ་དྲིན་དུ་མི་གོ་བ་ལ་དགོངས་པ་འདྲ།
སྤྲུལ་སྐུའི་ཟེར་ན། སྐྱེ་བ་སྔོན་མའི་རྣམ་ཤེས་དེ་སྐྱེ་བ་ཕྱི་མར་མི་ག་གེ་མོ་ཞིག་གི་སྟེང་ལ་ཕོག་པར་ཟེར་བ་རེད་འདུག དེ་ལྟར་ཡིན་ན། སྐྱེ་བ་སྔོན་མ་དྲན་དགོས། དེ་མ་དྲན་པས། འཚོལ་མཁན་རྣམས་ལ་དཀའ་ངལ་སྣ་ཚོགས་འཕྲད་ནས། ཉེ་ཆར་ཀ་རྨ་པའི་སྤྲུལ་སྐུའི་རྙོག་ཁྲ། དེ་བཞིན་སྤྲུལ་སྐུའི་དྲན་པ་ཟད་པའི་ལས་ལ་བརྟེན་ནས། ཕལ་པས་ཐག་ཆོད་བྱེད་དགོས་པའི་སྒྲུང་ངུ་མ་བགོད་དེ་ཚོར་སོམས་ཤིག
གལ་ཏེ་སྤྲུལ་སྐུས་སྐྱེ་བ་སྔོན་མ་དྲན་གྱི་ཡོད་ན། ཅིའི་ཕྱིར་དེ་མི་གཞན་གྱིས་འཚོལ་དགོས། ཁོ་རང་སྐྱེས་མ་ཐག་གསལ་ཐག་ཆོས་བཤད་ན་འགྲིགས་མོད། དེ་ཡོང་གི་མིན་འདུག
བསོད་དབང་ལགས། ཁྱོད་ལ་གོ་ནོར་ཐེབས་འདུག ཞིབ་མོར་གཟིགས། ༡༽སྤྲུལ་སྐུའི་ལམ་ལུགས་ངེས་པར་དགོས་བཤད་མེད། དུས་དང་བསྟུན་ན་དགག་པ་བྱེད་སྐབས་མིན། ཆིག་སྒྲིལ་གྱི་དུས་ཡིན་ཅེས་བཤད་ཡོད། ༢༽གྲྭ་བ་དང་མི་སྐྱའི་གྲངས་གཅིག་རེད་བཤད་མེད། ཆོས་དད་ཡོད་མཁན་གྱི་ཁྲོད་ན་དགག་པ་ཉུང་བར་བཤད་ཡོད། ༣༽སློབ་གྲྭ་དང་གྲྭ་བའི་གྲངས་བསྡུར་ནས་བཤད་མེད། ཆོས་ལུགས་མེད་མཁན་ལ་ཆོསལུགས་ཀྱི་ལམ་སྲོལ་བསྣུབས་པའི་དབང་ཆ་མེད་ཅེས་བཤད་ཡོད། ༤༽མི་གྲངས་ཐད། 2000་ལོར་རྒྱ་ནག་གིས་ཡོངས་ཁྱབས་སུ་བསྒྲགས་པར། དང་པོ་མཚོ་སྔོན།༼གྲངས་༡་༠༨༦་༥༩༢༽ གཉིས་པ་གཞིས་རྩེ། གསུམ་པ་ཆབ་མདོ། ལྔ་བ་ལྷ་ས། དྲུག་པ་ནག་ཆུ། དེའི་ནང་དུ་ཆོས་དད་ཡོད་མཁན་ཅི་ཙམ་ཡོད། ཆོས་དད་ཡོད་མཁན་ཁྲོད་སྤྲུལ་སྐུ་ལ་དགག་པ་བྱེད་མཁན་ཅི་ཙམ་ཡོད་དཔྱད་པས་ཤེས།
འོ་དེ་ནས་དྲི་མེད་ཁྱོད་ཀྱིས་དགོན་པ་འཛིན་སྐྱོང་ལ་སྤྲུལ་སྐུ་མེད་ན་མེད་ཐབས་བཤད་སོང་། ང་བགོད་ཤོར་ནས་འོ་ཇ་དྲོན་པོ་དེ་ཡང་ཁ་ནས་ཤོར་ཐལ། ངོ་མ་བསྟོད་མི་ཤེས་མཁན་གྱིས་བསྟོད་པ་ལས། སྨོད་མི་ཤེས་མཁན་གྱིས་སྨོད་ན་དགའ་ཟེར་བ་ཅིས་མི་བདེན། ཁྱོད་ཆེས་དགའ་སའི་བླ་རུང་དེ་སྤྲུལ་སྐུ་གྲོངས་ནས་མཁན་པོ་ཞིག་གིས་སྐྱོང་བཞིན། བསྟན་པ་སྔར་ལས་ལྷག་པ་དར་འདུག་པ་འདིས་འགྲིགས་པ་གྱིས། དེ་མིན་རྫོགས་ཆེན་དང་། དཔལ་སྤྲུངས། དགའ་ལྡན། རྫོང་གསར་སོགས་ཀྱི་སྤྲུལ་སྐུ་ཚང་མ་ཕུར་ཐལ། རྗེས་བྲངས་མི་ཕལ་པ་ཚོས་དཀའ་ལས་བརྒྱབ་ནས་མགོ་དགོན་པ་ཞིག་གསོའི་སྐབས་ལ་ས་རྡོ་ནས་མཇུག་སློབ་གཉེར་གྱི་འགན་འཁུར་ལེགས་པར་བགྱིས་ནས། ཉིན་རེ་ཉིན་རེའི་དཀའ་ལས་རྒྱག་མཁན་གྱི་བོད་མིར་ཚོར་ཐུགས་རྗེ་ཆེ་མེད་པར། ཚང་མ་སྤྲུལ་སྐུའི་བཀའ་དྲིན་ཡིན་ཟེར་དུས། ད་དུང་མི་དམངས་ཀྱི་ཁྲག་དང་བརྔུལ་ཆུར་འདུ་ཤེས་མེད་པའི་སྤྲུལ་སྐུ་སྙིང་རྗེ་ཁ་དང་མི་བྲལ་བ་འདི་ཚོ་ཅིས་དུས་རབས་འདི་དང་འབྲེལ་ཐོགས་མེད་པ་ལགས།
འོ་དོ་དགོང་འདི་རུ་འཇོག་རྒྱུ་དང་སང་ཉིན་མུ་མཐུད་ནས་གླེང་རྒྱུ་ཡིན། རྡོག་རྡོག་དེ། བོད་མི་ཀུན་གྱི་བདེ་སྡུག་ལ་བཤང་གཅིའི་འདུ་ཤེས་མེད་པར། རང་སྐྱིད་རང་རྒྱག་གི་མི་རྐྱང་འགའི་དོན་དུ་བོད་མི་རིགས་འདིའི་ལོ་རྒྱུས་ནང་ལ། ཡ་ང་བའི་སྡུག་བསྔལ་དང་། མནར་གཅོད་མྱངས་པ་དང་མྱོང་བཞིན་པའི་སྐབས་ལ། ད་རུང་སྤྲུལ་སྐུའི་བྱས་རྗེས་བཤད་ནས་། བོད་མི་ཕལ་པའི་བདེ་སྡུག་ལ་རྡོག་རོལ་བྱེད་པ་འདི་ང་རང་ཆེས་མི་དགའ་སའི་སྤྲུལ་སྐུའི་ལམ་ལུགས་འདི་ཡིན།
བོད་མི་བརྒྱ་དང་སུམ་བཅུ་ལྷག་རང་ལུས་་མེ་ལ་བསྲེགས་ནས་མི་རིགས་འདིའི་སྡུག་བསྔལ་འཛམ་གླིང་མི་དམངས་ལ་སྒྲོག་པའི་སྐབས་ལ། འདིའི་ནང་ལ་སྤྲུལ་སྐུ་ག་ཚོད་འདུག ༢༠༠༨ནས་ད་བར་བོད་མི་སྟོང་ཕྲག་རང་དབང་ཤོར་ནས་བཙོན་ཁང་དང་། སྲོག་ཐོག་གི་ཆད་པ་ཕོགས་པའི་ཁྲོད་སྤྲུལ་སྐུ་ག་ཚོད་འདུག
བོད་ཕྱི་ལ་རང་གི་མི་རིགས་དང་མི་དམངས་ཀྱི་སྡུག་བསྔལ་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་བྱེད་པའི་སྐབས་ལ། སྤྲུལ་སྐུ་ག་ཚོད་ཞུགས་སོང་།
དེ་ལས་ལྡོག་ཏེ། གྲྭ་པས་རྒྱ་གཞུང་ལ་ངོ་རྒོལ་བྱེད་པའི་ལས་འགུལ་ནང་ཞུགས་ན་མི་འགྲིགས་ཟེར་ནས། བོད་མིའི་བདེ་སྡུག་ལ་འགན་འཁུར་མི་ལེན་པའི་བཀའ་རྒྱ་གཏོང་མཁན་དེ་སྤྲུལ་སྐུ་ཚོ་གཅིག་པུ་རེད། མིང་དགོས་ན་རེ་རེ་བཞིན་འབུལ་ཆོག
དྲི་མེད་ལྷག་བསམ་མཆོག་གིས་བོད་ཀྱི་སྤྲུལ་སྐུའི་སྐོར་ལ་བྲིས་པ་དང་། མཁས་པ་མང་པོས་གང་གི་དགོངས་པར་གཟེངས་བསྟོད་ལ་དགའ་བ་སྐྱེས། ༧རྒྱལ་མཆོག་བརྒྱད་པའི་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་མཛད་རྣམ་ན། བདག་གིས་མ་གོ་བའིཚིག་བརྗོད་རྣམས་ལ་བཀའ་འདྲི་ཞུ་བ་ནི།
“དེ་སང་མི་འགའ་ཞིག་ཆོས་དོན་དུ་གཉེར་བ་ཡིན་ཟེར་ནས་སྡུག་གེ་ཁལ་མ་ཚོའི་རྒྱབ་ཤ་བཅད།” ཅེས་པ་ན། སྡུག་གེ་ཁལ་མ་ཚོའི་རྒྱབ་ཤ་བཅད། ཅེས་པའི་དོན་གང་ཡིན་ནམ། བསྙེན་རྫོགས་ཀྱི་སྐབས་སུ། “དགེ་འདུན་རྒྱལ་མཚན་གྱིས་དུས་གོ” ཞེས་པ་ན། དུས་གོའི་དོན་མ་ཤེས། འདི་དག་གི་དོན་དག་གསུང་བ་ལ་ངལ་བ་མཛད་ན། བཀའ་དྲིན་ཆེ། ཞུའོ།
བསོད་དབང་ལགས། ཐུགས་རྗེ་ཆེ། ཕྲན་ལ་དུས་ཚོད་དབང་གིས་དྲ་ཐོག་ལ་ལྟ་རྒྱུ་མ་བྱུང་། ངས་བྲིས་པའི་གྲངས་དེ་འདི་ལྟར་ལགས། ཀ༽དགོན་པ་ཉི་ཤུ་རྩ་གྲངས་ཤིག་ལ་དཔྱད་པ་ཡིན། སོ་སོའི་ས་གནས་ཀྱི་སྤྲུལ་སྐུ་མི་དགོས་ཟེར་མཁན་ཕལ་ཆེར་མ་བྱུང་། གཞན་གྱི་བླ་མ་ལ་སྐྱོན་བརྗོད་གནང་མཁན་འདུག ཁ༽གྲྭ་བ་དང་མི་སེར་གྱི་གྲངས་བསྡུར་ན་གྲྭ་བ་མང་ཞེས་བཤད་མེད། ག༽ཆོས་དད་ཅན་གྱི་གྲངས་ལས་ཆོས་མེད་སྨྲ་བས་རྒོལ་བ་བརྩིས་མེད། ང་༽སྤྲུལ་སྐུ་དགག་པའི་དུས་མིན། མཐུན་སྒྲིལ་དགོས་པའི་དུས་ཡིན་ཅེས་བཤད་པ་ལས་ངེས་པར་དུ་སྤྲུལ་སྐུ་དགོས་ཞེས་བཤད་མེད། ཅ༽ད་ལྟ་བོད་ཀྱི་དགོན་ཆེན་བླ་རུང་གི་དབུ་འཛིན་མུ་མཚོ་སྤྲུལ་སྐུ་རེད། ཡ་ཆེན་དགོན་བདག་སྤྲུལ་སྐུ་ཨ་གསང་རེད། འདི་གཉིས་སྤྲུལ་སྐུ་ཡིན་ཚུལ་ལ་གཟིགས། ཆ༽བོད་ཀྱི་མདོ་དབུས་ཁམས་གསུམ་གྱི་དགོན་བདག་བརྒྱ་ཆའི་༩༠་སྤྲུལ་སྐུ་རེད། ཇ༽བོད་མི་རང་བསྲེག་བྱེད་མཁན་མང་ཆེ་བས་རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་དགོས་གསུང་གི་འདུག ཁོང་སྤྲུལ་སྐུ་རེད། ཉ༽པཎ་ཆེན་ཡང་སྲིད་དགོས་པའི་སྐད་འབོད་མུ་མཐུད་དུ་གནང་བཞིན་པ་རེད། ཏ༽ས་གནས་སོ་སོའི་སྤྲུལ་སྐུའི་སྐྱོན་བརྗོད་ཤོག མི་དམངས་དཀྱུས་མིའི་སར་པོབ་ཤོག་བྱས་ན་མི་བརྒྱ་ཆའི་༣་ཡར་ལང་མཁན་ཕལ་ཆེར་མེད། ཐ༽བོད་ལ་སྤྲུལ་སྐུ་༣༠༠༠་ཡོད་པའི་དབང་དུ་བྱས་ན། སྤྱི་ཚོགས་ལ་གནོད་སྐྱེལ་མཁན་སུམ་ཆའི་༡་ལོང་མེད་པར་ངེས། ད༽དགོན་པ་འཛིན་པར་སྤྲུལ་སྐུ་མེད་ཐབས་མེད་བཤད་མྱོང་མེད། ཁྱོད་རང་ཉིད་གོ་ནོར་ཐེབས་པར་གད་མོཤོར་བ་ཡིན་ལས་ཆེ། ན༽དབུ་འཛིན་ཞིག་གསོ་སྐྱོང་བྱེད་པ་ལ་རྒྱལ་ཁབ་སུ་ཞིག་ཡིན་ཀྱང་འགྲོ་སོང་གཏོང་དགོས་པ་སྤྱི་ཚོགས་ཀྱི་སློབ་གསོ་ཅུང་ཟད་ཡོད་ན་ཤེས། དཔེར་ན་དམག་དཔོན་ཞིག་གསོ་སྐྱོང་བྱེད་པ་ལ་སྦྱོང་བརྡར་གྱི་ཅ་ལག་སོགས་མི་དཀྱུས་མ་ལས་ཁྲིའགྱུར་གཏོང་དགོས། དེས་དམག་རྒྱག་པའི་ངེས་པ་མེད་ལ། རྒྱལ་ཁབ་སྲུང་ཐུབ་པར་བརྒྱ་ཆའི་བརྒྱ་ཁས་ལེན་ཡང་མེད། མ་ཟད་རྒྱལ་ཁབ་བཙོང་མཁན་ཡང་འབྱུང་བ་འཁོར་བའི་ཆོས་ཉིད་དོ། །པ༽བོད་ཀྱི་དགོན་ཆེན་ཕལ་མོ་ཆེ་ད་དུང་སྤྲུལ་སྐུས་སྐྱོང་བཞིན་པར་བསམ་བློ་ངེས་པར་གཏོང་དགོས་པར་འདུག སེ་འབྲས་དགའ་གསུམ་བདག་པོ་༧གོང་ས་སྤྲུལ་སྐུ་རེད། དེ་བཞིན་པཎ་ཆེན་རིན་པོ་ཆེ། འཇམ་དབྱངས་བཞད་པ། ཨ་ཀྱ་ཚང་་སོགས་དགེ་ལུགས་ཀྱི་དགོན་སྡེ་ཆེན་པོ་དྲུག་གི་བདག་པོ་སྤྲུལ་སྐུ་རེད། ས་སྐྱ་གདུང་བརྒྱུད་སྤྲུལ་སྐུ་རེད། སྐྱེ་དགུ། རྡོ་ཁོ། གོང་དཀར། རྫོང་གསར་གྱི་དབུ་འཛིན་རྣམས་སྤྲུལ་སྐུ་རེད། རྙིང་མའི་དགོན་ཆེན་དྲུག་གི་དེང་དུས་བསྟན་པ་སྐྱོ་མཁན་སྤྲུལ་སྐུ་རེད། བཀའ་བརྒྱུད་ཆེ་བཞི་འབྲི་འབྲུག སྟག་ལུང་ཐམས་ཅད་སྤྲུལ་སྐུས་འཛིན། །ཇོ་ནང་ཛཾ་ཐང་། གཙང་པ། ཚེས་བཅུ། འབྲོག་དགེ། བསེ་དགོན། ལུང་སྐྱ་ཐམས་ཅད་སྤྲུལ་སྐུས་འཛིན། དེ་དག་ལ་སོ་སོའི་སྤྲུལ་སྐུར་མར་ཕོབས་བྱས་ན་གཏན་ནས་ཁས་ལེན་མེད་ངེས་སྙམ། ངས་བཤད་པ་ནོར་བ་ཡང་སྲིད། ལེགས་པར་དཔྱོད། ཕན་སེམས་ཀྱིས་བྲིས་པ་ཡིན། ནམ་ཡིན་རུང་དྲ་སྟེང་ལ་ཡོང་ཁོམ་མི་འདུག ཡི་གེ་ལ་ཞུ་དག་བྱེད་ལོང་མ་བྱུང་བས་ཡིག་ནོར་མང་པོ་ཤོར་འདུག དྲི་བ་ལ་ལན་མ་བྱུང་བར་དགོངས་འགལ་མེད་པར་ཞུ། །
རྒན་ལ་དྭགས་པ་ལེགས། ༼སྡུག་གེ་ཁལ་མ་ཚོའི་རྒྱབ་ཤ་བཅད།༽ ཅེས་པའི་དོན་ནི། ཁལ་མ་དག་སྟོབས་རྒྱས་དུས་བཀོལ་ནས་སྡུག་ལ་གཏད། ཅེས་པའི་དོན་ཡིན་ནམ་སྙམ། “སྡུག་གེ་”ནི་སྡུག་ལ་གཏད་པ། “རྒྱབ་ཤ་”ཞེས་པ་ཤ་ཚོ་ཞིང་ཤེད་རྒྱས་དུས། ‘བཅད་ནི་’བེད་སྤྱོད་བྱས་པ། །གེ་སར་སྒྲུང་གླུར། རྟ་ཤ་ཤེད་རྒྱས་དུས་མ་བརྒྱུགས་ན། །དཔྱིད་ནམ་ངན་ཡོང་དུས་ཡིད་རེ་མུག །ལུས་དབང་པོ་དར་དུས་མ་འཐབ་ན། །ལོ་ལུས་སྟོབས་རྒུད་དུས་ཡི་རེ་མུག །ཅེས་པ་ལྟ་བུ། དོན་དུ་ཆོས་བྱ་དགོས་ཞེས་འོག་རྟ་ཁལ་མ་སོགས་ཤ་ཤེད་རྒྱུས་དུས་བེད་སྤྱད་དེ་འགྲོ་བའི་དོན་ཡིན་ལས་ཆེ། །
བསྙེན་རྫོགས་ཀྱི་སྐབས་སུ། ‘དུས་གོ་”ཞེས་པ་དུས་ཚོད་གོ་བར་བྱེད་པ་དང་དུས་ཚོད་སྟོན་པ་པོ་གཉིས་ལ་འཇུག་པའི་སྐབས་ཡོད། ཀརྨ་ཤ་ཏཾ་ལས། དགེ་སློང་ལས་བྱེད་མ་ཡིན་པ་གང་ཡང་རུང་བ་ཞིག་གིས་གྲིབ་ཚོད་དེ་གཞལ་ཞིང་བརྗོད་པར་བྱའོ། ། ཞེས་དང་། ཉིན་མཚན་གྱི་ཆ་དང་དུས་ཚོད་ཀྱང་བརྗོད་པར་བྱའོ། །ཞེས་དང་། ཡང་། ལས་བྱ་བ་གོ་བའི་ཡན་ལག་ཏུ་ལས་ཀྱི་མཇུག་སྡུད་བརྗོད་པ། ཞེས་བསླབ་པ་རྫོགས་པའམ་ཐོབ་པའི་དུས་ཚིག་གོ་བའམ་ཤེས་སུ་འཇུག་པ་ཡིན་ནོ། །རྗེ་དགེ་འདུན་གྲུབ་ཀྱིས། བསྙེན་བཀུར་གྱི་གནས་དང་གནས་མ་ཡིན་པ་ཤེས་པའི་ཕྱིར་དུ་རྫོགས་དུས་གོ་བར་བྱ་བ། ཞེས་གསུངས་ཡོད་སྣང་ཤར། །
བཀྲ་ཤིས། སྐུ་ཚེ་རིང་།
ཉིན་གུང་བདེ་ལེགས། ངས་བསམ་ན་བདེན་པའི་སྤྲུལ་སྐུ་མང་དགོས་ལ།རྫུན་པའི་སྤྲུལ་རྫུན་སྒོ་རྒྱབ་དགོས་ཞེས་བྲག་གཡབ་རིན་པོ་ཆེས་གསུངས་ན་ཡག་ས་རེད། དེ་མིན་ཁོ་རང་སྤྲུལ་སྐུ་དང་སྐྱབས་རྗེ་གོ་ས་ལ་མི་ལོ་༦༠ ལྷག་བེད་སྤྱོད་ནས་ད་རྒྱ་པན་མ་གཏོགས་ཚང་མ་མི་དགོས་བཤད་ན་རང་ཆགས་གཞན་བཞག་པའི་མཐོང་རྒྱ་མེད་པའི་ཨུ་ཚུགས་ཀྱི་སྐད་ཆ་རེད། སོ་སོའི་འདོད་པ་ལ་རང་དབང་ལོས་ཡོད་མ་གཏོགས་སོ་སོར་གྲྭ་བ་དང་སྤྲུལ་སྐུའི་ས་ནས་ལོག་སྟེ་མི་ནག་གི་ལས་ལ་ཞུགས་བཞིན་དུ་ད་ཚང་མ་ང་འདྲ་བོ་རེད་བཤད་ན་མཁྲིས་ནད་ཅན་གྱིས་ཚང་མ་མིག་ཟེར་པོ་རེད་ཡིན་དགོས་ཞེས་སྐད་ཅོར་རྒྱགས་པ་ནང་བཞིན་རེད། མདོར་ན་དྲི་མེད་ལྷག་བསམ་ལ་བདེན་པའི་རྒྱབ་དཔུང་དང་དཔྱད་པ་གནད་ལ་ཁེལ་བ་དུས་ཐོག་གི་སྨན་ཆར་རུ་མཐོང་བས་སླར་ཡང་དྲི་མེད་ལ་བཀའ་དྲིན་ཆེ་ཞུའོ།།
དྲི་མེད་ལགས་རྩོད་གཞི་སློང་གི་མེད། ཆོས་རྒྱུད་ཆོས་ལུགས་བསྲེ་ཞེས་པ་གང་འདྲ་ཞིག་ལ་གོ་བ་ཡིན་ནམ། ལྟ་བ་རྟོགས་དང་མ་རྟོགས་གང་ལྟར་བོད་རྒྱུད་ནང་བསྟན་པས་འཁོར་འདས་གཉིས་མེད་འདོད་དམ་མི་འདོད། བདེན་པ་གཉིས་གཉིས་མེད་དུ་བཞེད་དམ་མི་བཞེད། དབྱེར་མེད་དང་བསྲེ་བ་གཉིས་ལ་ཁྱད་པར་ཡོད་དམ་མེད། འདི་དྲི་བ་ཞུ་གི་ཡོད། བན་བོན་ནམ་ཆོས་ལུགས་བསྲེ་ཞེས་པ་ཕྱི་གསུང་རབ་མཉམ་བསྲེས་སམ་ལྷ་སྐུ་མཉམ་བསྲེས་སམ། ཡང་ན་ནང་གི་ཉམས་ལེན་ལ་མཉམ་བསྲེས་ལ་བཞེད་ཀྱི་ཡོད། དེ་ལ་གཅིག་གསུང་གནང་ན་ང་ལ་གོ་བརྡ་འཕྲོད་སྲིད།
དེ་མིན་དྲ་འབུ་ནག་མོའི་ཁའཛིང་བྱེད་མཁན་དང་ཆུ་ལེན་བུ་མོའི་གཏམ་ཡན་ལྟ་བུའི་སྐད་ཆ་དང། དེའི་རིགས་ནི་སྟོན་པ་གཅིག་གི་རྗེས་འཇུག་བསྟན་པའི་གཅིག་གི་སྐྱེས་བུ་བརྒྱུད་པ་གཅིག་གི་བརྒྱུད་འཛིན་གྱི་རྡོ་རྗེ་སྤུན་གྲོགས་ལ་ནག་རིལ་དང་ནག་རིལ་དང་ནག་རིལ་ཟེར་ནས་ཁྱི་ཐོང་ནམ་མཁའི་བྱ་ལ་འདེད་མཁན་དེ་རིགས་ནི་རྐང་འབོབ་ཀྱི་འོག་དུ་མནན་བྱ་ཡིན་པས་ཟུར་དུ་བཞག
ལུང་རིགས་སྨྲ་བའི་ཁྱུ་མཆོག་དྲི་མེད་ལྷག་བསམ་མཆོག་གིས་བདག་གི་དྲི་བར་ལྗགས་སྩལ་པར་བཀའ་དྲིན་ཆེ། ཤིན་ཏུ་ནས་ཕན་ཐོགས་བྱུང་། ལྷག་པར་དུ་དུས་གོ་ཞེས་པ་ལ་སྐུ་ཉིད་ཀྱིས་གསུངས་པ་ལྟར་གོ་བ་ལེགས་པ་བྱུང་། སྡུག་གེ་ཁལ་མ་ཚོའི་རྒྱབ་ཤ་བཅད། ཅེས་པ་ཡང་ད་དུས་བསམ་བློ་གཏང་ན། སྔོན་མ་ལ་དྭགས་པ་ཚོང་པ་དག་གིས་བྱང་ཐང་ནས་གཡག་དང་། ལུག་ལ་ཁལ་བཀལ་ནས་ལ་དྭགས་ལ་སླེབས་པ་དང་། གླེ་རུ་ཤ་ཚོང་མཁན་རྔོན་པར་ཚོང་སྲོལ་ཡོད་འདུག བླ་མ་ཚུལ་ཁྲིམས་ཉི་མ་མཆོག་གིས་ སྐུ་ན་ཚོད་སོ་གཉིས་པ་བར་དུ་ཚོང་ལས་ཀྱི་བྱ་བ་མཛད། ཁོང་ཚོང་པ་ཡིན་པའི་དུས་སུ། བལ་རིགས་ལྗིད་ཅན་ཚོང་གཟོང་ཀུན། ལེ་ན། ཞེས་པ་ར་སྤུའི་རྩ་བ་ན་ཡོད་པ་རས་བལ་ལྟ་བུ་ལ་བསྒྱུར། ལེ་ན་དེ་ལ་ཁ་ཆེའི་ལུང་པར་མ་གཏོགས་བོད་དུ་སྣལ་མ་བཟོ་ཐུབ་པ་མེད་ཚོད། ཁོང་གི་ཚོང་གཟོང་དེ་་རྟ་དྲེལ་བཅོ་ལྔ་ཉི་ཤུ་ལྷག་གི་ཁལ་མ་མ་གཏོགས་མེད་པས། གཡག་དང་ལུག་བཀོལ་མི་དགོས་པ་མཛད། Tsulkhrims Nyima བླ་མ་ཚུལ་ཁྲིམས་ཉི་མའི་མཛད་པ་བསམ་གྱིས་མི་ཁྱབ་པ་བཞུགས། སླར་མཇལ་བའི་ཡིད་སྨོན་ཞུའོ།
རྒན་ལ་དྭགས་པ་ལ་ཐུགས་ཕན་བྱུང་བར་ལེགས། དགུང་ལོ་བརྒྱད་ཅུའི་སྐབས་ལ་ད་དུང་གཞོན་ནུའི་ཚོགས་ལ་རིག་པའི་བགྲོ་གླེང་གིས་རོལ་རྩེད་ཅིར་ཡང་ངོམ་པ་སྨོན་པའི་ཡུལ་དང་། ཚེ་ལོ་བརྒྱ་ཕྲག་ལྷག་ཏུ་བགྲེས་རྒུད་མེད་པར་འཚོ་བའིསྨོན་ལམ་འདེབས།
མཆན།45 བན་དེ་པ་ལེགས། ཉིད་ཀྱིས་༼བོད་རྒྱུད་ནང་བསྟན་པས་འཁོར་འདས་གཉིས་མེད་འདོད་དམ་མི་འདོད། ༽ཅེས་པར་སྤྱི་ལ་ཁྱབ་པའི་ལན་ཞུ་མ་ཤེས། མཁན་པོ་ཚུལ་ཁྲིམས་བློ་གྲོས་གྱིས་བོན་སངས་རྒྱས་ཆོས་ལུགས་ཡིན་མིན་གྱི་གླེང་གཞི་མ་བྱུང་གོང་། བོན་གྱིས་སངས་རྒྱས་པ་ཡིན་པར་འདོད་པ་གཏན་ནས་མ་ཤེས། དེ་ཕྲན་རང་ཉིད་ཐོས་པ་ཆུང་བ། ལྟ་རྒྱ་མེདཔ་བཅས་ཀྱིས་སོ། །ཕྱིས་སུ་མ་ནིའི་ཆོས་ལུགས་དང་བོད་བསྡུར་ནས་ཟླ་ཤས་ཞིབ་འཇུག་བྱེད་དུས་གཞི་ནས་བོན་གྱི་སྐོར་ལ་བལྟ་ཀློགས་བྱེད་པའི་བསྐལ་བ་བྱུང་བ་ལགས། ༡༽མདོ་ཙམ་ཞུ་ན། སྤྱིར་སྤང་གཉེན་ཐ་དད་པའི་ལམ་ཞིག་ཡིན་དུས་སྐབས་དེ་དག་དུ་འཁོར་འདས་ཁྱད་པར་འབྱེད་པ་ལགས། ཤཀྱའི་ཆོས་ལུགས་ཀྱིས་བསྟན་རྩ་འདུལ་བའི་སྡེ་སྣོད་དུ་འཁོར་བ་སྤང་ནས་མྱང་འདས་དོན་དུ་གཉེར་བ་དང་། བྱང་སེམས་ཐེག་པས་ཀུན་འབྱུང་ལས་ཉོན་སྤངས་ནས་འགོག་པ་མངོན་དུ་མཛད་ཚུལ་དང་། སྔགས་ཀྱི་སྐབས་སུ་གཞི་ལམ་འབྲས་གསུམ་ལས། ལམ་གྱི་སྐབས་སུ་སྦྱང་བྱ་སྦྱོང་བྱེད་ཐ་དད་པ་དང་།གཞི་འབྲས་གཉིས་དབྱེར་མེད་དུ་འདོད་པ་མང་བའི་ཕྱོགས་དང་། འཁོར་འདས་ལམ་གསུམ་དག་མཉམ་བདེན་པ་དབྱེར་མེད་འདོད་མཁན་ཉུང་ངུའི་བཞེད་པའོ། །༣༽བསྟན་པ་བསྲེ་ཞེས་པ་ནི། ཕལ་ཆེར་ལམ་གྱི་གནས་སྐབས། དེ་ཡང་ཀུན་རྫོབ་གཙོ་ཆེ་བའི་དབང་གིས་སྟེ། དཔེར་ན། སྟོན་པ། བླ་རབས། ལོ་རྒྱུས། ཆོས་སྤྱོད། ཐ་སྙད། ལྷ་སྐུ། དམ་རྫས། དབྱངས་རོལ། ཕྱག་བཞེས། སྒྲིག་སྲོལ། ཐ་ན་ཞྭ་གོས་སྤྱོད་ལམ་ལ་སོགས་ལ་ཁྱད་ཆོས་འདོན་པའི་སྐབས་སོ། །ཞུ་བྱ་མང་ཡང་དུས་ཚོད་མ་བྱུང་བས་དགོངས་འགལ་མེད་པར་ཞུ། །
གོང་དུ་བྲིས་པའི་སྤྲུལ་སྐུའི་དཔྱད་རྩོམ་ལ་ཞུ་དག་འགྲུབ་མེད་པ་དང་། ཚིག་དོན་ལ་སྐྱོན་མི་ཉུང་བ་བྱུང་བ་དང་། ད་དུང་ཁ་སྐོང་དགོས་ས་མང་ཡང་། བྲེལ་བ་ཤིན་ཏུ་ཆེ་བས་རེ་ཞིག་དེ་ཙམ་ལས་འགོད་མ་ཐུབ།
མཐོང་ཕུལ་ཆེ་བ་དྲི་མེད་ལགས་ལན་གནང་བར་བཀའ་དྲིན་ཆེ། ཁྱེད་ལྟ་བུ་ཆོས་ལུགས་དང་གྲུབ་མཐའ་རིས་སུ་མ་ཕྱེ་བར་ཀུན་ལ་ཐུགས་སྣང་རེ་གནང་ཐུབ་ན་སྤྱི་ཚོགས་ལ་ཁེ་ཕན་དང་རང་ཉིད་ལའང་ཆོས་རྣམ་དག་ཅིག་ཡོང་བའི་རེ་བ་ཡོད། དེ་སྔའི་བར་དུ་བོད་རྒྱུང་ནང་བསྟན་རྗེས་འཇུག་པ་ཞིབ་འཇུག་པར་ཁས་འཆེ་བས་བོན་གྱི་སྐོར་ཅུང་ཙམ་རེ་གླེང་དུས་རང་ཕྱོགས་ཀྱི་མཁས་པས་བཤད་ཟིན་པ་རྣམས་ལ་གཞིར་བཞག་གིས་བསྐྱར་བཤད་ཡང་བཤད་བྱས་པ་ཞིག་ལས་བོན་རང་གི་གཞུང་ལུགས་དང་གྲུབ་མཐའ་ལོ་རྒྱུས་རྣམ་ཐར་སོགས་ལ་སྤྱན་ཟུར་ཙམ་ཅིག་མ་གཟིགས་པར་བཤད་ཁུལ་བྱས་པ་ཤ་སྟག་རེད་འདུག ང་ཚོའི་ཁ་དཔེ་ལའང། ཕྱོགས་སྔའི་ནམ་མ་ལངས་པར་དགག་པའི་ཉི་མ་ཅི་ལ་ཤར་ཟེར་བ་ལྟར་ཕ་རོལ་ལ་དགག་དགོས་ན་དང་པོ་ཕ་རོལ་ཕྱོགས་སྔའི་འདོད་པ་རྣམས་ཡིད་ཡུལ་དུ་ལེགས་པར་ཤེས་པའི་སྟེང་ནས་དགག་ན་་་་ད་བཟོད་གཞི་ནས་དགག་པ་དེ་ལ་ཕ་རོལ་པོར་ཐལ་འགྱུར་ཡང་དག་ཏུ་ཕྱིན་ནས་ཐལ་འགྱུར་གྱི་ལན་གསུམ་འདེབ་མི་ཐུབ་པའི་གནས་སུ་གྱུར་ཡོང། དེ་མིན་ཕ་རོལ་པོའི་ཁས་ལེན་མེད་བཞིན་དུ་དགག་པར་བྱེད་པ་ནི་གཡག་ཞར་གྱི་རྩཱ་ཟ་ཚུལ་ལས་མ་འདས། གཟིགས་དང། ཐུན་མིས་བོད་ཡིག་བཟོས་རབས་ཀྱིས་གཏམ་བརྗོད་ཀྱི་སྒྲུང་དེ་ཚོ་རིམ་བཞིན་ཡལ་ཡོང་གི་འདུག དེ་བཞིན་མ་ཎི་བཀའ་འབུམ་ལས་བཤད་པའི་ཤཱཀྱ་སེང་གེ་འདས་པའི་རྗེས་སུ་གཞི་ནས་བོད་ཡུལ་མཚོ་ནས་སྐམ་སར་ཆགས་དེ་ནས་བྲག་སྤྲེལ་ལས་མི་རུ་འགྱུར་ཚུལ་གྱི་སྒྲུང་དེ་ཚོ་ད་ལྟ་མི་མངོན་པའི་དབྱིངས་སུ་རྒྱས་གདབ་འདུག ཉེ་འཆར་བོད་དིང་རིར་ཞིང་ཁའི་ནང་དུ་མཆོད་རྟེན་ཞིག་ཤུལ་ནས་དཔེ་བུམ་ཞིག་བརྙེད་ཡོད་འདུག་ཅིང། དེ་དིང་རི་རྫོང་ལས་བྱེད་ནས་ཁྱེར་ཤོག་ལབ་པར་མ་སྤྲད་ནས་མཐར་རང་སྐྱོང་ལྗོངས་ཀྱི་ཚན་རིག་ཞིབ་འཇུག་པས་གྲོང་ཚོ་དེར་ཀྲུང་སྒོར་འབུམ་བཅུ་སྤྲད་ནས་ལོ་བཅུ་ཡི་རིང་གཡར་པོ་ཞུས་པ་དང་དེ་ཡི་རིང་གྲོང་ཚོ་དེར་ཡར་རྒྱས་གཏོང་རྒྱུར་རོགས་རམ་བྱེད་རྒྱུ་སོགས་ཀྱི་ཁས་བཅད་བྱས་འདུག ཁོང་ཚོས་བཤད་ན་དཔེ་བུམ་གླེགས་བམ་དེ་རིགས་མི་ལོ་ཁྲི་གཅིག་གི་གོང་ནས་ཡིན་རབས་བཤད་ཡོད་འདུག དེ་བཞིན་བོད་ས་སྟོད་ས་སྟོད་སྨད་ནས་མི་རུས་དང་རྟ་རུས་བསེའུ་རུས་ལས་སོགས་མི་ལོ་ས་ཡའི་གོང་ནས་ཡིན་པའི་དཔང་རྟགས་ཚན་རྩལ་རིག་པས་ཐག་བཅད་འདུག དེ་ཚོ་ནི་བོན་གྱི་ལོ་རྒྱུས་དང་མཐུན་པའི་གནས་ཚུལ་རྐྱང་རེད། དེ་ཚོ་ནི་བོད་ཀྱི་ལོ་རྒྱུས་ངོམ་རིན་ཆོག་པའི་གནས་ཚུལ་མ་རེད་དམ། བྱས་ཙང་ཕྱོགས་གཉིས་ཀ་ལ་མ་དཔྱད་ནས་གཅིག་བཤད་ཁུལ་བྱས་ན་ཉིན་ཅིག་བོང་བུ་དོན་རྒྱུ་རང་རེད། གང་ལྟར་ངས་ཁྱེད་ལ་རེ་བ་ཞུ་གི་ཡོད། དེ་བཞིན་ཕར་ཕྱིན་ཐེག་པ་ནས་དག་པ་རབ་འབྱམས་འབའ་ཞིག་ཡིན་ཚུལ་དང། འཁོར་འདས་གཉིས་མེད་ཡིན་ཚུལ། སྔགས་ནས་སྣོད་བཅུད་ཐམས་ཅད་ལྷ་དང་ལྷ་མོའི་རང་བཞིན་ལས་སོགས་དག་མ་དག་འཁོར་འདས་ལས་སོགས་གཉིས་མེད་དུ་འདོད་པ་ནི་ཡོངས་སུ་གྲགས་པ་རེད། དེ་བཞིན་ཆོས་ལུགས་གཉིས་མཉམ་བསྲེ་ཞེས་པ་དེའང་མཆོད་རྫས་དང་ལྷ་སྐུ་བླ་བརྒྱུད་ཀྱི་བླ་མ་སོགས་མཉམ་བསྲེ་མི་རུང་གསུང་ན་་་་་བཀའ་བརྒྱུད་པའི་ཁྱིམ་ཚང་ཞིག་ཏུ་དགེ་ལུགས་ཀྱི་བླ་མའི་སྐུ་པར་དང་ལྷ་ཡི་པར་དང་གསུང་རབ་ལས་སོགས་འཇོག་མི་རུང་བ་ཡིན་ནམ། དེ་ལྟར་ན་བཀའ་བརྒྱུད་པ་ཞིག་གིས་དགེ་ལུགས་ཀྱི་བླ་མའི་མདུན་ནས་དབང་ལུང་ཁྲིད་སོགས་ཞུ་མི་རུང་ངམ། དེ་ལྟར་ན་ཤུགས་ལྡན་པས་དགེ་རྙིང་བསྲེ་ན་འགྲིག་གི་མི་འདུག་གསུངས་པ་དང་ཕྱོགས་ཡོངས་སུ་མཐུན་པ་ཞིག་ཏུ་མཐོང།
མཁན་པོ་འགའ་རེས་སྤྲུལ་སྐུ་མི་དགོས་ཟེར་ནས་སྐད་རྒྱག་པ་འདི་སངས་རྒྱས་ཀྱི་བསྟན་པ་ལ་གཅེས་སྤྲས་བྱས་པ་ཞིག་ཡིན་ནམ། ཡང་ན་མཁན་སྤྲུལ་གཉིས་བར་གྱི་དབང་ཆའི་འཐབ་རྩོད་ཅིག་ཡིན། གལ་སྲིད་དགོན་པ་དེར་སྤྲུལ་སྐུ་ཞིག་ཡོད་ན་ཁོང་ནི་མཁན་པོ་ལས་གོ་ས་མཐོ་བ་དང་། སྤྲུལ་སྐུ་མེད་ན་མཁན་པོ་དབང་ཆ་ཆེ་བ་ཤེས་གསལ་རེད།