ཤིས་ཚང་ལྗང་མྱུག
—————
ལམ་འགྲམ་གྱི་ལྗོན་གསེབ་དེ་རུ
ངོ་མི་ཤེས་པའི་སྤྲེའུ་ཞིག་གིས་སྙན་ངག་གྱེར་གྱིན་འདུག
སྙན་ངག་ཏུ་སྤྱི་ཚོགས་ཤིག་གི་སྣང་ཚུལ་གླེང་གི་འདུག
ངའི་སྔུན་གྱི་ཕྱི་གླིང་ལམ་འགྲོ་བ་དེས
གོམ་ཁ་ཕྱིར་ལ་ནུར་ཙམ་གྱིས་
རྒྱབ་ཁུག་ཏུ་བཅུག་པའི་པར་ཆས་མཆུ་རིང་དེ་
ཕྱིར་ལ་བཏོན་ཏེ་
ཡ་མཚར་མདོག་གིས་སྤྲེའུ་དེའི་ཉམས་སྣང་མཐའ་དག་སྒྲོན་པར་བརྩམས།
མ་ཎིའི་དབྱངས་རྟ་ལ་བྱང་བའི་རྨོ་མོ་དེས་ཀྱང་
མིག་ཆུའི་ཐིགས་པ་འགའ་མཁུར་འགོར་དཔྱངས་ཏེ
སྤྲེའུས་གྱེར་བའི་སྙན་ངག་ལ་རྣ་བ་བླགས་ཤིང་།
ཕྱི་གླིང་བའི་པར་ཆས་ཀྱི་ནང་དུ་
རང་ཉིད་ཐེ་བའི་རེ་བ་བཏོན།
ལྟག་རྒྱབ་ན གསར་བུ་རྐྱལ་སྟོང་ཁག་ཅིག་གིས
མིག་ཆུ་བཏུང་བའི་རྨོ་མོ་དེ་དང་
པར་ཆས་བསྲིངས་པའི་ཕྱི་གླིང་བ་གཉིས་ལ་
འཕྱ་དགོད་བྱེད་ཀྱིན་འདུག
ངས་སྤྲེའུའི་སྙན་ངག་གི་བརྗོད་དོན་ལ་ཉན་ཞོར
སྐབས་དེའི་མཐོང་སྣང་གི་རྨོ་མོ་དང་ཕྱི་གླིང་བ
ད་དུང་། ཁྲེལ་དགོད་དང་ཧབ་ཆས་བཟི་བའི
རྐྱལ་སྟོང་དེ་ཚོ་
རེ་རེ་བཞིན་ཟིན་ཐོར་བཏབ་སྟེ་
དེ་རིང་གི་ཉིན་ཐོའི་ལྟེབས་བར་དུ་བཅུག་པ་ཡིན།
༢༠༠༨།༡༢།༡༤ཉིན་དྲ་ཐོག་ནས།
རྐྱལ་སྟོང་དེ་ཚོ་ལ་ནམ་ཡང་འགྱུར་བ་ཞིག་མི་འགྲོ
དེ་ལྟར་བོད་པ་ཚང་གི་ལས་དབང་ལ་གོད་ཆགས་ཤོར་དུས
ལྟད་མོ་བ་ཁ་ཤས རྒྱང་རིང་ནས་ཐོན་འོང་ངེས་རེད
ཡིན་ཡང་ སྐར་ཆ་ཁ་ཤས་ཀྱི་རྗེས་སུ
ཅི་ཡང་མི་མཐོང་བར ཤུལ་དུ་ལུས་པ་ནི་དབྱངས་རྟ་ཞིག
དབྱངས་རྟ་དེ་ཡང་དབྱངས་རྟ་རང་ཞིག་མིན་པར།
གངས་ཅན་ལྗོངས་ཀྱི།
གངས་རི་དང་རྫ་རི་བྲག་རིའི་ངོས་སུ་འགྱུར་མེད་སྒྲ་རུ་ཕབ་འདུག
སྤྲེའུ་དང་རྨོ་མོ་གཉིས་ཀྱང་།
ཕྱི་གླིང་བའི་པར་ཆས་བརྒྱུད་ནས་འགྱུར་མེད་ཀུན་ཏུ་ཁྱབ་འདུག
དེ་ནས་བཟུང། དོན་དག་ཆུང་ཆུང་དེ།
ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་དོན་ཞིག་ཏུ་གྱུར་འདུག
ཡེ་ཤེས་འཁྲུངས་སྐར་གྱི་དུས་ཚོད་དང་བསྟུན།
མགོན་པོ་ཕྱག་གཉིས་པས།
སྤྲེའུ་དང་རྨོ་མོ་གཉིས་འཚམས་ཤོག་སྙིང་རྗེ་བོ་ཞིག་ཏུ་བཟོས་འདུག
དེའི་ཐོག་སྙན་ངག་དེ་ཡང་བཀོད་འདུག
དེ་ནི། ལོ་འདིའི་ནང་གི་ཆེས་བྲིན་ཆེ་ཤོས་ཀྱི་འཚམས་ཤོག་ཏུ་གྱུར་འདུག
མགོན་ཕྱག་ཚང་འདི་སྙན་ངག་པ་དངོས་གནས་རེད་འདུག་ཡ།
སྙན་ངག་ནི་སུས་ཀྱང་བྲིས་ཆོག་ལ། བརྗོད་བྱ་ཡང་བཅད་མཚམས་མེད། ཕྲིས་ཡ་་་་་་
རྒོད་པོ་ཁྱེད་རང་ལ་ངར་ཤུགས་ལངས་པ་ལ་བལྟས་ན་ཁྱེད་རང་ལ་སྙན་ངག་འབྲི་འདོད་ཡོད་པ་འདྲ། ཁྱེད་རང་གི་གང་བསམ་ཞིག་བྲིས་ཤིག ངེད་ཅག་ཀློག་ནས་བལྟས་ཆོག
དྲ་གྲོགས་ཚོ། དོན་མེད་ཀྱི་སྐད་ཆ་བཤད་ནས་མི་འདུག་པར་བརྗོད་གཞི་རེ་རེའི་དོན་གནད་ལ་བསམ་ཚུལ་རེ་སྤེལ་ན་རང་གཞན་ཀུན་ལ་ཕན་ཐོགས་འབྱུང་བར་སྙམ།