འདྲེ་མགོ་རྡོ།
དེ་རིང་གསར་འགྱུར་ལ་ལྟ་དུས་སྦར་སིལ་དོན་གཅོད་གསར་བ་གཏན་འཁེལ་ཟིན་པ་མཐོང་། སྤྱིར་བཏང་སྦར་སིལ་དོན་གཅོད་འདིའི་སྐོར་ལ་ཉེ་སྔོན་སྐད་ཆ་མང་དག་ཅིག་བྱུང་ནས། སྤྱི་ཚོགས་ནང་དུའང་དོགས་པ་ཐེ་ཚོམ་སྣ་ཚོགས་ཤིག་བྱུང་ཡོད། དེས་རྐྱེན་ང་འདྲེ་མགོ་རྡོས་ཀྱང་། སྦར་སིལ་དོན་གཅོད་ཐུབ་བསྟན་རྒྱ་མཚོ་ཕྱིར་བསྡུ་བྱས་པ་དང་འབྲེལ་ཏེ་དོགས་གཞི་བྱུང་བ་ཁག་ཅིག་རིགས་པའི་ལམ་ནས་བགྲོ་གླེང་བྱེད་འདོད་བྱུང་། གནད་དོན་འདི་དག་གཙང་ངང་མཇུག་སྐྱེལ་ཟིན་པར་བོད་གཞུང་གི་ངོས་ན་སྨྲ་ན་ཡང་། མཇུག་བསྡུ་རྒྱུའི་རྒྱུ་མཚན་གྱིས་སྤྱི་ཚོགས་ནང་བྱུང་བའི་དོགས་གཞི་ཐམས་ཅད་གཙང་སེལ་བྱུང་མེད། སྤྱིར་འཁོར་ལོས་བསྒྱུར་བ་དག་གིས་གནད་དོན་ཡོད་ཚད་སྐྱོང་ཡུལ་མི་མང་ལ་ཕྱི་གསལ་ནང་གསལ་གནང་གི་མ་རེད་ལ། གནང་ཀྱང་དམངས་ཀྱི་མིག་གིས་མཐོང་རྒྱུའང་ཁག་པོ་ཡིན་མོད། ཁག་པོ་དེ་དག་གི་ཁྲོད་ནས་བྱུང་བའི་སྐུ་ཞབས་ཐུབ་བསྟན་རྒྱ་མཚོ་དོན་གཅོད་དུ་བསྐོ་བསྡུ་བྱས་རིམ་ནི་རྦད་དེ་མི་མཐོང་བ་ཞིག་ཀྱང་མ་རེད།
ང་དང་ང་ལྟ་བུ་རང་གི་གཞུང་ལ་ཡིད་ཆེས་བྱེད་མཁན་ཞིག་དང་། ལྷག་ཏུ་༧ཏཱ་ལའི་བླ་མའི་མིང་འདི་གར་ཡོད་ས་ལ་གུས་ཕྱག་འབུལ་མཁན་དག་གིས་ད་བར་གཞུང་གིས་འདི་འདྲ་ཞིག་གནང་གི་རེད་བསམ་པ་ཞིག་དྲན་པའི་ཡུལ་ན་མེད་ཀྱང་། དོན་དག་ཟེར་བ་འདི་བྱུང་གིན་བྱུང་གིན་ལྟ་སྟངས་ཀྱང་མ་འདྲ་བ་ཞིག་དགོས་པ་དེས་ང་དང་ང་ལྟ་བུ་དག་ལ་ད་ལྟ་ནི་༧ཏཱ་ལའི་བླ་མའི་མཚན་གྱིས་མནན་ཏེ་བཀབས་ཀྱང་། མཐའ་མར་ཡིད་དུ་འདི་ཨེ་ཡིན་ནམ་བསམ་བསམ་ཞིག་དྲན་པར་འཁོར་གྱིན་འདུག དེ་ཡང་བཀའ་དྲིན་ཆེན་པོ་ཞིག་ལོས་ཡིན་སྟེ། མཐར་གཏུག་ན་རང་ཉིད་རང་མགོན་ཡིན་པའི་འདུ་ཤེས་ཏེ་དྲན་སྐུལ་གཏོང་ཞིང་། བོད་དུ་མགོན་མེད་པ་ཞིག་ལ་ཕྱི་ནས་ཀྱང་མགོན་མེད་པའི་ཚོར་བ་བྱིན་ན་སྤྱིར་བཏང་ཐབས་སྡུག་རེད་ལ།
༡ བཤད་སྟངས་བྱས་ན། དྲིལ་བསྒྲགས་ལས་ཁུངས་ཀྱིས་འོས་མི་བཙལ། བཀའ་ཤག་ནས་བཀའ་བསྡུར་བྱས། ༧ཏཱ་ལའི་བླ་མར་འཆར་འབུལ་ཕུལ་རྗེས་གཏན་འཁེལ་གནང་བ་རེད་ཟེར། འགྲོ་ལུགས་འདི་ཡིན་ས་རེད་ལ། ཐུབ་བསྟན་རྒྱ་མཚོ་ལའང་དེ་ལྟར་གནང་ཡོད་པ་བདེན་པར་འདུག
༢ བཤད་སྟངས་བྱས་ན། དོ་བདག་རྡ་སར་སོང་ནས་བཙུན་པ་ཟམ་གདོང་ལ་ངོ་བཅར་ཞུ་སྐབས། བཙུན་པ་ཟམ་གདོང་གིས། ངོས་ནས་ཁྱེད་རང་ངོ་ཞེ་དྲག་མི་ཤེས། ཁ་སང་དེ་ལྟར་དོན་གཅོད་དུ་བསྐོས་ཀྱང་། ད་ཆ་ཁྱེད་ཀྱིས་སོ་སོ་སྒེར་གྱི་དཀའ་ངལ་ཅིག་དང་ཡང་ན་དོན་གཅོད་ཀྱི་འཕོག་འབབ་གང་རུང་ལ་ཁ་གཡར་ཏེ་དགོངས་པ་ཞུ་རོགས་ཟེར།
༣ སྐབས་དེར་མདོ་སྨད་ཀྱི་གནད་ཡོད་འཛོམས་སར་དོ་བདག་གིས་རྒྱུ་མཚན་གསལ་བཤད་བྱས་འདུག ད་དུང་སྤྱི་འཐུས་རེ་འགའ་དང་བླ་མ་རེ་འགའ་གྲོས་ལ་འདུས་ཏེ། སྤྱི་འཐུས་རྒྱལ་རོང་ཟླ་ཚེ་བཙུན་པ་ཟམ་གདོང་ངམ་བཀའ་ཤག་སར་བཅར་སྐད་ཐོས་མོད། དེར་ལན་གང་བྱུང་གསལ་བོ་མ་ཤེས།
༤ ཕ་རན་སི་ནས་བོད་རིགས་ཡིན་མིན་དང་། བོད་ཀྱི་ཚོགས་པ་ཡིན་མིན་གཉིས་ཀས་ཡི་གེ་རྒྱབ་སྐྱོར་ཡོད་མེད་གཉིས་ཀ་བཀའ་ཤག་ཏུ་ཕུལ་འདུག་ཟེར། ཡོངས་གྲགས་དྲ་ངོས་ནས་མཐོང་བ་རྣམས་ཀུན་ལ་མངའ་གསལ་རེད།
༥ བཀའ་དྲུང་མི་འགྱུར་རྡོ་རྗེས་བཅའ་ཁྲིམས་བཟོ་བཅོས་ཕྱིན་པ་ལ་བརྟེན་ནས་ལས་སྣེ་མང་པོ་ཞིག་རང་བཞིན་གྱིས་འཕོ་འགྱུར་ཕྱིན་པར་བརྟེན། དོན་གཅོད་རྣམས་འཕོ་འགྱུར་འགྲོ་ངེས་ཁོངས་ནས་ཁོང་ཡང་རང་བཞིན་འཕོ་འགྱུར་ཕྱིན་ཟིན་པར་བཤད་འདུག ད་དུང་བཀའ་ཤག་གི་ཐག་གཅོད་གནང་སྟངས་ལ་དྲི་བ་མང་པོ་བཏང་མི་འོས་ཚུལ་གྱི་སྐད་ཆའང་བཤད་འདུག
༦ དམངས་ཁྲོད་ནས། འདི་ནི་རྒྱབ་མེད་དཔུང་མེད་རྩེད་ཆས་བྱེད་སྟངས་ཤིག་དང་། སྐུ་ངོ་བཀྲ་ཤིས་དབང་འདུས་སོགས་ཀྱི་ཕྱོགས་ནས་སྐད་ཆ་ཐོན་གྱི་ཡོད་པ་དང་། བོད་གཞུང་ཁྲིམས་སྒྲིག་གཞིར་བཟུང་འགྲོ་མ་ཐུབ་པ་དེ་ཤུགས་རྐྱེན་ཆེ་ཤོས་གཞན་ཞིག་གིས་གནོན་ཤུགས་ཆེ་རབ་དང་། གནོན་ཤུགས་དེའང་སྐུ་དྲག་དང་མི་བརྒྱུད་ངན་འབྲེལ་གྱིས་བྱས་པ་ཡིན་པར་སྒྲོགས་ཀྱིན་ཡོད་ལ། དེའི་ནང་ཤེས་ཡོན་ཅན་མང་པོས་མངོན་སུམ་འཛེམས་མེད་ཀྱིས་རང་གི་རེ་དོགས་རྣམས་དམར་བརྗོད་བྱས་འདུག
གོང་གི་དོན་ཚན་དྲུག་པོ་འདི་དངོས་དང་བཤད་སྟངས་གཉིས་སུ་བྱུང་བ་ཡིན་སྟབས། ང་ཚོས་དོན་ཚན་དེ་དག་གི་རྒྱབ་ཏུ་དངོས་གནས་ཅི་ཞིག་སྦས་ཡོད་མེད་བརྟག་ན་འོས་སམ། གནད་དོན་དེར་ངས་བསམ་ཚུལ་སྙིང་བསྡུས་ཀྱིས་བརྗོད་ན།
༧ཏཱ་ལའི་བླ་མའི་ཕྱག་རྟགས།
༧ཏཱ་ལའི་བླ་མའི་ཕྱག་རྟགས་ལ་རེ་དོགས་གང་ཡང་མེད། འདིའི་དོན་དངོས་ནི་ཁོང་གིས་ཕྱག་རྟགས་གནང་བ་ཙམ་རེད་ལ། གཤམ་འོག་ནས་འཆར་འབུལ་ཕུལ་ཟིན་པར་དགོངས་བཞེས་ཆེ་ས་ནས་གནང་སྟེ་ད་བར་བཀའ་ཤག་གིས་གང་ཕུལ་ལ་ཕྱག་རྟགས་མ་བསྐྱོན་པ་ཡོད་པར་མ་ཐོས། མ་གཞི་ནས་བོད་གཞུང་གི་ཆེ་གྲས་དག་གི་སྐུ་ཉེ་སྤུན་མཆེད་རྣམས་དོན་གཅོད་དུ་འཕོས་འགྲོ་དུས་ལས་བྱེད་རྣམས་ཧང་སང་གི་ཡོད་ཀྱང་། ༧ཏཱ་ལའི་བླ་མས་དེ་ལ་ཕྱག་རྟགས་གནང་རྐྱང་གནང་གི་ཡོད། དེ་ནི་༧ཏཱ་ལའི་བླ་མའི་ས་ནས་དགོས་པ་དེ་ཕལ་ཆེར་ཕྱག་རྟགས་གཅིག་པུ་ཡིན་སྲིད་པ་རེད་ལ། ༧ཏཱ་ལའི་བླ་མ་རང་ངོས་ནས་ཀྱང་མིང་ཙམ་གྱི་ཕྱག་རྟགས་ནས་རྦད་དེ་ཕྱག་རྟགས་མེད་པར་འགྱུར་རྒྱུའི་དགོངས་བཞེས་རྒྱ་ཆེན་གནང་ཡོད་པས། ཕྱག་རྟགས་ནི་མིང་ཙམ་ཡིན་པ་གསལ་བོ་རེད། འོ་ན་ཕྱག་རྟགས་བསྐྱོན་མཁན་དེས་ཐུབ་བསྟན་རྒྱ་མཚོ་དོན་གཅོད་དུ་བསྐོ་འདོད་ཡོད་མེད་ཀྱང་གནས་ཚུལ་གཞན་ཞིག་རེད་འདུག་པས། ༧ཏཱ་ལའི་བླ་མ་མཆོག་ལ་འདིའི་བར་དུ་སྐུ་སྐལ་གང་ཡང་མི་འདུག་བསམས་སོང་། ཡོད་ནའང་། དོན་དག་ལ་གསན་བཞེས་གནང་བ་ཙམ་རེད་འདོད།
བཙུན་པ་ཟམ་གདོང་དང་བཀའ་ཤག།
དོ་བདག་རང་གི་ངོས་ནས་བཤད་ཀྱང་བཙུན་པ་ཟམ་གདོང་ལགས་ནི་ཁོང་གི་དགེ་རྒན་ཡིན་པར་བཤད་པ་དང་། བཙུན་པ་ཟམ་གདོང་གི་གནང་སྟངས་ལ་ཡིད་ཆེས་བླ་མེད་བྱེད་མཁན་གྱི་གྲས་རེད་འདོད། དེ་བཞིན་རང་རེ་བའི་ཁྲོད་ཀྱི་བཙུན་པ་ཟམ་གདོང་གི་ལངས་ཕྱོགས་སྲིད་བྱུས་མ་འགྲིག་ཟེར་མཁན་ཚོས་ཀྱང་། བཙུན་པ་ཟམ་གདོང་ལ་མི་སྤུས་མེད་པ་དང་རུལ་སུངས་ཡོད་པའི་སྐྱོན་གྱིས་དགག་བྱ་བྱས་མྱོང་མེད། དེ་ནི་གངས་ཅན་པ་ཚང་མས་མགྲིན་གཅིག་དབྱངས་གཅིག་གིས་གླེང་བ་ལྟར་བཙུན་པ་ཟམ་གདོང་ལགས་དངོས་གནས་རུལ་སུངས་པ་ཞིག་མིན་པ་དེས། ༧ཏཱ་ལའི་བླ་མའི་རྗེས་ནས་བཙུན་པ་ཙམ་གདོང་ཡིད་ཆེས་བྱེད་ས་གཅིག་པུ་དེ་ཆགས་ཡོད། མང་གཙོའི་འོས་ཤོག་ནང་གཅིག་བྱས་ན་རུལ་སུངས་མེད་པའི་སྲིད་སྐྱོང་པ་བཙུན་པ་ཟམ་གདོང་ཁོ་ན་ཆགས་སྲིད་པ་རེད། དེ་ལྟ་བུའི་གང་ཟག་རླབས་ཆེན་ཞིག་གིས་ཐུབ་བསྟན་རྒྱ་མཚོའི་སྟེང་དུ་ཁྲིམས་སྒྲིག་དང་ལུགས་སྲོལ་ལ་གོ་ལྡོག་ཏུ་ཕྱིན་པའི་གནས་བབ་ལག་ལེན་བསྟར་གྱི་རེད་དམ་ཟེར་ན། དེ་ནི་ཕལ་ཆེར་དོགས་གཞི་བྱེད་མི་དགོས་པ་ཞིག་རེད། འོན་ཀྱང་བཀའ་ཤག་གི་གྲོས་ལ་དབང་བའི་སྐབས་སུ་བཙུན་པ་ཟམ་གདོང་མང་གཙོ་གཙིག་ཆེན་བྱེད་མཁན་ཞིག་ཡིན་སྟབས། བསྐོ་བཞག་གནམ་ལ་གྲགས་པ་ཞིག་བྱས་པའི་ཐུབ་བསྟན་རྒྱ་མཚོ་ལྐོག་ལྐོག་སུལ་སུལ་ངང་ཕྱིར་བསྡུ་བྱེད་དུས་ཀྱང་། བཀའ་ཤག་གི་ཐག་གཅོད་ཅིག་ལ་བསྟུན་པ་ནི་གསལ་བོ་དག་པོ་རེད། འོ་ན་རླབས་ཆེན་གྱི་མི་དེས་རྒྱུ་མཚན་མེད་ས་ནས་མིའི་སེམས་ལ་སྡུག་འཇོག་གི་རེད་དམ། དེའི་སྡེ་བ་འཚོ་བར་ཕོག་ཐུག་གཏོང་གི་རེད་དམ། དེ་སྤྱི་ཚོགས་ནང་གླེང་རྒྱུ་ཅན་ཞིག་ཆགས་འཇུག་གི་རེད་དམ། འདི་ནི་ང་ཚོའི་བློ་ངོར་བབས་པའི་དོགས་པ་རང་ཡིན་པས། བཙུན་པ་ཟམ་གདོང་གི་བཀའ་ཤག་གིས་ཅིའི་ཕྱིར་ཐུབ་བསྟན་རྒྱ་མཚོ་ཕྱིར་བསྡུ་གནང་བ་རེད་དམ་ཞེས་པ་འདི་རེད།
ཡིག་འཁྱར་དང་དེའི་རྒྱབ་ཀྱི་གནོན་ཤུགས།
བཙན་བྱོལ་སྤྱི་ཚོགས་འདི་ཟུར་གསུམ་ཞིག་ཡིན་པ་ངས་གནའ་ནས་བཤད་ཡོད། བླ་མ་སྐུ་དྲག་གི་ཟུར་དེ་གཞུང་དང་གཞུང་གི་ཁྲིམས་ཀྱིས་བསྒྱུར་བའི་མི་དམངས་ཀྱི་དཀྱིལ་འཁོར་ནས་བརྒལ་འགྲོ་གྱིན་ཡོད། འདི་ནི་ཉེ་འཆར་བྱུང་བ་ཞིག་ཀྱང་མིན་ལ། བཀས་བཀོད་རྒྱུད་འཛིན་གྱི་གཡའ་མ་དག་ས་ན་འདི་འདྲ་མཐོང་རྒྱུ་མང་པོ་ཡོད། ཟུར་འདིས་ཁྲིམས་དང་མི་དམངས་གཉིས་ཀ་གནོན་ཤུགས་ཆེན་པོ་སྤྲོད་ཀྱི་ཡོད་ལ། མི་དམངས་ཀྱི་སེམས་ནའང་དེ་དག་ལུགས་སྲོལ་ཏུ་གྱུར་ནས་གོམས་སྲོལ་དུ་གྱུར་ནས་ཁ་ཐུག་དེས་གནོད་ཀྱི་ཡོད་མེད་ཀྱང་བསམ་བློ་གཏོང་གི་མེད་ལ། ཁ་ཤས་ཀྱིས་བསམ་བློ་འཁོར་ཀྱང་སྨྲ་རྒྱུའི་འདོད་པ་བསྟེན་གྱི་མེད། ལམ་ལུགས་དེ་དང་ཟུར་དེའི་ཁྲོད་ནས་འུ་ཚོའི་ཆེན་པོ་གང་ཡང་རུང་བ་ཞིག་གིས་གནད་དོན་གང་ཡང་རུང་བ་ཞིག་ལ་བསམས་ནས་ཁོང་ལས་གནས་ནས་ཕྱིར་བསྡུ་བྱེད་འདོད་པའམ། ཁོང་གི་ལས་གནས་ལ་བར་ཆད་གཏོང་རྒྱུ་ནི་ཡོང་སྲིད་པ་ཞིག་རེད། འོན་ཀྱང་། ང་ཚོས་གསལ་བོ་ཤེས་དགོས་པ་ཞིག་ནི། གལ་སྲིད་འདི་འདྲ་ཞིག་བྱུང་ཡོད་ན། དེ་ལ་བཙུན་པ་ཟམ་གདོང་གིས་ཀྱང་རང་གི་བདེན་པ། འཚེ་བ་མེད་པ། ཡང་དག་པའི་མང་གཙོ་ཟེར་བའི་རྩ་དོན་ཁྲོད་ཀྱི་བདེན་པ་དོར་ནས་མགོ་སྒུར་དགོས་དུས། དེའང་སྔ་ན་མེད་པའི་ཟུར་ཁ་ཅན་ཞིག་ཡིན་པ་ཐག་གཅོད་ཡིན་པས། འདིའི་ཕྱོགས་ལ་རང་ཅག་གིས་དོགས་པ་བྱེད་སྟངས་མ་ནོར་བ་ཞིག་དགོས་པར་སེམས། འོན་ཏང་། ཡིག་འཁྱར་ཡིན་ཡང་ཡི་གེ་ཡིན་ཡང་གང་ལྟར་བསྐོ་བཞག་གཏན་འབེབས་གནང་རྗེས་བྱུང་བའི་གནས་ཚུལ་ཞིག་ལ་བརྟེན་ནས་ཁོང་ཕྱིར་བསྡུ་གནང་བ་ཡིན་ཙང་། ཡིག་འཁྱར་རམ་གནོན་ཤུགས། ཡང་ན་དགག་དགོས་རྒྱུ་མཚན་ངེས་ཅན་ཞིག་མེད་ན་བཙུན་པ་ཟམ་གདོང་གིས་དེ་ལྟར་གནང་ཚོད་མི་འདུག་པ་གསལ་བོ་རེད།
མཇུག་གཏམ་གང་ཟག་ཁེར་རྐྱ་བ།
ཐུབ་བསྟན་རྒྱ་མཚོ་ལགས་ནི་ག་དུས་ཡིན་ཡང་གང་ཟག་ཁེར་རྐྱང་བ་ཞིག་སྟེ། རྒྱབ་མདུན་བློས་མི་དཔོག་པ་ཞིག་མེད་དུས་ཙ་ན། ཁོང་དོན་གཅོད་དུ་བསྐོས་པས་མི་རྣམས་བློ་དགའ། ཁོང་ལ་དར་འཐེན། བར་དུ་ཕྱིར་བསྡུ་བྱས། དེ་ལ་གདུང་སེམས་མཉམ་བསྐྱེད་བྱས། མཐའ་མར་བརྒྱ་བཤད་སྟོང་གི་རྗེས་སུ། མི་རྣམས་ལ་རེ་དོགས་སྐྱེས། ག་རེ་བྱས་ཡིན་ན། ཁ་གསལ་བོས་ཕྱིར་བསྡུ་བྱས་མི་ཆོག་པ་ཅི་ཞིག་ཡིན་ནམ། ཁོས་དགོངས་པ་ཞུས་འདུག་གམ། ཟེར་བ་སོགས་ཀྱིས་གནས་ཚུལ་རྣམས་རིམ་བཞིན། གང་ཟག་རང་ག་བ་ཞིག་ལངས་ས་ནས་འགྱེལ་གཞིར་ཆགས་ཉེན་འདུག་ན། སྐུ་ཞབས་བློ་སེང་གི་གཞུང་གིས་འདི་ལ་གསལ་བཤད་ངེས་འདྲོངས་མཐོང་བ་རེ་གནང་མི་ཐུབ་ནའང་། གང་ཟག་གཅིག་དོན་མེད་པར་ལངས་རྒྱུ་མེད་པ་མི་བཟོ་བའི་དྲན་སྐུལ་ཞིག་དང་མཉམ། ཟིན་བྲིས་པ་ཞེས་འབོད་པ་རྣམས་ཀྱིས་ཀྱང་ལྷག་བསམ་གྱིས་ཀུན་ནས་བསླངས་ཏེ་བགྲོ་གླེང་བྱེད་རོགས་ཞུ།
འདྲེ་མགོ་རྡོ་ཉོན་ཅིང་།
ཁྱེད་ཀྱིས་བྲིས་པའི་དྭོགས་པའི་རྒྱ་མཚོ་ལས་འཕྱུར་བའི་ཡིག་ཉོག་འདིའི་ནང་གི་ཆུ་ཐིག་གཅིག་ལ་ཡང་དཔང་རྟགས་ཀྱི་ཟེགས་མ་མིན་འདུག་པས། ཡིག་ཉོག་ལྟ་བུར་མཐོང་། གཞི་ནས་རྙོག་འདྲ་འདི་བོད་གཞུང་གི་ཁྲིམས་ཞིབ་ལས་ཁུངས་བརྒྱུད་ནས་རྩོད་ན་དོན་ཡོད་ཀྱི། ཁ་བརྡ་འདིར་མིང་རྫུན་མ་ཁྱེར་ནས་དྭོགས་འདྲི་ཤ་སྟག་བཤད་བསྡད་ན་ཕན་པ་མིན་འདུག
བོད་མི་ཀུན་གྱིས་སྙིང་ལ་བཅངས་པའི་གོང་ས་སྐྱབས་མགོན་མཆོག་ལ་བོད་པ་ཁྱོད་འདྲ་བ་ཞིག་གིས་ཏྰ་ལའི་བླ་མ་ཞེས་བྲིས་ཡོང་དུས་རྒྱལ་བ་ཁོང་ལ་མཐོང་ཆུང་ལྟ་བུར་མཐོང་གི་འདུག
བཙུན་པ་ཟམ་གདོང་ཞེས་སྣང་ཆུང་གི་འབྲི་སྟངས་འདི་ཡང་ཤེས་ཡོན་པ་དང་རང་རིགས་ལ་ཤ་བཞེན་ཅན་ཞིག་གི་འབྲི་སྟངས་མིན་པ་ཤེས་ཀྱི་འདུག
འདྲེ་མགོ་རྡོག་ཁྱེད་ཤེས་རྒྱ་དང་ཉམས་མྱོང་ཀུན་ཚང་ཡོད་ན། རྡ་སར་ཕེབས་ནས་ཁྲིམས་གཏུགས་བགྱིད། ང་ཚོས་བལྟས་ཆོག། བོད་ནང་ལ་རྒྱལ་བ་རིན་པོ་ཆེར་མཚན་སྨོད་ཞུ་མ་ཐུབ་པར་རང་སྲོག་མེ་ལ་ལྕེབས་མཁན་འགའ་ཤས་བྱུང་སོང་། ད་ལྟ་རང་དབང་ལུང་པའི་ནང་ལ་བོད་མི་སྤྱིའི་བདེ་སྡུག་དང་འབྲེལ་བ་མེད་པར་རྒྱལ་བ་རིན་པོ་ཆེར་མ་འདོད་པའི་རྣམ་འགྱུར་སྟོན་མཁན་རེ་གཉིས་མཐོང་ཚེ་བཟོད་པ་སྒོམ་ཐུབ་ཀྱི་མིན་འདུག།
མདོར་ན་སྡུག་གྱོང་རེད། བོད་གཞུང་ལ་ལས་བྱེད་བསྐོ་བའི་དབང་ཆ་ཡོད་ན། ལས་བྱེད་ཕྱིར་སྐྲོད་གཏོང་བའི་དབང་ཆ་ལོས་ཡོད། ཁྱེད་དེ་ལ་མ་འདོད་ན། སྡུག་གྱོང་བྱེད། དོན་མེད་རྒྱལ་བ་རིན་པོ་ཆེར་རྒྱུ་མཚན་དང་དངོས་ཡོད་མ་ཡིན་པའི་སྐྱོན་སྟོན་ནས་ཟུར་ཟ་མ་བྱེད། གསལ་པོ་ཤོད། ཕོ་ཁྱོ་ག་ཡིན་ན།
ཁྱེད་ཀྱི་རྩོམ་འདིས་ཅི་བསྟན་ཞེས་ན། གཞན་གྱི་རྒྱབ་ལ་ཡིབ་ནས་གཞན་ལ་རྡོ་འཕང་པ་ལྟ་བུ་མཚོན་གྱི་འདུག། ད་དུང་ཐུབ་བསྟན་རྒྱ་མཚོ་ཁ་ལ་ཁྱེར་ནས་རྒྱལ་བ་རིན་པོ་ཆེ་དང་ཟམ་གདོང་རིན་པོ་ཆེར་འཚང་འབྲུ་བྱེད་སྟངས་འདིས་ཁྱོད་བོད་ཁ་བ་ཅན་གྱི་རིགས་ལ་ཇི་ཙམ་ཤ་ཚ་ཡོད་མེད་གསལ་ཐག་ཆོད་ཤེས་ཀྱི་འདུག
བོད་མགོ་ནག་ཚང་མར་རྒྱལ་དབང་ཁོང་ག་ཚོད་བཀའ་དྲིན་ཆེན་པོ་ཡིན་པ་ཚང་མས་ཤེས་བཞིན་དུ། ཐུབ་བསྟན་རྒྱ་མཚོ་ཁ་ལ་ཁྱེར་ནས་རྒྱལ་བ་ཁོང་ལ་རྒོལ་སྟངས་འདིས་ཁྱོད་ཀྱི་སེམས་དུག་ནག་གིས་ཁྱབ་པ་འདི་ང་ཚོ་བོད་མིར་ཇི་ཙམ་གནོད་ཡོང་མིན་གསལ་པོ་ཤེས་ཀྱི་འདུག་གོ་འདྲེ་མགོ་ནག
འདྲེ་འགོ་རྡོ་ལགས་ད་དུང་ཞིབ་འཇུག་ཡག་པོ་གནང་ནས་དྲ་ཐོག་ཏུ་གཏོང་རོགས།
ང་དང་ང་ལྟ་བུའི་མང་པོ་ཞིག་ད་དུང་འཐོམ་ནས་བསྡད་ཡོད། རང་གཞུང་གི་སྲིད་ཇུས་ཡོད་ཚད་ཕྱི་གསལ་ནང་གསལ་ཡིན། རྒྱ་གཞུང་གི་ཞིབ་འཇུག་པ་བཏང་ན་དགའ་བསུ་ཡོད་ཞེས་བཤད་ཡོད།
ཅིག་བྱས་ན་བོད་ཀྱི་གཏམ་དཔེར། ཕྱི་འཇམ་ནང་རྩུབ་གྲོད་པའི་སྤུ། ཟེར་འདྲ་པོ་ཆགས་པ་མིན་སྒྲོ།
ཡང་ཅིག་བཤད་ན། གལ་ཏེ་མཐོ་རིམ་མི་སྣ་དང་རྒྱབ་རྩ་ཅན་ཞིག་ཡིན་ཚེ་ཟམ་གདོང་དང་བཀའ་ཤག་དེ་འདྲ་གནང་གི་རེད་དམ། སྔོན་ཆད་གོ་གནས་ཆེ་ཆུང་གང་རུང་ནས་དེ་འདྲ་བྱས་པ་ཡོད་དམ།
བསམ་བློ་རེ་བཏང་ན། འདི་ཉམ་ཆུང་ལ་ཐུབ་ཚོད་ཅིག་ཀྱང་རེད་བསམ། དངོས་གནས་བློ་ཕམ་སྐྱེ་ཡ་ཞིག་རེད།
དེ་རིང་གཞི་ནས་སླེབས་སོང་། ཡག་བྱུང་།
གནས་ཚུལ་འདི་དངོས་གནས་དོགས་གཞི་ཆེན་པོ་རེད། གསལ་བོ་མ་བཟོས་ན་གཞུང་ལ་ཡིད་ཆེས་བརླག་པའི་རྐྱེན་དུ་འགྱུར་མི་སྲིད་ཞིག་ཀྱང་མ་རེད།
རྩོམ་ཡིག་འདིའི་ཁྲོད་ནས་རྟོགས་ཐུབ་པ་ནི། ༸གོང་ས་མཆོག་ནི་རྟག་དཔྱད་མེད་པར་གཞུང་གིས་གང་བཤད་དེ་སྒྲུབ་བྱེད་མཁན་ཞིག་ཡིན་པར་བསྟན་པ་དང་། སྲིད་སྐྱོང་བློ་བཟང་སེངྒེ་ལ་སྐྱོན་བརྗོད་ཀྱི་ལམ་ཁ་འཚོལ་བ་དེ་རེད།
འདི་དམངས་གཙོའི་གཞུང་ཞིག་གི་ལས་སྟངས་འདྲ་བོ་མི་འདུག་ག སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་བྱས་ནས་ལས་འགོ་མ་འཚུགས་པར་ཕྱིར་བསྡུ་བྱས་པ་འདི་སྒེར་གཅོད་ཀྱི་ལག་པ་བརྐྱང་རྒྱུ་མང་དྲག་འདུག་བསམ་ཀི གང་ལྟར་བཀའ་བཤགས་ནས་མགོ་སྔ་ཚང་མ་གསལ་བཤད་གསལ་བོ་ཞིག་གནང་རྒྱུ་གལ་ཆེན་རེད།
དྲང་པོ་མིན་འདུག། དངོས་གནས་དྲང་པོ་མིན་འདུག། ཨ་ཁ་ཁ་ཁ་ཁ ་
རྒྱ་གཞུང་དང་རང་རེའི་གཞུང་འདི་མི་འདྲ་བ་ནི། རྒྱ་གཞུང་གིས་མི་མང་གི་དབང་ཆ་དང་། གཏམ་བརྗོད་རང་དབང་། ཆོས་དད་རང་མོས་སོགས་རང་དབང་ཡོངས་རྫོགས་དང་། ཐ་ན་སོ་སོའི་སྡོད་ཁང་དང་། ཟས་གོས་སོགས་ཀྱང་འཕྲོག་བཞིན་ཡོད། རང་གཞུང་ནི་གང་ཐུབ་ཐུབ་ཀྱི་༧སྐྱབས་བཅོལ་བོད་མིའི་འཚོ་བའི་བདེ་དོན་དང་། རིག་གཞུང་འཛིན་སྐྱོང་། བོད་དོན་བདེན་པ་གསལ་ཐབས་བཅས་ཀྱི་སྐོར་ལ་འབད་བཞིན་ཡིན་ཡོད། མི་ངན་གཅིག་གིས་ལུང་པའི་ཕུ་མདའ་དཀྲུགས། ཟས་ངན་གཅིག་གིས་ལུང་པའི་སྟོད་སྨད་དཀྲུགས་ཞེས་པའི་དཔེ་ལྟར་གོ་སྐབས་བཟུང་ནས་རང་གཞུང་དང་། ༧གོང་ས་མཆོག་ལ་རྒོལ་མཁན་ཡོང་བཞིན་པ་རང་གི་སྔོ་ལོ་ལངས་ནས་ཕྱར་པ་ཙམ་ཡིན།
འདིར་བཏོན་པའི་གནས་ཚུལ་མང་ཆེ་བ་དྭོགས་པ་ལས་ཁུངས་སྐྱེལ་ཐུབ་པའི་དངོས་བྱུང་མིན་འདུག
ཐུབ་བསྟན་རྒྱ་མཚོ་ཡར་དོན་གཅོད་ལ་འཇོག་མཁན་བཀའ་ཤག་ཡིན་པ་དང་མར་ཕབ་མཁན་ཡང་བཀའ་ཤག་ཡིན་སྟབས། དེ་ལ་སྐྱོན་ཅི་མིན་འདུག་་་་་་བཀའ་ཤག་གི་དབང་ཆ་རེད། འགྲེལ་བཤད་རྒྱབ་ནའང་བཀའ་ཤག་གི་དབང་རེད། མ་རྒྱབ་ནའང་བཀའ་ཤག་གི་དབང་རེད། དེ་ལ་མ་འདོད་པ་བྱ་རྒྱུའི་དོན་དག་མིན་འདུག
ང་རང་ཚོ་ནང་པ་ཡིན་པ་དང་ལྟ་བ་དབུ་མ་ཐལ་འགྱུར་བ་ཁས་ལེན་བྱེད་མཁན་ཡིན་སྟབས། རྟེན་འབྲེལ་དང་རྟེན་འབྱུང་གི་ལྟ་བ་ཁས་ལེན་བྱེད་ཀྱི་ཡོད། དེར་བརྟེན། གལ་ཏེ་བཀའ་ཤག་གིས་ཡར་དོན་གཅོད་ལ་བཞག་སྐབས་ཁྱེད་ཀྱིས་བཀའ་ཤག་གི་བཀའ་ཁས་ལེན་བྱས་ན། མར་ཕབ་སྐབས་ཀྱང་བཀའ་ཤག་གི་བཀའ་ལ་ཁས་ལེན་བྱེད་དགོས་སོ། རྒྱུ་མཚན་ནི་ལྟོས་བྱས་ཡིན་པས་སོ།
ཡར་བསྐོ་བཞག་བྱེད་སྐབས་འདྲེ་མགོ་རྡོ་ཁྱེད་ཀྱིས་བཀའ་ཤག་གི་དབང་ཚད་ལ་རྩོད་པ་རྒྱབ་མ་སོང་། ད་མར་ཕབ་སྐབས་བཀའ་ཤག་གི་འགྲིག་གི་མིན་འདུག་ཟེར་ན་ཅུང་ཡ་མཚན་མ་རེད་པས།
ལྷག་བསམ་དཀར་པོས་སྡུག་གྱོང་རེད། བོད་གཞུང་ལ་ལས་བྱེད་བསྐོ་བའི་དབང་ཆ་ཡོད་མར་ཕབ་པའི་དབང་ཆ་ཡོད་ཟེར། དབང་ཆ་ཡོད་པ་བདེན་པ་རེད། བསྐོས་ནས་ཉིན་གཅིག་ལས་དོན་མ་བྱས་པར་བར་བསྡུ་བྱས་ཆོག་དོན་ག་རེ་ཡིན་ནམ། རྦད་དེ་རྩ་དགོངས་ཞུ་དགོས་དོན་ག་རེ་ཡིན་ནམ།་དེ་ལ་རྒྱུ་མཚན་ཅིག་འདུག་གམ། དབང་ཆ་ཟེར་བ་འདི་ཁྲིམས་དང་མཐུན་པ་ལས་རྒྱུ་འབྲས་དང་མཐུན་པ། མང་གཙོ་དང་མཐུན་པ་བྱས་ན་བེད་སྤྱོད་བཏང་ན་ཡག་གི་རེད།
དེ་ནས་ངས་༧ཏཱ་ལའི་བླ་མ་ཞེས་བྲིས་འདུག་ཟེར། ངས་འབྲི་རྒྱུ་ཡིན། དེ་ཁོང་གི་ལོ་རྒྱུས་རང་བཞིན་ཅན་གྱི་མཚན་སྙན་རེད། དེས་བོས་ན་ང་རང་སྐྱིད་པོ་འདུག བཙུན་པ་ཟམ་གདོང་ཞེས་འབོད་ཀྱི་ཡིན། དེ་ང་ལ་རྒྱུ་མཚན་ཡོད། བཙུན་འདི་སྤྱོད་པ་བཙུན་པ་ལ་གོ་ན་འགྲིག ཟམ་གདོང་ཚང་བོད་ཀྱི་ལོ་རྒྱུས་ནང་གི་དབུ་ཁྲིད་རླབས་ཆེན་ལྐོག་ཟ་རུལ་སུངས་ཀྱི་དྲི་མ་ཙམ་ཡང་མེད་མཁན་ཨང་དང་པོ་དེ་ཆགས་ཡོད་སྟབས། བཙུན་པ་ཞེས་སྦྱར་དགོས་དོན་ཡོད། སྔོན་བཅོམ་ལྡན་འདས་ཀྱིས་ཀྱང་འདུལ་བ་འཛིན་པ་དག་བཙུན་པ་དང་ཚེ་དང་ལྡན་པ་ཞེས་བོས་མྱོང་འདུག་ལགས།
སྐལ་བཟང་དང་ལས་རླུང་ཁྱུང་དཀར་སོགས་ཀྱི་བཀའ་དེ་དེ་བཞིན་ཞུ། ཁྱེད་ཚོས་གཟུར་གནས་ལྡན་པའི་བསམ་ཚུལ་གསུངས་པ་ཐུགས་རྗེ་ཆེ།
དམིགས་བསལ་ཕེབས་བསུ་ཞུ་དགོས་པ་ཞིག་ནི། ནའ་ལོང་ཕུན་ཚོགས་ཕ་རན་སི་ལགས་ཡིན། ཁོང་ཤེས་རྒན་ཉམས་མྱོང་ཅན་ཡིན་སྟབས། ཁོང་གཟུར་གནས་རེད། དེ་བཞིན་དྲ་ངོས་འདིར་ཕེབས་པ་ཚང་མས་རྒྱབ་སྐྱོར་བྱས་འདུག་པ་འདི་ཐུབ་བསྟན་རྒྱ་མཚོར་བཅངས་པའི་རེ་བ་འང་ཡིན་ལགས།
ལེགས་བཤད་ཀྱིས།
དོན་མ་གོ་འུར་རྒྱབ་ཟེར་བ་དེ་ག་རང་གནང་གི་འདུག ངས་དབང་ཆ་རྩོད་ས་བཀའ་ཤག་མིན་པ་ལོས་ཤེས། བདེན་པ་རྩོད་ས་བཅོམ་ལྡན་འདས་ཀྱང་ཡིན་པ་ཤེས་ཡོད། དེ་ཐུགས་ལ་ཉར་ན་འགྲིག་པ།
དྲ་གྲོགས་ཚོ་ང་འདི་ལ་སྐད་ཅིག་བསྐུར་རྒྱུ་ཡོད། སྐད་བསྐུར་ས་དེ་དོ་བདག་ཐུབ་བསྟན་རྒྱ་མཚོ་རང་དང་ཡང་ན་དུས་བབ་ཚང་གི་གནས་ཚུལ་མཁོ་གཏོང་བ་ཟླ་བ་ཚེ་རིང་ལགས་གཉིས་གང་རུང་ལ་བཤད་ན་འགྲིག
སྐད་ག་རེ་བསྐུར་གྱི་ཡོད་ལབ་ན། སྐུ་ཞབས་ཐུབ་བསྟན་རྒྱ་མཚོས་དེ་རིང་སང་ཉིན་གནད་དོན་འདིར་ལྟ་སྟངས་ག་འདྲ་ཞིག་འཛིན་གྱི་ཡོད་དམ། དེ་བཞིན་སྐུ་ཉིད་ཀྱིས་ད་ལྟ་རྩ་དགོངས་ཞུས་ཡོད་དམ།་འདི་དང་འབྲེལ་ནས་ཉིད་ལ་བོད་པའི་སྤྱི་ཚོགས་སུ་གསལ་བཤད་འདྲ་གནང་རྒྱུ་ཡོད་དམ་ཅེས་པ་འདི་ཡིན།
སུས་གོ་ན་སྟབས་བདེ་ན་སྐད་འདི་བཤད་རོགས་ཞུ་རྒྱུ་ཡིན།
ཁོ་བོས་བསམ་པར། ཐུབ་བསྟན་རྒྱ་མཚོ་ལགས་གློ་བུར་དུ་དོན་གཅོད་ཀྱི་ལས་གནས་འཕོས་ནས་བརྗེ་བསྒྱུར་བྱས་པ་དེ་བཀའ་ཤག་ལ་དབང་ཚད་ཆ་ཚང་ཡོད་རེད་བསམ་གྱིན་ཡོད། ཁོང་གི་རྒྱབ་ལ་ཀླུ་སྨྱོན་གྱིས་བཤད་པ་ལྟར་གྱི་བཤད་ན་མི་འདོད་པའི་བདེན་གཏམ་ཞིག་གཏན་གཏན་ཡོད་ངེས་རེད། དེ་མ་གཏོགས་བཀའ་ཤག་གིས་རང་སྣང་གང་དྲན་གནང་སྲིད་ཀྱི་མ་རེད། ཡང་འགའ་ཤས་ཀྱིས་རྒྱུན་ལས་ཚོགས་པ་ཡིན་ཟེར་བ་དང། ལུང་ཚན་གཅིག་པ་ཡིན་ཟེར་བ་དང་། ཡང་དགའ་ཉེ་ཡིན་ཟེར་བ་སོགས་ཀྱིས་འགྲེལ་བཤད་ལོག་པ་སྣ་ཚོགས་རྒྱབ་ནས་ཁོང་ལ་ལས་གནས་རང་འཇགས་ཐོབ་ཐབས་བྱེད་པ་ནི་བསྒྲུབ་མི་སྲིད་པའི་བྱ་བ་གཅིག་ལས་མ་འདས་སོ། །
སྤྱིར་འགྲོ་བ་མི་ཞིག་ལ་མཚོན་ན་སྐྱོན་མེད་མཁན་ཞིག་མེད། བྱས་ཙང་། གནས་ཚུལ་དེ་གཞུང་གི་ངོས་ནས་སྒོ་རྒྱབ་ཚར་བ་ཞིག་ཡིན་པ་ལ་ཡང་འགའ་ཤས་ཀྱིས་ཡར་སླང་བ་ནི་ཀུན་སློང་ཡག་རྟགས་ཤིག་མ་རེད།
འདྲེ་མགོ་རྡོས་འདི་ལྟར་རྩོམ་ཡིག་སྤེལ་བ་ནི་ཐུབ་བསྟན་རྒྱ་མཚོ་ལ་དགའ་བས་མ་རེད་ལ། བདེན་པའི་རྒྱབ་ལངས་དེ་བས་ཀྱང་མ་རེད། གལ་སྲིད་བདེན་པའི་རྒྱབ་ལངས་ཡིན་ན་དང་པོ་ཐུབ་བསྟན་རྒྱ་མཚོ་ལ་བདེན་པ་ཡོད་པ་ཤེས་ནས་བདེན་པའི་རྒྱབ་ལངས་བྱེད་དགོས་པ་ལས། བདེན་པ་ཡོད་པ་མ་ཤེས་བཞིན་དུ་བདེན་པའི་རྒྱབ་ལངས་བྱས་པ་ཡིན་ཟེར་ན་གད་མོའི་གནས་རེད། བདེན་པ་ཡོད་པ་ཤེས་མེད་པ་ནི་རྩོམ་ཡིག་འདིའི་མགོ་མཇུག་བར་གསུམ་དུ་ཐེ་ཚོམ་ཙམ་ལས་ཐུབ་རྒྱལ་ལ་བདེན་པ་ཡོད་པའི་སྒྲུབ་བྱེད་མེད་པར་མ་ཟད། མཆན་ནང་གི་སྐད་སྐུར་དེ་ལས་ཀྱང་རྟོགས་ནུས། ཐུབ་བསྟན་རྒྱ་མཚོས་ད་ལྟ་རྩ་དགོངས་ཞུས་ཡོད་མེད་ཀྱང་ཧ་གོ་མི་འདུག་ན་བདེན་པ་ཡོད་མེད་ཇི་ལྟར་རྟོགས། དེས་ན་འདྲེ་མགོ་རྡོའི་དམིག་ཡུལ་ནི་བཀའ་ཁྲི་གསར་པར་མི་དགའ་སྡང་ཟུག་གིས། བཙན་བྱོལ་སྤྱི་ཚོགས་འདི་ཞོ་བཞིན་ཆག་པ་ཁྲག་བཞིན་སྐྲུག་རྒྱུ་དེ་ཡིན་པས་ངེས་པར་དུ་གཟབ་དགོས།
ཁོ་རེ། འདྲེ་མགོ་ཅན། ཁྱོད་ནི་ཐོག་མཐའ་བར་གསུམ་དུ་བདེན་དོན་ཐད་ལ་བསྐྱུར་ནས། ལོག་འགྲེལ་དང་དཀྲུགས་ཤིང་གིས་བོད་མིའི་ནུས་ཤུགས་ཁ་འཐོར་གཏོང་བར་ཅི་ནུས་ཀྱིས་འབད་མཁན་ཞིག་རེད་ལ། བོད་སྤྱིའི་ལས་དབང་ལས་ཨ་མདོའི་ཁ་རྐུབ་ལ་ཞེན་ཆེ་དུས། སྦར་སིལ་དོན་གཅོད་ཐད་ལའང་ཅིག་ཟིང་སློང་ཨེ་ཐུབ་བལྟས་པ་རེད་མོད། དོན་དངོས་གླེང་ན་རྒྱལ་རོང་ཆ་ཚང་ཁམས་པ་མིན་པའང་ཐང་མོད། མང་ཆེ་བ་ཁམས་པ་ཡིན་པས། ཁྱོད་ངལ་བ་དོན་མེད་རེད། མི་བདེན་བསམས་ན། སྔོན་དུ་གདན་ས་ཁག་ལ་ཅིག་ལྟོས་དང་། ལོ་རྒྱུས་ཐོག་རྒྱལ་རོང་ཁམས་པ་ཟེར་བ་ལས། རྒྱལ་རོང་ཨ་མདོ་ཟེར་བ་གོ་རྒྱུ་ཡོད་པ་མ་རེད། མ་གཞི་ནས་ཁྱོས་ཐུབ་བསྟན་རྒྱ་མཚོ་ཟེར་བ་འདིར་སྦར་ཟིལ་ཁུལ་དུ་ལྷག་པའི་རྙོག་དྲ་ཨེ་ཤེས།
ད་འདིར་གཏམ་དཔེ་འགའ་བཤད་འདོད་བྱུང་།
ཁྲལ་བོང་བུས་ཁྱེར། ལམ་སྐེད་པ་ན་ཟེར་བ་ལྟ་བུ་རེད།
ཡང་།
དཔོན་དང་རྩོད་པ་ཤོར་ན་འབྲོ་རྒྱུ་དང་བན་ཀན་སྨུག་པ་ན་ཚེ་ཤི་རྒྱུ་རེད།
རའི་ཁ་མཆུ་ལུག་གིས་ལེན། ལུག་མགོ་དྲོན་མོ་གྱོད་ལ་ཤོར།
བཙན་བྱོལ་བས་དོགས་པ་དེ་ཀུན་ལ་བྱུང་སྲིད་པ་ཞིག་རེད། ཡིན་ནའང་། ང་འདྲེ་མགོ་རྡོས་ཐུབ་བསྟན་རྒྱ་མཚོའི་ཆེད་དུ་བྲིས་པ་མིན་ལ་བོད་གཞུང་གི་ཆེད་དུའང་བྲིས་པ་མིན། དེ་ནི་མཐོང་ན་འཇིགས་པའི་བདེན་པ་གཅེར་བུ་ཟེར་བ་དེའི་ཆེད་དུ་ཡིན་ཞེས་ལན་གྲངས་ཁྲི་མ་འབུམ་དུ་བཤད་ཚར།
ནམ་ཞིག་གི་ཚེ་ན། རྒྱུ་མཚན་མེད་པ་དང་རྒྱུ་མཚན་ཡོད་ཀྱང་དབང་དང་ཤེད་ཀྱིས་ངོམ་རྫིག་ཁོ་ནས་མི་ཉམས་ཆུང་དག་ཡར་ལེན་མར་འཕེན་གང་བྱུང་བྱེད་དུ་བཅུགས་ན། ནམ་ཞིག་ཁྲིམས་ཉམས་ནས་དབང་ཤེད་ངོ་སོའི་གཡོ་སྒྱུའི་བསྒྱུར་བ་ཞིག་ཏན་ཏན་ཡོང་ངེས་པས། ངས་༧གོང་ས་མཆོག་གི་དཀའ་ལས་རྒྱབ་པ་དེ་ལེགས་ལམ་དུ་འགྲོ་རྒྱུར་རོགས་ཕན་ཕྲན་བུ་བྱས་པ་ཙམ་ཡིན་ལ། ལར་ནས་དོན་དག་འདི་རིགས་གཅིག་ནས་གཉིས་གསུམ་མི་འབྱུང་རྒྱུའི་དོན་དུའང་ཡིན།
གཉིད་ནས། མི་རབས་ཁ་ཤས་འདས་མཐའ་ན་ངའི་ཚ་བོ་ཡང་ཚ་དག་གིས་ཁོང་ཚོའི་གཞུང་དང་སྐབས་དེའི་ཤེས་ཡོན་ཅན་ཚོའི་འགན་ཁུར་སྟངས་ལའང་ལྟ་ངེས་པས། སྐབས་དེའི་གསལ་ཁ་མ་བྱུང་བའི་དོན་དག་ཅིག་ངའི་ཨ་ཞང་ཅིག་གིས་ལོ་རྒྱུས་ཡིག་ཚགས་སུ་དོགས་གཞི་ཆེན་པོས་ངང་བཏབས་འདུག་ཟེར་བ་ཞིག་ཡོད་པས་འདི་འང་རུས་པ་ཅན་གྱི་རི་མོ་ཕབ་སྟངས་ཤིག་ཡིན།
ད་དུང་རྒྱུ་མཚན་མང་མོད་ཀྱང་། འཁྲིས་པ་ཅན་ལ་དུང་དཀར་སེར་སྣང་གི་ངང་ཚུལ་རེད་འདུག་པས་མང་དུ་མ་སྤྲོས་སོ།
ལུང་རྟོགས་དང་རྒྱ་སྟག་གཉིས་ཀས་དོན་དག་ངོས་མ་ཟིན་པ་ཡིན་ན་འདྲ། མ་ཟིན་ཁུལ་བྱས་ན་འདྲ། གང་ལྟར་ངའི་བྲིས་པའི་བརྗོད་བྱའི་ཁོར་ཡུག་དང་འབྲེལ་མེད་ཅིག་གླེང་འདུག་པས། དེ་དང་དེ་ལྟ་བུ་ལ་ངས་ཡ་ལན་ཡི་གེ་གཅིག་ཀྱང་མི་འབྲི་བའི་དམ་བཅས་ཚར། སྤྱིར་བཏང་དྲ་འབུ་ཡིན་ན་འདྲ། རྒྱ་མིས་ཉོས་མ་ཡིན་ན་འདྲ། དོལ་གཏེ་ཡིན་ན་འདྲ། རྒྱུ་མཚན་ཡོད་ན་ང་འདྲེ་མགོ་རྡོས་བགྲོ་གླེང་བྱེད་པ་དང་ལན་འདེབས་བྱེད་ཀྱི་ཡོད་མོད། ཁྱེད་རྣམ་པ་གཉིས་ལ་བཤད་དགོས་པའི་ཞགས་རྩི་འདྲ་མི་འདུག་པས་འདི་ལྟར་འཇོག་གི་ཡིན་ལགས།
འདྲེ་མིང་ཅན་ལགས། ཁྱེད་རང་གིས་མཐོང་ན་འཇིག་པའི་བདེན་པ་གཅེར་བུ་ཞེས་བཤད་པ་ལས། བདེན་པ་ཞེས་པ་དེ་གང་ཡིན་ངོས་ཟིན་མི་འདུག བདེན་པ་བཤད་པ་ལ་དང་པོ་རང་ལ་བདེན་པ་ཡོད་ནས་བདེན་པ་བཤད་དགོས་པ་ལས་བདེན་པ་མེད་བཞིན་དུ་བདེན་པ་བཤད་ན་དེ་བདེན་པ་ཆག་རྒྱུ་མ་རེད། མ་གཞི་ད་ལོ་བཀའ་ཁྲི་གསར་པ་ཕེབས་པ་ནས་གཟུང་སྟེ་བཀྲ་ཤིས་སྒྲོལ་མ་ཞེས་པའི་ཕོ་མིན་མོ་མིན་དེ་དང་ཁྱེད་རང་གཉིས་སྨྱོན་པ་ནང་བཞིན་ཆག་ཡོད། དེས་ན་བཀའ་ཁྲི་ཁོང་ལ་སྒེར་གྱི་ཞེ་འཁོན་སྡང་ཟུག་ཡོད་པའམ། ཡང་ན་རྩོམ་ཡིག་རེ་ལ་སྒོར་མོའི་ཡོང་འབབ་ཡོད་པ་གང་རུང་ལས་མ་འདས། གལ་ཏེ་བཀའ་ཁྲི་ལ་མ་དགའ་ན་བཀའ་ཁྲི་ལ་སྐྱོན་བརྗོད་བྱས་ན་འགྲིགས་པ་ལས་ཐུབ་བསྟན་རྒྱ་མཚོའི་གླེང་རྙོག་དེ་དྲུད་ཡོང་ནས་སྤྱི་ཚོགས་འདི་ཕུ་སྐྲུག་མདའ་སྐྲུག་བཟོ་དོན་ཡོད་མ་རེད། དེས་ན་ཁོང་ཁྲོ་འདྲེ་ལ་ལང་ནས། རྡུང་རྒྱུ་རྔ་གོག་མ་རྡུང་རོགས་ཞེས་རེ་སྐུལ་ཞུས་པ་ཡིན།
ལུང་རྟོགས་ལགས།
མིའི་རྣམ་རྟོག་ལ་ཚད་མེད་ཙང་། ཁྱེད་ལ་ཁེག་ཡོད་ཀྱི་མ་རེད། བསམ་ཚུལ་དེ་འདྲ་ཞིག་འཁོར་བ་ལ་བརྟེན་ནས་ང་འདྲེ་མགོ་རྡོས་ཁྱེད་ལུང་རྟོགས་ཞེས་འདོགས་སའི་གདགས་གཞི་གང་ཟག་དེ་གླེན་རྨོངས་རེད་ཅེས་རྩ་བ་ཉིད་ནས་ཞུ་ཐུབ་ཀི་མ་རེད་ལ། མ་འོངས་པའང་ཞུ་འདོད་མེད། ད་ལྟ་ངས་ང་རྒྱལ་ཆེན་པོས་ཁྱེད་ཀྱི་བརྒྱུད་ན་གནས་པའི་རྣམ་རྟོག་དེ་རྡོག་པས་གཞུ་བཞིན། བཀའ་ཁྲི་མཆོག་ལ་སྒེར་འཁོན་ཡོད་པའི་དོགས་གཞི་ཡི་གེ་ན་གཅིག་ཡོད་ན་རིགས་པས་སྒྲུབ་དཔྱད་ཞིབ་བྱས་ཏེ་ཁ་བརྒྱ་མིག་སྟོང་གི་ཁ་ལ་བཤམས་རོགས་ཞེས་སྐུལ་མ་བྱེད་ཀྱི་ཡོད། དོན་དག་ཟེར་བ་འདི་བཤད་ཀྱིན་བཤད་ཀྱིན་གསལ་རུ་འགྲོ་བ་ཞིག་ཡིན་ནི་རེད།
གནས་ལུགས་དེ་ངེས་ཆུབ་གནང་སྟེ་ཡི་གེ་འབྲི་རོགས། དེ་མིན་བོད་ཡིག་འཕྲོ་བརླག་མ་མ་གཏོང་རོགས། ཧཧཧ
འདྲེ་མགོ་ལགས། མགོ་བཀའ་ཁྲིའི་དམ་འབུལ་དུས་ཚེས་ནས་གཟུང་སྟེ། བར་དུ་བཀའ་ཁྲིའི་བོད་ཡིག་ཡག་པོ་མི་ཤེས་རབས་དང་། མཐའ་མ་བཀའ་ཤག་སྔོན་མས་ཐག་གཅོད་གཙང་མ་ཟིན་པའི་ཐུབ་རྒྱལ་གྱི་གནས་ཚུལ་དེ་རྙོག་མ་བསྐྱར་སློང་གིས། སྲིད་གཞུང་གསར་པ་ལ་གནོན་ཤུགས་སྤྲོད་ཐབས་བྱེད་བཞིན་པ་འདི་ཚོ་ལས་ལྷག་པའི་སྒྲུབ་བྱེད་ཅང་དགོས་སམ། སྤྱིར་མི་ཞིག་ལ་སྐྱོན་ཡོད་ན་དེ་ལ་སྐྱོན་བརྗོད་བྱེད་པ་ནི་འོས་ཤིང་འཚམ་པ་ཞིག་ཡིན་ན་ཡང་། ག་དུས་ཡིན་ཡང་སྐྱོན་ཆ་ཁོ་ན་གླེང་བ་ནི་ཡ་མཚན་དགོས་པ་ཞིག་མ་ཡིན་ནམ། ཁྱེད་རང་བསམ་བློ་གཏོང་ཤེས་མཁན་གྱི་མི་ཞིག་ཡིན་ན་ནམ་ཡིན་རུང་བཀའ་ཁྲིའི་བྱེད་སྟངས་མ་འགྲིགས་རབ་དང་སྐྱོན་ཆ་མང་རབ་བཤད་པ་ནི་འོས་ཤིང་འཚམ་པ་ཞྀག་ཡིན་ནམ། ཁྱོད་འདྲེ་མགོ་རྡོས་བཀའ་ཁྲིའི་ཡོན་ཏན་ཚིག་ཅིག་གླེང་མྱོང་ཡོད་དམ། ད་འོ་ན་ཁོང་ལ་ཡོན་ཏན་སྣ་གཅིག་མེད་པ་རེད་དམ། འདི་ཚོ་ལ་བསམ་ན་ཁྱེད་རང་མི་དྲང་པོ་ཞིག་ཡིན་པའི་ཚོར་བ་སླེབ་ཐུབ་གི་མི་འདུག དེས་ན་མཚན་ཉིད་རིག་པའི་འགྲོ་སྟངས་གི་སྟེང་ནས་རྟགས་སྦྱོར་ཞིག་བཀོད་ན། འདྲེ་མགོ་རྡོ་ཆོས་ཅན། བཀའ་ཁྲི་བློ་སེང་ལ་ཞེ་མཁོན་ཡོད་སྟེ། ཁོང་གི་སྐྱོན་ཆ་ཁོ་ན་གླེང་བའི་ཕྱིར། འདི་ལ་ལན་ཅི་ཞིག་འདེབས། ཧཧཧ
དེ་རིང་དྲ་ཐོག་ན་ཡོད་དུས་ཁྱེད་ཕེབས་པ་དགའ། སྤྱིར་བཏང་ཁྱེད་ཚོའི་གྲྭ་བ་དང་གྲྭ་ཟུར་ཚོས་སྐད་ཆ་འདི་ད་བར་བཀོལ་ནས་ཉི་མ་དེ་རིང་ལ་ཐུག་པ་རེད།
སྤྱིར་ན་ཁྱེད་ཀྱིས་ངའི་རྩོམ་ཡིག་ཚང་མ་ཅིག་ཀློག་ཡོད་ན། ངའི་ཟིན་བྲིས་སུ་ཕེབས་ནས་བློ་སེང་གི་སྐོར་ལ་གང་བྲིས་པ་རྣམས་ཞིབ་མཇལ་ཐེངས་གཅིག་བྱས་ཡོད་ན། གྱ་ཚོམ་ལྟ་བུའི་ཐལ་སྐད་འདི་དག་བཏང་སྲིད་པ་མ་རེད། མ་གཞི་ནས་སྐྱོན་རྙིང་པ་ཞིག་བསྐྱར་ཟློས་བྱས་ཏེ་ཐག་གིས་བཅད་ཟིན་པར་ལྟོས་མེད་བྱེད་ཀྱི་ཡོད་ན་གནས་ཚུལ་ཁ་ཁ་རེད་མོད། དེ་ལྟར་སུས་བྱས་འདུག་གམ། འོ་ན་ཁྱེད་ཀྱིས་བཀའ་ཤག་གི་ཐག་གཅོད་འདི་དྲང་བདེན་རེད་ཟེར་གྱི་ཡོད་ན། ཡིན་ལུགས་ཡིན་སྟངས་ག་འདྲ་རེད།
ངས་ཀྱང་ཁྱེད་ལྟར་གྱ་ཚོམ་གྱིས་ཁྱེད་ལུང་རྟོགས་ཟེར་བ་ཐུབ་བསྟན་རྒྱ་མཚོ་ཞེ་འཁོན་འདུག་ཅེས་ན་གོང་གི་རིགས་ལམ་ཐབས་ཆག་དེ་དྲངས་བ་ཡིན་ན་མི་ཚད་ལྡན་རྣམས་གད་མོ་མི་ཤོར་རམ།
དམ་འབུལ་དུས་ཚེས་ ༨༨༩༩༩ ཐག་གིས་བཅད་པ་སྐྱོན་བརྗོད་བྱས་ཡོད། ལྷག་བསམ་རྣམ་དག་གིས་སྐྱོན་བརྗོད་བྱས་པ་ཡིན། བོད་ཡིག་མི་ཤེས་པ་དངོས་ཡོད་རེད། དེར་སུས་ཀྱང་སྒྲིབ་མི་ཐུབ། ད་དུང་བོད་སྐད་བཤད་དུས་ཚིག་གིས་མ་འདང་བའི་དཀའ་ངལ་ཡོད་པ་ཁྱེད་ནས་མ་ཤེས་སམ། དེའི་རྗེས་བཅར་འདྲི་ལ་ཉན་ནས་སྐྱོན་བརྗོད་བྱས་པ་ཡིན།
དེ་དག་ཁ་ཤས་དུས་ཐུང་ནང་བདེན་པ་སེལ་སོང་། ཐ་ན་སྐུ་ཞབས་བློ་སེང་གིས་ཀྱང་དམ་འབུལ་དུས་ཚེས་ལ་འགྲེལ་བཤད་རྒྱག་དགོས་ཐུག་པ་རེད། འདི་རང་གི་མི་རིགས་ཀྱི་ཞེན་ཁོག་དང་མང་གཙོའི་འགྲོ་སྟངས་ཚང་མ་མཐུན་པ་ཡིན།་དེ་ལ་སྒེར་འཁོན་ཡོད་ན། ལུང་རྟོགས་ཁྱེད་རང་ང་འདྲེ་མགོ་རྡོ་ལའང་ན་ཟུག་ཅིག་ཡོད་ས་རེད།
སྐྱོན་བརྗོད་རྣམས་ལ་ཁུངས་ལུང་མེད་པ་དང་རྩ་དོན་ལ་མི་ཕན་པ། གཡུག་བཞག་ན་ཆོག་པ་གང་ངས་གླེང་གིན་འདུག་ན་ཁྱེད་ནས་རྣམ་དཔྱོད་ཆེན་པོས་ང་གཏུབ་ཅིག་དང་ངས་ཨ་ཚ་མི་ཤོར་ཐག་གཅོད་ཡིན་ལགས།
གཞན་དོན་མེད་བཤད་ཀྱི་ཡིན་ན། རྗེས་སུ་ངས་ལན་འདེབས་བྱས་ཏེ་ཆུ་ཚོད་འཕྲོ་བརླག་གཏོང་རྩིས་མེད། དེ་དུས་ངས་མཐོང་ཆུང་བཏང་སོང་མ་བསམས་ལགས།
ང་ལུང་རྟོག་ལ་བཀའ་ཤག་གི་ཐག་གཅོད་དེ་དྲང་བདེན་ཡིན་པའི་སྒྲུབ་བྱེད་མེད་ན་ཡང་། ཁྱོད་འདྲེ་མགོ་རྡོ་ལ་དྲང་བདེན་མིན་པའི་སྒྲུབ་བྱེད་ཀྱང་ཅང་མི་འདུག་ན། ད་དུང་མཐོང་ན་འཇིག་པའི་བདེན་པ་གཅེར་བུ་ཨམ་ཞྀག་ཡིན་རབས་བཤད་པ་ནི་ངོ་མི་ཚའམ། བཀའ་ཤག་དྲང་བདེན་མིན་པའི་སྒྲུབ་བྱེད་མེད་བཞིན་དུ་ཐུབ་རྒྱལ་ལ་རྒྱབ་ལང་བྱས་པ་དེ་དྲང་བདེན་ལ་རྒྱབ་ལང་བྱས་པ་ཡིན་ཞེས་ཇི་ལྟར་བཤད་ནུས་སམ།
ཡང་བསྐྱར་ངས་རྟགས་སྦྱོར་ཞིག་བཀོད་ན། ང་ལུང་རྟོགས་ཆོས་ཅན། ཐུབ་རྒྱལ་ལ་ཞེ་མཁོན་མེད་སྟེ། ཁོང་ལ་སྐྱོན་བརྗོད་ཚིག་ཅིག་མ་བྱས་པའི་ཕྱིར། ཡང་འདི་ལ་ལན་ཅི་ཞིག་བདེབས། དམ་འབུལ་གྱི་དུས་ཚེས་ལ་སྐྱོན་བརྗོད་བྱས་པ་དེ་ལྷག་བསམ་རྣམ་དག་ཡིན་ཞེས་བཤད་པ་ཙམ་གྱིས་ལྷག་བསམ་རྣམ་དག་ཆག་འགྲོ་བ་ཞིག་ཅང་མ་རེད། ཡིན་ན་ཡིན་ཚུལ་ཞིག་དགོས་པ་རེད།
སྤྱིར་ཁོང་གིས་བཀའ་ཁྲིའི་དམ་འབུལ་གྱི་གསུང་བཤད་སྐབས་སུ་བོད་ཡིག་ཀློག་སྟངས་དེ་ཙམ་ལེགས་པོ་མེད་པ་ནི་ངས་ཀྱང་ཁས་ལེན་ཡོད། འོན་ཀྱང་བཙན་བྱོལ་ཁྲོད་ཀྱི་དགོན་སྡེ་ཁག་དང་བོད་ཡིག་སློབ་གྲྭ་ཁ་ཤས་ཡོད་པ་ཕུད། བཙན་བྱོལ་ནས་སྐྱེས་ཤིང་བཙན་བྱོལ་གྱི་སློབ་གྲྭ་འགྲིམ་པའི་ཁྲོད་ཁོང་ལས་ལྷག་པའི་བོད་ཡིག་འབྲི་ཀློག་ཐུབ་མཁན་གཅིག་ཀྱང་ཁྱོད་རང་ལ་བསྟན་རྒྱུ་ཡོད་དམ། ང་ནི་ཁོང་གི་བོད་ཡིག་གི་ཤེས་ཚད་དེ་ཙམ་ཡོད་པར་ཡང་བལྟོས་ས་བལྟོས་འཇོག་ནས་བཤད་ན་ངོ་མཚར་སྐྱེས་སོང། བཙན་བྱོལ་ཁྲོད་ཀྱི་སློབ་ཐོན་པ་ཚོས་བོད་ཡིག་གི་བསྐུར་ཡིག་ཙམ་ཡང་འབྲི་ཤེས་གི་མི་འདུག་ཞེས་པ་འདི་ཁྱེད་རང་གིས་ཀྱང་གོ་མྱོང་ཡོད་རྒྱུ་རེད།
བོད་སྐད་བཤད་དུས་ཚིག་གིས་མི་འདང་བའི་དཀའ་ངལ་ཡོད་པ་ཞིག་མཐོང་མ་སོང་ལ། ད་དུང་བློ་གཟུ་བོར་གནས་མཁན་ཞིག་ཡིན་ན་བོད་སྐད་ནང་ལ་དབྱིན་འཇིའི་བསྲེ་ལྷད་མེད་པར། བོད་སྐད་གཙང་མ་བཤད་མཁན་ནི་བཙན་བྱོལ་ནང་ལ་ཁོང་ལྟ་བུ་རེ་ཟུང་ཙམ་རེད་ཅེས་བཤད་ན་ཡང་མི་ཆོག་པ་མེད། དམ་འབུལ་དུས་ཚེས་ལ་འགྲེལ་བཤད་རྒྱབ་པ་ཙམ་གྱིས་སྐྱོན་ངོས་ལེན་བྱས་པ་རེད་ཟེར་ན་དེ་ནི་ཧ་ཅང་ཐལ་སོང་བ་རེད། འོ་ན་ཁྱོད་ཀྱིས་ཐུབ་རྒྱལ་གྱི་སྐོར་ལ་འབྲེལ་བཤད་རྒྱབ་པ་འདི་ཁོང་ལ་སྐྱོན་ཡོད་པ་ངོས་ལེན་བྱས་པ་ཡིན་ནམ།