རྐ་སྲས་ཀྱིས་བསྒྱུར།
ཡུལ་ལུང་ཞིག་ན་སྦལ་བ་གཉིས་ཡོད་ཅིང་། ཁོ་གཉིས་སྤུ་མཆེད་ལྟ་བུའི་གྲོགས་པོ་ཡིན་ལ་ཕན་ཚུན་ཧ་ཅང་འདྲིས་པོ་ཡོད་པ་རེད། སྦལ་བ་གཅིག་རྒྱགས་པ་ཡོད་པ་དང་། སྦལ་བ་གཞན་དེ་སྐམ་པོ་ཡོད་པ་རེད།
ཁོ་གཉིས་ཉེན་ཁར་མི་འཛེམས་པར་གང་སར་འཁྱམ་ཉུལ་བྱེད་པ་ཧ་ཅང་དགའ་ཞིང་། རྒྱུན་དུ་གྲོང་གསེབ་ནས་ཡར་མཐོང་མར་བྱེད་བཞིན་སྡོད་ཀྱི་ཡོད།
གློ་བུར་དུ་ཕྱུགས་ལས་པ་ཞིག་གིས་ཕྱུགས་རྭའི་འགྲམ་ལ་བཞོ་ཟེའུ་ཞིག་བཞག་ཡོད་པ་ཁོ་གཉིས་ཀྱིས་མཐོང་། བཞོ་ཟེའུ་ནང་ཅི་ཞིག་ཡོད་ཤེས་འདོད་སྐྱེས་ནས། ཁོ་གཉིས་དེའི་ཉེ་སར་སོང་མོད། ཁོ་གཉིས་ལ་མཚོན་ན། བཞོ་ཟེའུ་དེ་ཆེ་དྲགས་ནས་ནང་དུ་ཅི་ཞིག་ཡོད་མཐོང་ཐབས་བྲལ། ཁོ་གཉིས་ཀ་བཞོ་ཟེའུ་ནང་ཆོབས་སེ་མཆོང་བ་ན། དེའི་ནང་དུ་འོ་མ་བླུགས་འདུག་པ་ཤེས།
འོན་ཀྱང་། བཞོ་ཟེའུ་དེའི་ངོས་དག་འདྲེད་བརྡབ་ཤོར་ཆོག་ཆོག་ཡོད་སྟབས། ཁོ་གཉིས་བཞོ་ཟེའུ་ནང་ནས་ཕྱིར་མཆོང་མ་ཐུབ། ཡར་སྐྱལ་མར་སྐྱལ་མང་པོ་བྱས་ཀྱང་གྲུབ་འབྲས་གང་ཡང་མ་ཐོན།
ཆུ་ཚོད་གཅིག་གི་རྗེས་ནས། སྦལ་བ་རྒྱགས་པས་སྦལ་བ་སྐམ་པོ་ལ། “གཅུང་པོ་སྦལ་ཆུང་། ད་སྐྱལ་ནས་ཕན་ཐོགས་མི་འདུག ངེད་གཉིས་མར་ནུབ་ནས་ཤི་རྒྱུ་ཉག་གཅིག་རེད། དེ་ནི་ལྡོག་ཐབས་བྲལ་བ་ཞིག་རེད། ད་སྐྱལ་ན་སྙིང་པོ་མི་འདུག ངེད་གཉིས་སྐྱོབ་དུ་ཡོང་མཁན་ནི་གཅིག་ཀྱང་མེད། འུ་ཅག་ཕྱེ་མ་ལེབ་དུ་གྱུར་ནས་འཕུར་འགྲོ་རྒྱུ་ནི་དེ་བས་ཀྱང་མི་སྲིད། ད་ནི་ངེད་གཉིས་ཚར་འདུག”ཅེས་བཤད།
ཡིན་ན་ཡང་། གྲོགས་པོ་སྦལ་ཆུང་གིས་ “གཅེན་པོ་རྒྱགས་པ། ཤུགས་བརྒྱབ་ནས་མུ་མཐུད་སྐྱོལ་དང་། མཐར་ངེད་གཉིས་སྐྱོབ་མཁན་ཞིག་རྙེད་ངེས་རེད། འུ་ཅག་སེམས་ཤུགས་མ་ཆགས་ན། མ་མཐའ་ཡང་སྐྱལ་ཐུབ་ཀྱི་ཡོད་པས། མར་ནུབ་ནས་ཤི་མི་སྲིད།”ཅེས་བཤད་ནས། ཁོ་གཉིས་ཆུ་ཚོད་མང་པོའི་རིང་བསྐྱལ་ནས་བསྡད།
ཉི་མ་ནུབ་ལ་ཉེ་སྐབས་སྦལ་བ་རྒྱགས་པས། “ད་ང་སྐྱལ་ཐུབ་ཀྱི་མི་འདུག ད་སྐྱལ་ཀྱང་སྙིང་པོ་ཅི་འདུག ཤི་རྒྱུ་ནི་ཉག་གཅིག་རེད། ང་ནི་སྔ་མོ་ནས་སེམས་ཤུགས་ཆགས་སོང་།”ཞེས་སྐྱལ་མཚམས་བཞག་པས། འོ་མའི་ནང་ནུབ་ནས་ཤི
ད་ནི་ཁོའི་གྲོགས་པོ་ཡག་ཤོས་ཕྱི་མའི་ཡུལ་དུ་བཞུད་ཟིན་པས། སྦལ་བ་སྐམ་པོ་སེམས་སྐྱོ་ཐག་ཆོད་དེ་མིག་ཆུ་འགོག་མེད་དུ་བཞུར་ཞིང་། སྐྱོ་བ་དྲགས་པོའི་ངང་སྐྱལ་སྟབས་ཇེ་མྱུར་ནས་ཇེ་མྱུར་དུ་བཏང་།
ཁོ་ཤུགས་ཡོད་ཚད་ཀྱིས་རྒྱུན་རིང་པོར་བསྐྱལ་སྟབས། མཚན་དཀྱིལ་ཡར་མར་ཞིག་ལ་གློ་བུར་དུ་སྦལ་ཆུང་གིས་རང་ཉིད་ཀྱིས་འོ་མ་དེ་མར་དུ་བསྒྱུར་ཡོད་པ་རྟོགས་ནས། དགའ་འབོད་བྱེད་བཞིན་བཞོ་ཟེའུ་ནས་ཕྱིར་མཆོངས་སྟེ་སོང་།
འོན་ཀྱང་། ཁོས་རང་གི་གྲོགས་པོར་ཕན་ཐོགས་མ་བྱུང་སྙམ་ནས་སྐྱོ་སྣང་ཡང་སྐྱེས། གཅེན་པོ་རྒྱགས་པ་སེམས་ཤུགས་ཆགས་སྟབས་ཤི་དགོས་བྱུང་བ་རེད་ཨང་སྙམ་ནས་སླར་ཡང་མིག་ཤོར།
ཁྱེད་ཀྱིས་མཁྱེན་གསལ་བཞིན། ང་ཚོ་རང་ས་ནས་སེམས་ཤུགས་མ་ཆགས་ན། ནམ་ཡང་ཕམ་ཁ་ཉོ་མི་སྲིད།
ལོ་མང་པོ་ཞིག་གི་རྗེས་སུ། སྦལ་ཆུང་སྐམ་པོ་གསེར་མདོག་སྦལ་མོ་ཞིག་ལ་གཉེན་སྒྲིག་ནས། སྦལ་ཕྲུག་བུ་བུ་མོ་མང་པོ་བྱུང་ཞིང་། ཁོས་རང་གི་གྲོགས་པོ་དྲན་པའི་ཆེད་དུ། སྦལ་ཕྲུག་ཚོ་རེ་རེའི་མིང་ལ་རང་ཉིད་ཀྱི་གྲོོགས་པོའི་མིང་ཟུར་རེ་བཏགས། རང་གི་ཕྲུ་གུ་ཚོས་འཚོ་བའི་ཁྲོད་ནས་སེམས་ཤུགས་མི་བརླག་ཆེད། དགོང་མོ་རྟག་པར་ཁོས་རང་གི་གྲོགས་པོ་སེམས་ཤུགས་ཆགས་ནས་འོ་མར་ནུབ་པའི་སྒྲུང་བཤད་པ་རེད།
འཚོ་བ་ནི་དཀའ་ཁག་གིས་ཁེངས་ཡོད་མོད། དེའི་ཁྲོད་ནས་རང་ཉིད་ལ་བློ་སྤོབས་དང་སེམས་ཤུགས་ཡོད་དགོས་ལ། རྒྱུན་དུ་རང་ཉིད་ལ་གང་ཡོད་པ་དེའི་རིན་ཐང་ཤེས་པའི་ཐོག་ནས་རེ་བ་ནམ་ཡང་བརླག་མི་རུང་། རྒྱུ་མཚན་ནི་སེམས་ཤུགས་མ་ཆགས་ན། ཕམ་ཁ་ཉོ་མི་སྲིད།
བདེན་ཀི