རྫ་ཚེ་རིང་བཀྲ་ཤིས།
ཡོལ་མོ་གངས་ར་མདོ་སྡེ་ཕལ་ཆེན་ལས།། རྒྱལ་བས་ལུང་བསྟན་སིང་ག་ལ་ཡི་ཚལ།། སྟོན་པ་ཤཱཀྱ་ཐུབ་པར་གསོལ་བ་འདེབས།། སངས་རྒྱས་བསྟན་པ་རྒྱས་པར་བྱིན་གྱིས་རློབས།།
ཨོ་རྒྱན་ཆེན་པོས་སྦས་གནས་བྱིན་གྱིས་བརླབས།། པདྨའི་ཚལ་ཞེས་ཆོས་གཏེར་རྒྱ་མཚོས་བསྐངས།། སློབ་དཔོན་པདྨ་འབྱུང་གནས་གསོལ་བ་འདེབས།། ཉིན་མཚན་དུས་དྲུག་ཀུན་ཏུ་ཐུགས་རྗེས་ཟུངས།།
མར་པས་ལུང་བསྟན་ཡོལ་མོ་གངས་རར་ཕེབས།། སྟག་ཕུག་སེང་གེ་རྫོང་དུ་ཉམས་རྟོགས་འཕེལ།། རྗེ་བཙུན་མི་ལ་རས་པར་གསོལ་བ་འདེབས།། ཕྱག་རྒྱ་ཆེན་པོའི་མཆོག་གི་དངོས་གྲུབ་སྩོལ།།
ཡང་དག་ཕུག་ཏུ་ཡང་ཕུར་སྒྲུབ་པ་མཛད།། དམ་ཅན་སྐྱེས་བུས་ཕུར་པའི་རྣོ་སོ་བཏོན།། རྡོ་རྗེ་ཕུར་པའི་ལྷ་ཚོགས་གསོལ་བ་འདེབས།། བར་ཆད་མ་ལུས་ཞི་བར་མཛད་དུ་གསོལ།།
སྨོན་ལམ་འཁྱིལ་༼རྨི་ལིམ་ཆེམ་༽ལ་ཉི་ཟླ་རང་བྱུང་བཞུགས།། རྡོ་རྗེའི་ལུང་བཞིན་འོད་དཔག་ལྷ་ཁང་བཞེངས།། མགོན་པོ་འོད་དཔག་མེད་ལ་གསོལ་བ་འདེབས།། བདེ་བ་ཅན་ལ་སྐྱེ་བར་བྱིན་གྱིས་རློབས།།
སྟོད་སྨད་ཀུན་ལ་མཁའ་འགྲོའི་བྲོ་ར་ཡོད།། གཟུངས་སྔགས་མཎི་པདྨེའི་གླུ་དབྱངས་འུར།། འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་འདེབས།། རིགས་དྲུག་སྐྱེ་སྒོ་ཆོད་པར་བྱིན་གྱིས་རློབས།།
སྐུ་གསུམ་མཁའ་འགྲོས་གནས་འདི་ཡོངས་སུ་གང་།། བོས་ན་བརྩེ་ཞིང་བསྒྲུབས་ན་མྱུར་བའི་ལྷ།། རྗེ་བཙུན་སྒྲོལ་མའི་ལྷ་ཚོགས་གསོལ་བ་འདེབས།། འཇིགས་པ་ཀུན་ལས་སྐྱོབ་པར་མཛད་དུ་གསོལ།།
བྲག་དཀར་རྩེ་གསུམ་རྐེད་པར་གཤིན་རྗེ་དང་།། ཤིནྟཾ་གརྦྷའི་དྲག་སྔགས་འཁོར་ལོ་བཞུགས།། འཇམ་དཔལ་ཡ་མན་ཏ་ཀར་གསོལ་བ་འདེབས།། ཕ་རོལ་བྱད་དང་དུག་མཚོན་མ་ལུས་བཟློག །
གཡང་རི་རྩེ་དང་སླང་ར་རྒྱལ་ས་སོགས།། བྱང་གཏེར་བསྟན་པ་རིན་ཆེན་དར་བར་མཛད།། སུརྱ་སེང་གེ་ཡབ་སྲས་གསོལ་བ་འདེབས།། ཀུན་བཟང་དགོངས་པ་མཐའ་རུ་ཕྱིན་པར་མཛོད།།
རི་བོ་དཔལ་འབར་འགྲོ་དོན་བརྟག་པ་མཛད།། ལུང་བསྟན་ཕུག་ཕེབས་བྱ་རུང་ཁ་ཤོར་སྙེད།། སྔགས་འཆང་ཤཱཀྱ་བཟང་པོར་གསོལ་བ་འདེབས།། འགྲོ་དོན་ཕྱོགས་མེད་རྒྱས་པར་བྱིན་གྱིས་རློབས།།
རྒོད་ཚང་གླིང་དུ་ཆོས་ཀྱི་འཁོར་ལོ་བསྐོར།། དགེ་འདུན་སྡེ་བཙུགས་ཕྱག་ཆེན་ཆོས་དྲུག་གནང་།། རྒོད་ཚང་རས་པའི་ཞབས་ལ་གསོལ་བ་འདེབས།། ཐབས་གྲོལ་རྟོགས་པ་རྒྱུད་ལ་སྐྱེ་བར་མཛོད།།
རས་ཆུང་ཕུག་ཏུ་སྒྲུབ་པའི་རྒྱལ་མཚན་བཙུགས།། སྙན་བརྒྱུད་གདམས་པས་སྐལ་ལྡན་སྨིན་པར་མཛད།། གྲུབ་ཐོབ་རས་ཆུང་པ་ལ་གསོལ་བ་འདེབས།། རྐྱེན་ངན་ལམ་དུ་ལོངས་བར་བྱིན་གྱིས་རློབས།།
ཡོལ་མོའི་ཕྱོགས་དང་རོང་ཆེན་ཁག་དགུ་ལ།། ཡང་ཟབ་དཀོན་མཆོག་སྤྱི་འདུས་བསྟན་པ་སྤེལ།། རྔོག་སྟོན་ཀརྨ་བློ་བཟང་གསོལ་བ་འདེབས།། རྩ་བ་གསུམ་གྱི་དངོས་གྲུབ་བསྩལ་ཏུ་གསོལ།།
སྤང་ལྗོངས་རིན་ཆེན་གཞོང་པའི་ངོས་ཉིད་ལ།། ཕོ་བྲང་ཐོབ་ཅེས་ལུང་ཟིན་སྒང་ཡུལ་ནས།། དཔལ་ལྡན་འབྲུག་པ་བཀའ་བརྒྱུད་གསོལ་བ་འདེབས།། སྐྱིད་སྡུག་རོ་སྙོམས་ནུས་པར་བྱིན་གྱིས་རློབས།།
བྱེ་མ་ཐང་༼བིན་མ༽ནས་གྲོ་ལོད་ཞལ་གཟིགས་ཐོབ།། གནས་ལྡིངས་སྒྲུབ་གྲོང་སྒྲུབ་པའི་རྒྱལ་མཚན་བཙུགས།། བྱ་བྲལ་སངས་རྒྱས་རྡོ་རྗེར་གསོལ་བ་འདེབས།། འོད་གསལ་རྫོགས་ཆེན་རྟོགས་པར་བྱིན་གྱིས་རློབས།།
རི་བོའི་སུལ་ན་སྒྲུབ་སྡེ་མཚམས་ཁང་མང་།། ཚེ་འདི་བློས་བཏང་སྙིང་པོའི་སྒྲུབ་ལ་གཞོལ།། རི་ཁྲོད་རྣལ་འབྱོར་ཕོ་མོར་གསོལ་བ་འདེབས།། སྒྲུབ་པ་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས།།
ཙི་རི་ན་ཀོ་ཊི་དང་བདེ་བ་ཐང་།། བྷ་ཁང་བཏབ་ཁར་དཔལ་ཚོགས་ཏིམ་བུ་སོགས།། ཡོལ་མོའི་དགོན་སྡེ་ཀུན་ལ་ཕྱག་མཆོད་འབུལ།། ཚོགས་བསགས་སྒྲིབ་པ་བྱང་བར་མཛད་དུ་གསོལ།།
པད་མས་བཀའ་བསྒོས་མི་ལའི་སྲུང་མ་དང་།། ཡོལ་མོའི་གཞི་བདག་ཀུན་གྱི་གཙོ་བོ་ཉིད།། ཨ་མ་གཡང་རི་ཁྱེད་ལ་མཆོད་ཅིང་བསྟོད།། ཡུལ་འདིའི་ལྷ་མིའི་དབུ་འཕང་དགོང་ལ་བསྟོད།།
དམ་ཅན་རྡོར་ལེགས་ཆ་ཏི་ལྷ་བཙན་དང་།། དགེ་བསྙེན་གླེ་རུ་ལ་སོགས་ལྷ་ཀླུ་ཀུན།། ཡུལ་འདིར་གནས་པའི་སྲུང་མ་མ་ལུས་མཆོད།། ཅི་བསམ་དོན་རྣམས་འགྲུབ་པའི་ཕྲིན་ལས་མཛོད།།
བསླུ་མེད་དཀོན་མཆོག་གསུམ་གྱི་བྱིན་རླབས་དང་།། རྩ་གསུམ་ལྷ་ཚོགས་རྣམས་ཀྱི་ནུས་པ་དང་།། ཆོས་ཉིད་རྣམ་དག་ཆོས་ཅན་རྟེན་འབྲེལ་དང་།། བདག་ཅག་དད་མོས་རྩེ་གཅིག་གསོལ་བཏབ་མཐུས།།
ས་གཡོ་མེ་དགྲ་འབྱུང་བཞིའི་གནོད་པ་དང་།། ནད་མཚོན་མུག་གེའི་བསྐལ་ངན་མི་འབྱུང་ཞིང་།། བདེ་སྐྱིད་ཆོས་འབྱོར་དཔལ་ལ་ལོངས་སྤྱོད་ནས།། གསོལ་འདེབས་སྨོན་ལམ་ཇི་བཞིན་འགྲུབ་གྱུར་ཅིག །
ཅེས་པ་འདི་སྟག་ཕུག་སེང་གེ་རྫོང་ནས་རྨི་ལམ་ཞིག་གི་རྐྱེན་གྱིས་ཡོལ་མོའི་ལྷ་སྲུང་རྣམས་ལ་ཀུ་ས་ལི་པ་མཁན་མིང་ཚུལ་རྣམ་པས་གསོལ་བ་བཏབ་པ་དེ་བཞིན་འགྲུབ་པར་གྱུར་ཅིག ། ༎
།།