སྐྱིད་སྲས།
ཁ་སྦུབ་དུག་སྦྲུལ་དྲང་པོར་མི་བགྲོད་པ།།
སྲིད་པ་ལུགས་འགྲོས་ལྕགས་ཀྱི་ཐམ་ལ་བཏབས།།
དགེ་སྡུག་མདའ་མོ་ཡོན་པོར་མི་འགྲོ་བ།།
རྒྱུ་འབྲས་ཐིག་ཤིང་ལས་ཀྱི་གཞུང་རྟར་ཆགས།།
འོན་ཀྱང་དུས་དང་བསྟུན་པའི་སྟོན་པ་གང་།།
དུས་རེར་ཞལ་རེ་སྟོན་པའི་འཕྲུལ་ལ་བྱང་།།
མཛུབ་མོ་ཤར་ཀེར་ནུབ་ལ་འགྲོ་དགོས་པ།།
དེང་རབས་སྟོན་པའི་གསང་བའི་ཐུགས་དགོངས་ལགས།།
ཡོན་པོའི་མིག་གིས་དྲང་པོར་མི་སྣང་ཀྱང་།།
ཡོན་པོའི་ལྕེ་ཡིས་དྲང་པོར་བརྗོད་པར་རེ།།
གཡས་ཞར་གཡོན་འཐེང་མཁས་པར་ཞལ་འཆེས་པ།།
དྲང་པོར་བགྲོད་པའི་ལོ་རྒྱུས་ཡོད་རེ་སྐན།།
ཉི་འོད་སྤར་གྱིས་འགོག་པའི་ཕྱག་རྒྱ་འདི།།
འུག་པའི་འཁོར་ཚོཊ་དགྱེས་པའི་གསོལ་སྟོན་ཡིན།།
ལུས་དང་མི་མཐུན་ཡ་མ་བརླ་ཡི་མགོ།།
རབ་ཏུ་བྲིན་པའི་ལོ་རྒྱུས་དྲེགས་པ་ཅན།།
མགོ་ཡི་ཞྭ་ཆེན་ལྕི་ན་ལུས་ཀྱི་རྔུལ།།
རྐང་རྩེའི་ཤིག་ཆེན་བཞག་ན་སྤྱི་གཙུག་སྙེགས།།
བསྙོན་པའི་གཏམ་ལ་ལ་བདེན་པ་མེད་མོད་ཀྱང་།།
ཅེས་པའི་དབྱེན་སྦྱོར་དེ་ཡིས་རྒྱལ་ཁམས་དཀྲུགས།།
གསལ་བྱེད་གདོང་རས་མེ་ལོང་བཞིན་འགྱུར་མ།།
ལྷ་ཚོགས་དབུས་ན་ལྷ་ཡི་བརྙན་དུ་དོད།།
བདུད་ཚོགས་དཀྱིལ་ན་སྲིན་བུ་སྒམ་ཚུགས་ཅན།།
སྒྱུ་མའི་གར་མཁན་མང་འདུས་ཁྲོམ་ན་སྐྱེན།།
ཀླད་པ་དུང་གི་རྒྱ་མཚོའི་རབ་ཁ་ལ།།
གནའ་དེང་ཤེས་རིག་ནོམ་ཆེན་ཞག་ཏུ་འཁྱིལ།།
ཙི་ཏ་མཆོང་གུར་སྨུག་པོའི་ནང་རོལ་ན།།
ཕྱོགས་སུ་ལྷུང་བའི་ཚད་ཤིང་ཡོན་པོར་བཟུང་།།
བསམ་ཡས་ཁྲི་ན་མཁན་པོས་སྟོན་པ་མཛད།།
རྒྱལ་བོའི་འཁོར་ན་མཁན་པོ་རྔོན་པར་སྤྲུལ།།
མདའ་གཅིག་ཁོ་ནས་གླང་གསད་གླང་རྭ་བཀོག།།
མཁན་པོ་མདའ་ལ་བྱང་དུ་ཆུབ་ལ་ལྟོས།།
བློ་གཉིས་མི་ཡིས་འདི་ཕྱིའི་དོན་མི་འགྲུབ།།
རྩེ་གཉིས་ཁབ་ཀྱིས་ཟ་འོག་འཚེམ་མི་འགྲུབ།།
ཅེས་པའི་གཏམ་ལ་བདེན་པ་ཡོད་སྲིད་ན།།
དེང་འདིར་མགོ་གཉིས་དབུ་འཕང་ཅི་ལ་མཐོ།།
ལས་དབང་གནམ་ལ་བཅོལ་བའི་ཁ་རྩང་དང་།།
ཕོར་བ་ཕྱི་ལ་བཟེད་པའི་དེ་རིང་ལ།།
མཐུན་སྒྲིལ་ཟེར་བ་ཁ་ཡི་ནོམ་ཆེན་ཞིག།
ཐོས་པ་མ་གཏོགས་མཐོང་བའི་ཡུལ་མ་ལགས།།
བརྒྱ་འདུས་ཁྲོམ་ན་ཁྱོད་ཉིད་ལྷ་རུ་བགྲང་།།
སྟོང་འདུས་དབུས་ན་ཁྱོད་ཉིད་མི་ལས་སྐྲོད།།
མི་རེ་སྐྲབ་པའི་སྤྲེའུ་བསྒྱུར་དོན་གཉིས་རེས།།
འཁོར་ཚོགས་བྱེ་བའི་མིག་འབྲས་རིམ་གྱིས་སྐྲུ།།
སྟོད་ཕྱོགས་རྫ་ན་སྤྱང་ཀིས་སྟག་པགས་གྱོན།།
སྨད་ཕྱོགས་སྤང་ན་སྤྱང་ཀིས་ལུག་པགས་གྱོན།།
སྟོད་སྨད་ཀུན་ན་མི་མཚུངས་ཆ་ལུགས་རེས།།
རིགས་མཐུན་སྤུན་ཟླའི་ཤ་དང་ཁྲག་ལ་འཇུབ།།
གཞན་སྐྱོན་མཐོང་བའི་མིག་འབྲས་འབུར་དུ་དོད།།
རང་སྐྱོན་བརྟགས་པའི་མིག་ཟུང་ཕུ་ན་ཟུམ།།
གཤོག་པ་མེད་ཀྱང་གནམ་ལ་འཕུར་རབས་བཤད།།
གཤོག་ཡ་བྲལ་བའི་འཕུར་རྩལ་ངས་མ་མཐོང་།།
གོ་གྱི་ཆེན་པོ་འདུག
ཀློག་ཚར་ཡིན། བསམ་ཚུལ་རེ་སྤེལ་ཐུབ་མ་སོང་། རྩོམ་བྱང་དང་གཞུང་ཁོག་གཉི་ཀ་ན་གནད་འགག་རེ་ལབ་འདུག ཞིབ་མོར་བསམ་བློ་གཏོང་རྒྱུ་འདུག
ངས་སྙིང་ཐག་པ་ནས་ཁྱེད་ལ་བཀའ་དྲིན་ཆེ་ཞུ།། ངོ་མ་ཡག་པོ་བྲིས་འདུག། དེང་སང་ང་ཚོ་བོད་ཀྱི་སྤྱི་ཚོགས་ནང་དུ།། བླ་མ་དང་མཁན་པོ་ཡིན་ཟེར་ནས།། ཁ་ནས་ཞི་བདེ་དང་།། མཐུན་སྒྲིལ།། རྡོག་རྩ་གཅིག་དྲིལ་སོགས་བཤད་ནས།། དོན་དུ་ཆོས་ལུགས་ཀྱི་ཕྱོགས་རིས་དབང་གིས།། བོད་རང་གི་ལོ་རྒྱུས་ངོ་མ་དེ་སུབ་ནས།། མ་ཡིན་པ་ལ་ཡིན་པ་དང་།། མེད་པ་ལ་ཡོད་པ་སོགས་སྒྲོ་མང་པོ་བཏགས་ནས་བསྡད་ཡོད།། ངོ་མ་ཡིད་སྐྱོ་ཀི།
སྙན་ངག་པའི་ཚོར་བ་རྣགས། སྨྱུག་ཁ་མདུང་། སེམས་འགྱུ་གློག ཟེར་བ་དངོས་གནས་བདེན་བསམ་བསམ་ཅིག་འདུག དེང་སང་གི་མི་མང་པོ་ཞིག་གི་མཚང་ལ་ཕོག་འདུག ཧཧཧཧཧ་་་་་་
རི་སྤྱང་རི་ནས་མ་བསྡད་གྲོང་ལ་འཁྱམས།།
གྲོང་གི་གསང་བ་དམར་པོར་ལྐོག་ནས་བལྟས།།
ལྐོག་མིག་མདའ་མོས་བསྣུན་པའི་རྨ་ཁ་ལ།།
ན་ཟུག་རྫོགས་མེད་ཅིག་གིས་འཕག་འཚག་རྒོད།།
འདས་པའི་བོད་པ་དད་པའི་དོང་ལ་ལྷུང་།།
ད་ལྟའི་བོད་པ་གཡོ་སྒྱུའི་གར་ལ་བྲེལ།།
མ་འོངས་བོད་པ་རེ་བའི་ཀློང་ན་ལྷག།
གང་ལྟར་བོད་པའི་གོམ་ཁ་བཀག་ནས་ཡོད།།
ཚིག་ལ་སྙན་ཅིང་དོན་ལ་གོ་རྒྱུས་ཕྱུག་པའི་རྩོམ་ཞིག་རེད་འདུག སུ་ཡི་སེམས་ལ་ཕོག་ན་དེ་ནི་རྩོམ་འདི་ཡི་འབེན་དུ་ཟད།
བར་སྣང་ཁམས་སུ་བསྐོར་བའི་ཆུ་མིག་དགུ་བསྒྲིལ་དེ།
གཏད་མེད་ཀློང་དུ་དཔུང་པའི་འདབ་མས་འཕངས་པ་ལ།
གང་ལ་ཕོག་ན་འདི་ཡི་འབེན་གྱི་ཚ་ལུ་རུ།
རྐུན་མགོར་བལ་ཆགས་གཏམ་གྱིས་དེ་ཉིད་རྐུན་མར་བསྒྲགས།