དེ་རིང་ཡང་མི་ངན་པའི་ཁ་བདག་མ་ཐུབ་པར་རྣམ་རྟོག་གི་ཡིག་ཕྲེང་ཁ་ཤས་འབྲི་དགོས་བྱུང་སོང་། དེ་ནི་སྦྲ་གུར་གྱི་སྦྲ་ཡི་ཁུངས་ར་ཡིན་སྲིད་པའི་སྐོར་ཡིན་། བོད་ཡིག་ནང་སྦྲ་གུར་ཟེར་བའི་ཡི་གེ་འདི་ལ། བོད་ཡུལ་ཀུན་ཏུ་སྦ་ཟེར་ནས་ར་བཏགས་མི་ཀློག་མཁན་བོད་ཡུལ་སྟོད་སྨད་བར་གསུམ་གང་ནའང་འདུག ཨ་མདོའི་འབྲོག་ཕྱོགས་མང་པོ་ཞིག་ནས་སྦ་མི་ཟེར་བར་ ར ཟེར། སྟབས་བདེ་བོ་ཞིག་བཤད་ན། ར་བཏགས་ཀྱི་སྒྲ་ཤུགས་ཆེན་པོར་་ཀློག་པ་ལས་ཡོང་བ་ཡིན། དེ་འདྲ་བ་བོད་སྐད་ནང་མང་། ཡ་བཏགས་ཀྱི་སྒྲ་མ་གཏོགས་མི་ཐོན་པ་ཡང་ཡོད། གཞན་གང་ཡང་མ་ཡིན་ནོ་ཟེར་ན་བདེན་མདོག་ཁ་བོ། བློ་ལའང་འཇུག་བདེ་བོ་འདྲ་ཞིག་འདུག་སྟེ། མིང་འདི་མིའི་རིགས་འཕེལ་རིམ་གྱི་ལོ་རྒྱུས་ལ་སྦྱར་ནས་དཔྱད་པ་ཞིག་བཏང་བ་ཡིན་ན་དཔྱད་པ་ཁྱོན་ནས་གཏོང་རིན་མེད་པ་ཞིག་ཀྱང་མིན་པ་འདྲ་སྟེ།
ཆེས་ཐོག་མའི་དུས་སུ། མི་རྣམས་ཀྱིས་གོས་སུ་ཤིང་ལོ་དང་རི་དྭགས་ཀྱི་པགས་པ་གྱོན་ཞིང་རྔོན་བྱེད་ཅིང་འཚོ་བ་རོལ། སྡོད་ས་བྲག་ཕུག་ལ་སྡོད་པ་ཡོངས་གྲགས་ལྟར་རེད།
ད་ང་ཚོས་བསམ་བློ་གཏོང་དགོས་ས་ཞིག་ནི། རྔོན་བྱེད་པ་སོགས་འཚོ་བའི་དགོས་མཁོའི་ཆེད། ས་ཐག་རིང་ཐུང་འདྲ་མིན་ལ་འགྲོ་དགོས་པ་དེ་བཤད་མ་དགོས་པ་ཞིག་རེད། དེའི་སྐབས་སུ། བྲག་ཕུག་སོགས་སྡོད་ས་མེད་སྐབས་ཁོ་ཚོ་ཇི་ལྟར་སྡོད་ཀྱི་ཡོད་པ་རེད་བསམ། དེ་ལྟའི་སྐབས་སུ། ཐབས་ཤེས་གཅིག་རང་གཅིག་ཡོད་པ་ནི། བྲག་སྐྱིབས་དང་གད་པ་སོགས་གྲང་རླུང་གི་འཚེ་བ་ཉུང་ས་ཞིག་ཏན་ཏན་འཚོལ་གི་མ་རེད་དམ།
དེས་མི་ཚད། ད་རུང་རླུང་འགོག་གི་རྡོ་རྩིག་རྒྱག་པ་དང། སེམས་ཅན་གྱི་པགས་པ་སོགས་བརྒྱངས་ནས་ཡོལ་བའི་ཚུལ་དུ་བསྟེན་པ་སོགས་ཐབས་ཤེས་ཤིག་འཐེན་གྱི་མ་རེད་དམ།
ཨ་མདོ་རུ། བྲག་ཁུག་དང་རི་ལུང་སོགས་སུ་མཚན་མོ་ཉལ་དགོས་པ་སོགས་བྱུང་སྐབས། རླུང་འགོག་པའི་ཆེད་སྐབས་འཕྲལ་གྱི་རྡོ་རྩིག་གོར་མོ་རེ་བྱེད་པ་སོགས་ལ་སྐྱོབས་ར་ཟེར། ཡང་དགུན་ཁ་སོགས་སུ། ཕྱི་ལོགས་སུ་རང་ཁྱིམ་གྱི་སྒོ་རུ་ཉི་དྲོད་འཁྱིལ་བ་དང་རླུང་འགོག་པའི་ཆེད། ཕྱ་ར་དང་རས་སོགས་ཀྱིས་ཡོལ་བ་འཐེན་པ་དེ་ལ་ཡོལ་ར་ཟེར།
དེས་ན་གདོད་མའི་མི་རྣམས་ལ་མཚོན་ན། སྐྱོབས་ར་དང་ཡོལ་ར་ནི་སྦྲ་མ་བྱུང་སྔོན་གྱི་སྦྲའམ་རྭ་ཡི་ཁུངས་དང་། ད་ལྟའི་ར་བ་དང་ར་སྐོར་གསར་བཏོད་ཀྱི་རྨང་གཞི་ཡང་ཡིན་པར་འདོད།
འདི་ལྟར་བཤད་ན། དྲ་གྲོགས་འགའ་རེས། དེས་ན་ར་མི་འབྲི་བར་སྦྲ་ཅིའི་ཕྱིར་བྲིས་པ་རེད་ཟེར་ན། རོགས་དང་གྲོགས་ཀྱི་ཚིག་འདི་ཁོ་ན་ལས་ང་ལ་འཁྱེར་ཡོང་རྒྱུ་ཅང་མ་རྙེད། ཨ་མདོ་རུ། ཁ་སྐད་དུ། རོགས་ཟེར་བ་མ་གཏོགས་གྲོགས་ཟེར་བ་གོ་མ་མྱོང་།
ཐོག་མའི་དུས་ཀྱི་སྐྱོབས་རའམ་ཡོལ་ར་ཆུང་ཆུང་དེ། རིམ་པས་དུས་ཚོད་དང་ཤེས་རིག་དར་རྒྱས་ཀྱི་འཕེལ་རིམ། སྐད་ཀྱི་འཕེལ་རིམ་སོགས་དང་བསྟུན་ནས་ཡལ་ག་གཉིས་སུ་གྱེས་པའི་ཡལ་ག་གཅིག་ནི། ཡུལ་སྐད་ལ་ལར་སྦ་དང་ལ་ལར་ར། ཡིག་སྐད་དུ་སྦྲ་ཟེར་བ་དེ་དང་། གཞན་པ་དེ་ནི། ཡོལ་རའམ་སྐྱོབས་ར་ནས་རྒྱ་ཆེ་རུ་ཕྱིན་ཏེ་ར་བའི་མིང་དུ་འཕེལ་བ་དང་། དེ་ནས་འཕེལ་ཏེ་གྲྭ་ཟེར་བར་ཆགས་པར་སྙམ། རྣམ་རྟོག་འདི་འདྲ་མཁས་པའི་མདུན་དུ་ཤིན་ཏུ་ནས་ཀྱང་མི་མཛའ་མོད། ཁོག་ནང་གི་མི་གཙང་བ་དང་ཀླད་པའི་ནང་གི་མི་གཙང་བ་དེ་ཚོ་ཕྱི་ལ་བཏོན་པ་ཡིན་ན་གཟུགས་ཁམས་བདེ་བའི་ཁྱད་ཅུང་ཟད་འདུག
རྭ་ཅིག
རྭ་བ།
རྭ་སྐོར།
སྐྱོབས་རྭ།
ཡོལ་རྭ།
སྦྲ།
སྦ།
སྦྲ་གུར།
སྦ་གུར།
གུར།
ནག་གུར།
དཀར་གུར།
ལུག་རྭ།
བ་རྭ།
གཡག་རྭ།
རྟ་རྭ།
ང་ཚོའི་ཕ་ཡུལ་སྐད་ལ། ར་ལུག་གི་ལྷེ་རྭ།
མེ་ཏོག་གི་སྡུམ་རྭ།
བཏབ་པའི་སྐྱེད་ཚལ་རྭ་བ།
མ་བཏབ་པའི་ནགས་ཚལ་རྭ་བ།
གཅན་གཟན་འཇིགས་རུང་བའི་རྭ་བ།
ཆུའི་རྭ་བ།
གློག་གི་རྭ་བ།
བདེ་འཇགས་ཀྱི་རྭ་བ།
སྐོར་བྱ་བའི་རྭ་བ། པུ་ལི་སིའི་རྭ་བ།
ས་མཚམས་ཀྱི་རྭ་བ་སོགས་ལ་དཔྱད་པར་འཚལ།
རྡོ་སྤྱད་བོད་མིའི་སྐབས་སུ།
དུད་ཚང་། མིན་ནམ་སྙམ།
དེ་ནས།
མི་ཚང་།
ཁྱིམ་ཚང་།
བཟའ་ཚང་།
ནང་ཚང་།
གནས་ཚང་།
ཐབ་ཚང་
ཁྱི་ཚང་།
བྱ་ཚང་།
སྤྱང་ཚང་།
སྟག་ཚང་།
གཟིག་ཚང་།
རྒོད་ཚང་
ཁྱིམ།
ཁྱིམ་ཁང་།
ཁང་པ།
སྡོད་ཁང་།
ཉལ་ཁང་།
གཟིམ་ཁང་།
ཤག
གཟིམ་ཤག
རྒྱལ་ཁང་།
སྤྱན་གཟིགས་ཁང་ངམ། གཅན་གཟན་ཁང་།
དཔེ་མཛོད་ཁང་།
ཚོགས་ཁང་།
འདུ་ཁང་།
མི་མང་ཚོགས།
གྲོས་ཚོགས་ཚོགས་ཁང་།
རྒྱལ་སྤྱིའི་ཚོགས་ཁང་།
རྒྱལ་ཡོངས་ཚོགས་ཁང་།
རྒྱལ་ཡོངས་ཚོགས་ཆེན་ཁང་། སོགས་སོ། །
༡ རྭ་བ་ཟུར་ཅན་ཚང་མ་ནོར་འདུག
༢ དཀར་གུར ནག་གུར་ཡང་ནོར་མེད་འགྲོ། ཡུལ་ལུང་གི་སྐད་དེ་འདྲ་ཡིན་ན་མི་ཤེས།
སྒྲུང་སོགས་ཀྱི་ནང་། གུར་དཀར་གུར་ནག་གུར་སེར་གསུམ་ཟེར་ནས་བྲིས་འདུག
མགོན་ཕྱག་ལགས།
ལགས་རེད་དཀར་གུར་དང་ནག་གུར་གཉིས་ཡུལ་སྐད་རེད། འབྲོག་པའིམཁོ་ཆས་ལ་འབྲོག་སྐད་ཉིད་དག་ག་ཡོད་རེད། གུར་དཀར་གུར་ནག་སོགས་གླིང་སྒྲུང་སྐབས་ཚིགས་བཅད་བྲིས་མ་ལ་ཁྱེད་རང་གི་འདི་རན་པ་ཡོད་རེད། ཁ་སྐད་ལ་དཀར་གུར་ཟེར་ན་བློ་ལ་འཆར་བདེ་བ་ཡོད་རེད། ད་དུང་འདིར་ཡུལ་སྐད་ཁུངས་གཏུགས་ནས་འདི་ཟེར་འདོད་ཡོད།
ཨིན་སྐད་ལ་མོནྠ་དང་མཱུན་ཞེས་དུས་ཀྱི་ཟླ་བ་དང་ནམ་མཁའི་ཟླ་བ་ཞེས་མིང་ཚིག་སོ་སོར་ཡོད་པ་བཞིན། བོད་སྐད་ལ་ཡང་དེ་འདྲ་ཡོད་རེད། དུས་ཀྱི་ཟླ་བ་ལ་ཟླ་བ་དང་། ནམ་མཁའི་ཟླ་བ་ལ་ཟླ་བ་ལས་ཟླ་དཀར་ཟེར་ན་ལེགས་པ་འདུག
ཡང་། ༡ རྭ་བ་ཟུར་ཅན་ཚང་མ་ནོར་འདུག ཅེས་དགག་ནས་རང་ལུགས་མ་བཞག་པ་འདིས་གཞན་གྱི་རིགས་རྩལ་ལ་འཇིགས་སམ། ཡང་ན་ཁྱེད་མཁས་དབང་དཔེ་འཁྱུད་ཅན་ཞིག་ཡིན་ནམ། སྐུ་རྩེད་དང་བཅས།
དེས་ན་ཕྲུ་གུའི་བློ་་དང་འབྱོར་དང་།
Monday = གཟའ་ཟླ་བ།
Month = ཟླ་བ།
Moon = ཟླ་དཀར།
དཀར་གུར། ནག་གུར་ཟེར་ན། བོད་ཀྱི་སྐད་བྱིངས་དང་ཡང་མི་མཐུན། བརྡ་སྤྲོད་ཀྱི་གཞུང་དང་ཡང་མི་མཐུན།
གངས་དཀར། འོབས་རིང་། ལུང་རིང་། རྟ་ནག སྦྲ་ནག རོང་ཆེན་ཁ་བ་དཀར་པོ། རྫ་དམར། ལ་དམར། མི་ནག་རྟ་ནག མི་དཀར་རྟ་དཀར། ཁང་དཀར། ཁང་གསར་སོགས་སུ་འབོད་པ་ལྟར་རོ ། ཡང་། ནག་ཁྱིམ་ཟེར་བ་དེ་འདྲ་རེ་ཟུང་རེའང་མཐོང་རྒྱུ་འདུག
མདའ་ཚན་པ་ལགས།
ཁྱེད་ལ་སྐབས་དོན་དང་མ་འབྲེལ་བའི་དྲི་བ་ཞིག་ཡོད། ཁྱེད་ཀྱི་མཆན་ཞིག་ཏུ་ལྷམ་གོག་གི་ལོ་རྒྱུས་སྙན་པོ་དེ་རྗེ་གུང་ཐང་པའི་གསུང་ཞིག་ཏུ་ཡོད་ཚུལ་གསུངས་སོང་། དེ་གསུང་གང་གི་ནང་ཡོད་མེད་དྲན་གྱི་འདུག་གམ། ངས་ལོ་རྒྱུས་དེ་བླ་མ་རྣམས་ཀྱི་ཞལ་ལས་ཡང་ཡང་ཐོས་མྱོང་ཡང་། གང་དུ་ཡོད་མེད་མི་ཤེས།
བོད་ཀྱི་སྐད་ལུགས་ལ་དཀར་གུར་དང་གུར་དཀར་དོནགཅིག ནག་གུར་དང་གུར་ནག་དོན་གཅིག་ཏེ། དཔེར་ན། དཀར་ཐིག་དང་ཐིག་དཀར་དོན་གཅིག ནག་ཐིག་དང་ཐིག་ནག་དོན་གཅིག་པ་བཞིན་ནོ། ད་དུང་དཀར་གུར་ལས་གུར་དཀར་ཞེས་རྗོད་མི་བདེ་བ་ཡོད་དེ། གུར་དཀར་པོ། ཞེས་”པོ་”སྒྲ་ཞིག་དགོས་པས་སོ། །
སྒོམ་སྡེ་ལགས།
ཁོང་ཚང་གི་གསུང་ཆོས་ཞུ་མཁན་ཞིག་གི་ཁ་ནས་གོ
དཀར་ཐིག་དང་ཐིག་དཀར་གཉིས་དོན་དག་གཅིག་པ་མ་རེད་ལགས།
དཀར་ཐིག་ནི་གཞི་ནག་པོ་སོགས་ཚོན་མདོག་གཞན་ཞིག་གི་ཐོག་ཚོན་མདོག་དཀར་པོ་ཆུང་ཙག་རེ་ཡོད་པ་དེ་ལ་ཟེར། ངའི་གོན་པའི་སྟེང་ནག་ཐིག་ཅིག་ལྷུང་འདུག་ཟེར་བ་ལྟ་བུ་རེད།
ཐིག་དཀར་ནི་ཐིག་དཀར་པོའམ་རྟགས་དཀར་པོ་ནར་མོ་ཞིག་འཐེན་པ་དེ་ལ་ཟེར། དེ་ཡང་གནའ་སྔ་མོ། སྨྱུག་གུ་སོགས་མེད་སྐབས། དཔེ་བཞག་ན། དངོས་པོ་གང་ཞིག་དྲས་གཏུབ་བྱེད་སྐབས། ཐིག་སྐུད་ཅིག་གི་ཐོག་ཐལ་བའམ་གཞན་པའི་ཚོན་ཞིག་བྱུགས་ནས་སྣེ་མོ་གཉིས་ནས་མནན་ཏེ། ཐིག་སྐུད་ཀྱི་དཀྱིལ་ནས་ཡར་འཐེན་དེ་མར་གློད་པ་ན། ངོས་གང་དེའི་སྟེང་ཐིག་དྲང་མོ་ཞིག་ཕབ་པ་དེ་ལ་ཟེར། ང་རང་ཆུང་ཆུང་ཡིན་སྐབས། ངའི་ཨ་ཕས་ད་རུང་གནའ་སྔ་མོའི་ཐབས་ཤེས་དེ་རང་བཀོལ་གྱི་འདུག
མདའ་མཚན་པ་ལགས།
དཀར་ཐིག་གི་དོན་དེ་དཀར་ པོ་ཆུང་ཙག་ལ་མིན་པ་དེ། བོད་རྒྱ་ཚིག་མཛོད་ཆེན་མོའི་ཟོག་གྲངས་༥༥ལ་ལྟོས་ཤིག ཡང་།
ཁྱེད་ཀྱིས་ནག་ཐིག་དང་ནག་ཐིག་ཐིག་གཉིས་འདིར་བསྲེས་ནོར་ཐེབས་པ་རེད། ཚེམ་བུ་བའི་ཐིག་སྐུད་ཀྱི་སྒྲུང་དེ་ཁྱེད་རང་གི་མི་རབས་རྗེས་མ་དེ་ཚོ་ལ་ཤོད་ དགོས་པ་ལས་འདིར་ཤོད་ས་ནོར་བ་འདྲ།
ཁྱེད་གཉིས་ལྟར་ན། མི་དཀར་དང་རྟ་དཀར་མ་གཏོགས་བོད་སྐད་ལ་འགྲོ་སྟངས་མེད་ན། ཟླ་བའི་དཀར་གསལ་ལས། དཀར་གསལ་ཟླ་བ་ཟེར་ན་ནོར་བ་ཡིན་ནམ། ནག་རྩིས་དང་ནག་ལས་ཟེར་བ་དེ་ཚོ་བོད་སྐད་ནོར་བ་རེད་དམ།
ཡང་དཀར་ཐིག་ནག་ཐིག་གཉིས་པོ་དཀར་ཐིགས་ནག་ཐིགས་དང་ཡང་ནོར་མི་སྲིད་པ་མིན་ནོ། །
བོད་རྒྱ་ཚིག་མཛོད་ཀྱི་དེ་ཡང་འཇུག་ཡུལ་གཅིག་རེད། རྩ་བའི་མིང་ཁྱིམ་གཅིག་ཡིན་པ་འདྲ།
ནག་རྩིས། ནག་ལས། ངའི་མཆན་༦ ནང་། ནག་ཁྱིམ་ཟེར་བ་དེ་འདྲ་རེ་ཟུང་རེའང་མཐོང་རྒྱུ་འདུག་ཟེར་ནས་བྲིས་ཡོད་པ་ལྟར་རོ། དཀར་གསལ་ཟླ་བ་ནི་དཀར་ཞིང་གསལ་བའི་ཟླ་བ་ཟེར་བའི་བསྡུས་མིང་རེད། ང་ཚོའི་སུམ་ཅུ་བའི་གཞུང་ན། བསྡུ་བ་རྣམ་པ་དྲུག་ཟེར་བ་ཞིག་ཀྱང་ཡོད་པ་རེད། དེ་ཚོར་སློབ་སྦྱོང་ཡག་པོ་གནང་།
ཀརྡོ།
སྤྱིར་བཏང་། བོད་བྱིངས་ཀྱི་སྐད་ནང་། མིང་གི་ཁྱད་པར་སྟོན་བྱེད་ཀྱི་ཚིག་རྣམས་མིང་གི་རྗེས་སུ་སྦྱོར་བ་ཤུགས་ཆེ་ནའང་། སྐབས་རེར་ཁྱེད་ཀྱིས་གསུངས་པ་ལྟར་དེ་ལྟར་མི་སྦྱོར་བའང་རེ་ཟུང་འདུག། ལྷག་པར་དུ་ནག་དང་། ནག་ལ་ལྟོས་ནས་དཀར་ལའང་དེ་ལྟར་བྲིས་པ་དེ་འདྲ་འདུག ནག་ལ་མཚོན་ན། དམིགས་བསལ་གྱིས་ནག་ཡིག་མིང་གི་སྔོན་ལ་སྦྱོར་བ་ལས་རྗེས་སུ་སྦྱོར་ན། དོན་དག་ངན་པ་དང་ལོག་པར་གོ་འདྲ་བ་དང་། ཡང་འགའ་རེ་དོན་དག་མ་འགྱུར་ནའང་། ཐལ་ཆེ་མ་ཆེའི་ཁྱད་པར་ཞིག་ཡོད་པ་འདྲ།
དཔེར་ན། ནག་ལས། ནག་ཚང་། ནག་རྩིས། ནག་ཁྱིམ། ནག་ཆུ། ནག་རྩི། ནག་མོ། ནག་མཆན། ནག་ཆང། ནག་པང་། ནག་ཟླ། ནག་ཚོང་། ལྟ་བུ་ལ།
ཡོངས་གྲགས་ལྟར་བྱས་ན་འདི་ལྟར། ལས་ནག ཚང་ནག རྩིས་ནག ཁྱིམ་ནག ཆུ་ནག རྩི་ནག མོ་ནག མཆན་ནག ཆང་ནག པང་ནག ཟླ་ནག ཚོང་ནག་ལྟ་བུ་རེད། འདི་ལ་ཅིག་དཔྱོད་དང་།
སྒོམ་སྡེ་ལགས།
ཁྱེད་ཀྱི་དཔྱད་གཞི་འདིས། ངའི་ཀླད་པ་འཁྲུགས་བཅུག་པ་མ་ཟད། ངའི་སུམ་རྟགས་རིགས་པའང་འཆལ་ཉན་འདུག་པས་ཅུང་ཟད་དཔྱད་ནས་ལན་རྗེས་སུ་ཕུལ་ཆོག་རྒྱུ་ལགས།
སྒོམ་སྡེ་ལགས།
མིང་གི་ཁྱད་པར་སྟོན་བྱེད་ཀྱི་ཚིག་རྣམས་མིང་གི་རྗེས་སུ་སྦྱོར་བ་ཤུགས་ཆེ་བ་ལྟར། ལྷ་ནག མི་ནག ཁྱི་ནག འཇིག་རྟེན་ལ་གྲགས་ཟིན་པའི་དབང་དུ་བྱས་ན། ནག་པང་ལ་པང་ནགདང་། ནག་རྩིས་ལ། རྩིས་ནག་ཞེས་མི་འཐད། ནག་ཆུ་ནི་མིང་དང་། ཆུ་ནག་ནི་ཆུ་ནག་ནག་པོར་གོ་དགོས། ཟླ་ནག་དང་ནག་ཟླ་གཉིས་འབྲེལ་མེད་འགལ་བ། ནག་ལས་དང་ལས་ནག་ཅུང་ཟད་ཉེ་ལ། ནག་རྩི་དང་རྩི་ནག་གཉིས་དོན་གཅིག་ཏུ་མི་གོའམ། ངས་མི་ཤེས། ཁྱེད་ཀྱི་དབྱེ་འབྱེ་སྟངས་དེ་གསུངས་རོགས་གནོངས།