སྐར་ཁྲི་བཙན།
བཀའ་བློན་སྐུ་ངོའི་ལྗགས་ལས་སྦྲགས་སྐད་འཕྲོ།།
གཞུང་ཞབས་ལས་སྣེའི་ངག་ན་བསྲེས་སྐད་ལྷང་།།
མང་ཚོགས་ཕལ་བའི་ཁ་ན་ར་ལུག་སྐད།།
སྦྲགས་སྐད་གོང་དུ་སྤེལ་བའི་བཙན་བྱོལ་བ།།
བླ་མ་སྤྲུལ་སྐུའི་གསུང་ན་ལྷད་མའི་སྐད།།
དགེ་བསྐོས་ཕྱག་མཛོད་ཚེམས་ལ་བསྲེས་སྐད་ཆགས།།
གྲྭ་མང་ཡོངས་ལ་བྱང་བ་ར་ལུག་སྐད།།
སྦྲགས་སྐད་ཡར་རྒྱས་ཅན་གྱི་སྐྱབས་བཅོལ་བ།།
གཞོན་ནུ་ཚོགས་པར་ལོབས་པ་སྦྲགས་མའི་སྐད།།
བུད་མེད་ཚོགས་པར་གོམས་པ་བསྲེས་པའི་སྐད།།
དགུ་བཅུ་གསུམ་གྱིས་འཇོན་པ་ར་ལུག་སྐད།།
སྦྲགས་སྐད་མཐོ་རུ་བཏེགས་པའི་ཕྱི་སྡོད་བོད།།
སློབ་ཕྲུག་ཚོགས་པས་སྦྱངས་པ་ལྷད་པའི་སྐད།།
དམངས་གཙོ་ཚོགས་པར་ཡོད་པ་འདྲེས་པའི་སྐད།།
ཚོགས་པ་སྐྱིད་སྡུག་ཁག་གི་ཐུན་མོང་སྟེ།།
སྦྲགས་སྐད་གསར་དུ་བཏོད་པའི་བྱས་་རྗེས་འདི།།
ཕྱུག་པོའི་ཁང་བརྩེགས་ནང་ན་ཐན་སྐད་བསགས།།
མེད་པོས་ཁྲོམ་དང་སྲང་ནས་ལྟས་ངན་སྐད།།
དབུལ་ཕྱུག་མཐོ་དམན་བར་ལ་འགོང་བོའི་སྐད།།
སྦྲགས་སྐད་གཅིག་པོ་འཇོན་པའི་བྲོས་བྱོལ་བ།།
མགྲོན་འཁོར་ཆེ་ཆུང་ནང་ལ་སྦྲགས་སྐད་མཁོ།།
མགྲོན་ཁང་ཟ་ཁང་ནང་ལ་བསྲེས་སྐད་དགོས།།
རྒྱལ་བལ་འབྲུག་གསུམ་ཡུལ་གྲུ་གང་དུ་ཡང།།
ར་ལུག་འགྲོག་སྐད་ཤོད་ན་སྤྱི་སྐད་ཉིད།།
རང་བཙན་གཙང་མ་ནམ་མཁའི་སྐར་མ་ཡང་།།
རང་གི་ཕ་སྐད་གཙང་མ་མི་བདག་པར།།
རང་སྐད་གཞན་སྐད་བསྲེས་པའི་བྱས་རྗེས་དེ།།
རང་གི་རིགས་ལ་ཕུལ་བའི་ཕྱག་རྟགས་ཉིད།།
རང་སྐྱོང་མཐོ་བ་ཐོབ་པ་དཀའ་ན་ཡང་།།
རང་གི་སྲོག་རྩ་ངོ་མ་མི་སྲུང་པར།།
རང་རིགས་རྩ་བ་སྟོང་བའི་ཐན་སྐད་དེ།།
རང་རེའི་ཕྱི་རབས་པ་ལ་ལེགས་སྐྱེས་སུ།།
ཕྱི་རུ་འདེད་ཅིང་འོག་ཏུ་གནོན་པ་དང་།
རུལ་བའི་གཤིས་དང་ར་མ་ལུག་གི་སྐད།
མེད་མུག་སྒྲ་ཡི་བརྫོད་བྱའི་གྲངས་རྣམས་ཀྱང།
སྲིད་གཞུང་ས་ལ་འགྱེལ་བ་ཆུ་ལོག་མཚུངས།
སྐར་ཆུང་ཁྲི་བཙན་སྐལ་བ་ཆད་པའི་དུས།
མི་དྲག་སྐུ་དྲག་རྐང་བ་ཆག་པའི་དུས།
ལྟོ་བ་སྤྱིར་བཟེད་གཤེ་གཤེ་སྤྱིའི་མྱོང་དུས།
ཡི་གེས་བརྗོད་པ་མུག་སྐད་གྱུར་བའི་དུས།
དྲོད་ཀྱང་མི་ཟིན་ཚོད་ཀྱང་མི་ཐུག་དུས།
བླ་འཁྱམ་བླ་འབོད་ཕྱི་ནས་བྱེད་པའི་དུས།
རང་སེམས་ཕྱི་ཤོར་ཕྱི་སེམས་རང་ཤོར་དུས།
ཡི་གེ་ཤེས་ཙམ་མུག་ཤི་ཐེབས་དུས་སུ།
སྦྲགས་སྐད་དང་འདྲེས་སྐད་གང་ཡིན་རུང་དེ་བཤད་མཁན་ལ་དམའ་འབེབས་བྱེད་པ་ལས་སྦྲགས་སྐད་དག་ཇི་ལྟར་སྤོང་བའི་ཐབས་ཙམ་ཞིག་སློབ་སྟོན་གནང་ན་དེ་ལས་ཀྱང་ཕན་ཆེ་སྙམ།
སྦྲག་སྐད་བཤད་མཁན་སྐད་ཆ་ངོ་མ་ཉན་མི་ཤེས་ཀི་ཕྱི་ཕྱོགས་ཀྱི་བོད་པ་ཚོའི་སྦྲག་སྐད་མ་བཤད་ན་བོད་སྐད་བཤད་མི་ཤེས་པ་འདྲ།
ལྷ་སའི་ཞེ་སྐད་གཞིས་ཀ་རྩེས་མི་གོ །
གཙང་པའི་བདག་ཚོ་ལྷོ་ཁས་གཏན་མི་གོ །
རེབ་གོང་མགོ་ལོག་མི་གོ་སྡེ་དགེའི་སྐད།།
ཉག་རོང་མི་གོ་བོད་ཀྱི་བོད་སྐད་ལས།།
རྡ་ས་རྡོར་གླིང་མེ་སུར་དྷེ་ར་དུན།།
བོད་མི་ཚང་མས་གོ་བའི་གཞིས་ཆགས་ཀྱི།།
བོད་སྐད་བཟང་པོ་འདི་ནི་ཅིས་མ་ལེགས།།