རྣམ་གྲོལ་གླིང་། དགའ་དགའ།
མཚན་སྨག་གོས་སུ་གྱོན་ནས་ལྡིང་བ་དང་།།
ས་གཞི་རྐང་པས་བརྫིས་ཏེ་སྐྱོད་བཞིན་དུ།།
སེམས་ཀྱི་སྙན་ངག་ཁ་ནས་གྱེར་སྟངས་དེ།།
ང་རང་སྲིད་པའི་གླིང་དུ་ཐིམ་ཚུལ་ཡིན།།
དགུན་རླུང་གྲང་མོས་མཁའ་ནས་འུར་སྒྲ་དང་།།
ལྗོན་པའི་གསེབ་ནས་སྲོག་ཆགས་སྔུར་སྒྲ་ཞིག །
རྒྱ་ལམ་སྟེང་ནས་རླངས་འཁོར་ལྡིར་སྒྲ་རེས།།
དོ་དགོང་ཁུ་སིམ་ལྷིང་འཇགས་ཐོལ་གྱིས་དཀྲོགས།།
གྲོགས་མེད་ཁེར་རྐྱང་ཉུལ་བའི་ཁུགས་སོ་ནས།།
མགོ་བོ་གནམ་ལ་དགྱེ་ཞིང་མིག་བསྒྲད་དེ།།
ལག་ཟུང་གཤོག་པའི་ཚུལ་གྱིས་རྡེབ་ན་ཡང་།།
ལུས་པོ་ལྕི་མོ་བྱ་བཞིན་འཕུར་ཐབས་བྲལ།།
བཅོས་མིན་རྫུ་བག་སྟོན་ལ་མི་མོས་པ།།
མ་བཅོས་སྨྱོན་པ་ང་ཡི་རང་གཤིས་སོ།།
མིན་པ་ཡིན་མདོག་བྱེད་ལ་མི་མཁས་ཤིང་།།
ཡིན་པ་མིན་པའི་གྲས་སུ་འཇོག་འདོད་མེད།།
ཚན་རྩལ་འཕྲུལ་གྱིས་བཟོས་པའི་གློག་མེད་ཅིང་།།
དགུང་གི་སྐར་ཚོགས་ཁྲ་མོ་མི་མངོན་པ།།
སྒོར་སྒོར་ཟླ་བའི་ཞལ་རས་སྨག་གིས་བཀབ།།
དོ་དགོང་ང་རང་འགྲོ་ཡུལ་འདི་འདྲ་རེད།།
1འཇིག་རྟེན་འདིར་ཡོང་ནས་སྡུག་གླུ་རེ་ལེན་དོན། ང་ད་དུང་ཤི་མེད་པའི་བརྡ་ཙམ་ཡིན།
2ཁི་སུམ་པོ་མི་འདུག། གང་ལགས་ཟེར་ན། རླུང་གི་སྒྲ། སྲོག་ཆགས་ཀྱི་སྐད། རླངས་འཁོར་སྒྲ་སོགས་གོ་བས། དོ་ནུབ་སྐྱིད་པོ་མི་འདུག།
3གྲོགས་པོ་མེད། གང་ལགས་ཟེར་ན། མགོ། མིག། ལག་པ་སོགས་ཀྱིས་དོན་མི་བྱེད་པས། སྡུག་སེམས་ལྗིད་མོར་སྐྱིད་པོ་འཁོར་མ་སོང་།
4དྲང་མོ་ཞིག་ཡིན། གང་ལགས་ཟེར་ན། ཁ་བདེ་བོ། མགོ་བདེ་པོ་སོགས་ཀྱིས་རང་དོན་བཤད་མི་ཤེས་བས་ང་རང་དྲང་པོ་ཞིག་ཡིན།
5དོ་ནུབ་ང་ལ་འོད་སྩོལ་མཁན་མེད་ས་ཞིག་ན་ཡོད། སྡུག་བསྡད་ཡོད།
སྙན་ངག་མ་ཡིན་པའི་ལམ་ནས། ཡིག་དོན་འགའ་བཤད་ཡོད་ཏོ། ཧ་ཧ་ཧ།
འདྲ་པོ་བཤད་སོང་་་་་་
ཉེ་དུས་དྲ་ཐོག་འདིར་སྲོལ་རྒྱུན་སྙན་ངག་པའི་ཁྲོད། འབའ་སྲས། དོལ་སྨྱོན། དགའ་དགའ་འདི་གསུམ་ལེགས་ཤོས་སུ་སྣང་།
༄༅། ། དགའ་དགའ་མ་སྐྱོ་སྐྱིད་སྐྱིད་ཀྱིས།
མུན་པ་གོས་སུ་གྱོན་ལ་རལ་རྡོལ་མི་འདུག །
མོ་བསྟོད་ཁ་འདོན་ཤེས་པས་འདོད་དོན་མི་འགྲུབ། །
ས་གཞིར་རྐང་པ་བརྡབ་ཀྱང་ཡ་ལན་མི་འབྱུང་། །
རྣམ་གྲོལ་གླིང་དུ་སྡོད་པའི་ཆ་རྐྱེན་དེ་མིན། །
སྲིད་པའི་གླིང་དུ་སྡོད་བཞིན་ཐིམ་པ་སུ་རེད། །
མ་བཅོས་སྙན་ངག་རྡོལ་བས་ཁེར་རྐྱང་སྐྱིད་རེད། །
གནམ་ན་སྐྱོ་གྲོགས་མེད་ན་རེ་བ་མ་ཆེ། །
ཁྱོད་ལ་གཤོག་པ་མེད་པས་འཕུར་རྩིས་མ་གནང་། །
ཁུ་སིམ་ལྷིང་འཇག་ཁྲོད་ནས་འོད་སྟོང་འབར་ཡོང་། །
རང་བྱུང་འབྱུང་བའི་སྒྲ་འདི་འཚོ་བའི་རོལ་དབྱངས། །
བཅོས་མའི་གློག་འོད་འདི་ཡིས་མིག་ལ་གནོད་ཡོང་། །
ནམ་མཁའི་སྐར་ཚོགས་མཛེས་ཀྱང་ཁ་ཐག་རིང་འདུག །
བདེན་པའི་ཟླ་འོད་དཀར་པོ་སྙིང་ན་ཡོད་ཚེ། །
མུན་པའི་རྒྱབ་གོས་འདི་ཡི་རྫུན་རྐུབ་རྡོལ་ཡོང་། །
ཁ་སེམས་མ་བཅོས་ཟེར་བ་དོནན་དམ་ཡིན་ན། །
རྫུན་པའི་སྤྱི་ཚོགས་འདི་ནས་འགྱིང་སྟངས་ནོར་འདུག
རིག་པའི་མེ་ཏོག་འཐུ་མཁན་དགའ་དགའ་རེད་འདུག
རྡོ་རྗེའི་གོམས་འགྲོས་བསྒྱུར་བའི་ཐབས་ལ་མཁས་ན། །
ལུགས་གཉིས་མཛའ་མོའི་ཁྱིམ་གཞི་ཁྱོད་ལ་དབང་བས། །
ཀུན་ཕན་བུ་ཆུང་སྐྱེ་བའི་ལས་སྨོན་འཛོམས་འདུག ། རྩེད་མཚར་དུ་དྲི་མེད་པས།
རྣམ་གྲོལ་གླིང་གི་ཆང་དང་ཐ་མ་འཐུང་མཁན་དེ་རེད་པ་་་ཧཧཧ