__བེ་རི་འཇིགས་མེད་དབང་རྒྱལ།
ཉིན་མཚན་ལྟོས་མེད་ཀྱིས་རླུང་འཚུབ་དྲག་ཏུ་ལྡང་བའི་དུས་ཟིང་ཞིག་གི་ནང༌། དམར་སྲུང་དམག་གིས་ཉེས་རྡུང་ཚད་མེད་གཏོང་བའི་འོག ངའི་ཨ་མའི་སྐུ་གཟུགས་དེ་ཅོང་ནད་ཀྱི་བང་མཛོད་ཅིག་ཏུ་གྱུར།
ཁ་བའི་འདབ་མ་ལྷུག་ལྷུག་ཏུ་འབབ་པའི་མཚན་མོ་ཞིག་ལ། ཨ་མའི་ནད་གཞི་ཇེ་སྡུག་ཏུ་ཕྱིན་ཏེ་ཐེངས་གཉིས་བརྒྱལ། ལོ་ན་ལྔ་བཅུ་སོན་པའི་ངའི་ཨ་ཕའི་གདོང་ངོས་ལ་སྐྱོ་ཉམས་ཀྱི་མཉེར་མདུད་ཀྱག་ཀྱོག་མང་པོ་ཞིག་བརྒྱབ་རྗེས། ཁྱིམ་ མཚེས་ཚང་ནས་སྒོར་མོ་ཉི་ཤུ་སྐྱིན་ཏེ་ལྷགས་རླུང་དང་བུ་ཡུག་གི་ཁྲོད་ཨ་མ་ལག་ སྐྱོར་འཁོར་ལོ་ཐོག་ལེ་དབར་བཅུ་གཉིས་ཙམ་གྱིས་ཆོད་པའི་གཙང་འགྲམ་ནས་རྫོང་མི་ དམངས་སྨན་ཁང་དུ་ཁྲིད། སྨན་ཁང་གི་རྭ་བའི་ལྕགས་སྒོ་ཆེན་པོ་དེར་ཟྭ་མི་འདུག་པས་སྒོ་ཕྱེས་ཏེ་ག་ལེར་ནང་ལ་འཛུལ། སྔུན་ པའི་རོལ་དབྱངས་ཁྲོད་ཡོད་ཚད་རྨི་ལམ་གྱི་ཞིང་ཁམས་ལ་ཐིམ་པའི་དུས་དེར་སྨན་པའི་ ལས་ཤག་ཅིག་གི་ནང་གློག་སྒྲོན་གྱི་གསལ་མདའ་མིག་ལམ་དུ་ཆེམ་ཆེམ་མངོན། ངས་སྒེའུ་ཁུང་གི་ཤེལ་ཡོལ་བར་སྲུབ་ནས་བལྟས་པས། སྨན་ཁང་དེའི་འགན་འཛིན་”ཝང་ཞུན་”དང་ཁོང་གི་བཟའ་ཟླ། ད་དུང་སྨན་ཁང་དེའི་སྨན་པ་དྲག་ཤས་བྱཁྲང་ཡེའི་སི་བྱབཟའ་ཟླ་བཅས་བཞིས་འཁྲིག་ཚིག་དང་འགྲོགས་པའི་ཟུར་མིག་འཕེན་རེས་དང༌། ཨ་རག་འཐུང་གིན་འཐུང་གིན་མཱ་ཅོང་རྒྱག་ནས་སྡོད་འདུག ཉེ་འགྲམ་ན་ལྕགས་ཀྱི་མེ་ཕོར་དེའི་ནང་སོལ་མེ་དམར་ལྷམ་ལྷམ་དུ་འབར་བཞིན་པ་མངོན། དྲོ་ཉམས་ལྡན་པའི་སྤྱིལ་བུ་དེ་ནི་ཅི་འདྲའི་སྐྱིད་པ་ལ་ཨང༌། ཁ་བའི་འཐུག་ཚོད་ཀྱིས་ལག་སྐྱོར་འཁོར་ལོའི་ཕྱེད་ལྷག་བཀབ་བྱུང༌། ལྷགས་རླུང་གི་ཁྲོད་ལོ་ངོ་བཅུ་ཙམ་ལོན་པའི་ངའི་གཅུང་མོའི་གཟུགས་པོ་འཁྱགས་སྦྲིད་ཐེབས་ཏེ་ཁ་སོ་སྐག་སྐག་སྐག་བརྡབ་ཅིང་མགོ་བོ་འདར། ཨ་ཕས་རལ་ཧྲུལ་དུ་གྱུར་པའི་སྟོད་ཐུང་དེ་ཕུད་ནས་གཅུང་མོ་མ་བསྐོན་སོང༌། ངས་ཨ་མའི་གཟུགས་པོ་སྐྱོར་ཞོར་གཅུང་མོ་པང་དུ་བསྙལ། ཨ་ཙི༌། སྙིང་རྗེ་མེད་པའི་གྲང་ལྷགས་ཀྱི་མདའ་མོ་དེ་ནི་ཅི་འདྲའི་རྣོ་བ་ལ་ཨང༌། ཨ་ཕས་ལས་ཤག་དེའི་སྒོ་དལ་བུར་དལ་བུར་རྡུང་བས། གང་མཚམས་ཤིག་ན་སྒོ་དེ་ཧལ་གྱིས་ཕྱེས་ཏེ།
“སུ་ཡིན།”
ཟེར་ཞོར་ཕྱི་ལ་གཅིག་ཐོན་བྱུང་བ་ཁོང་ནི་སྨན་པ་ཁྲང་ལགས་རེད།
“ཕྲན་ཡིན།”
“ཅི་དགོས།”
“ཕྲན་གྱི་བཟའ་ཟླ་ཛ་དྲག་གི་ནད་གཞི་ལྕི་མོ་ཞིག་ཕོག་ནས་སྨན་པ་ལགས་ལ་གཅར་ས་ཡོང་པ་ཡིན། སྐུ་མཁྱེན། ཐུགས་མཁྱེན། ད་ལྟ་རང་གཅིག་གཟིགས་རོགས་་་་༌།”
ཨ་ཕའི་ཞུ་ཚིག་གི་མཇུག་མ་རྫོགས་གོང་ཁོའི་རྒྱབ་ལོག་ནས་རྒྱ་མོ་ཞིག་གིས་གློག་ཞུན་གསལ་པོ་ཞིག་སྦར་ཏེ། སྡུག་དང་མྱ་ངན་སྣ་དགུ་མྱོང་བའི་ངའི་ཨ་ཕ་དང་ཨ་མ། ང་རང་དང་གཅུང་མོ་བཅས་ཀྱི་མགོ་ལུས་ཡོངས་རྫོགས་ལ་ཞིབ་བལྟ་ཞིག་བྱས་རྗེས།
“ཀུན་རིན་དིང”
ཞེས་པའི་རྒྱ་སྐད་རྩུབ་མོ་ཞིག་དང་མཉམ་དུ་ཐུ་ལུད་ཅིག་ངའི་ཨ་ཕའི་གདོང་ངོས་ལ་འཕངས་ནས་ཁོ་ཚོ་ཁང་པའི་ནང་ལ་འཛུལ་ཏེ་སྒོ་ཐག་སེར་བརྒྱབ་སོང༌།
བླ་མ་མཁྱེན། བུ་ཡུག་སིར་སིར་དུ་འཚུབ་པའི་ཐུན་གསུམ་གྱི་མཚན་མོ་དེ་ག་རང་དུ། ངའི་ཨ་མའི་རྣམ་ཤེས་དེ་བལྟས་བལྟས་རིག་རིག་ལ་འཆི་བདག་གི་མཆེ་བའི་ཀློང་དུ་ཐིམ། ཁ་ རླུང་ཀྱུར་ཀྱུར་དུ་འཐབ་པའི་ཁྲོད་ང་རང་ཕ་བུ་གསུམ་གྱིས་ངུ་ངག་གི་གདུང་དབྱངས་ རིང་པོ་ཞིག་འཐེན་བཞིན་ལག་སྐྱོར་འཁོར་ལོའི་ཁ་ལོ་གཙང་འགྲམ་གྱི་གྲོང་གསེབ་ཆུང་ ཆུང་དེར་བསྒྱུར། ཡོད་ཚད་ཁ་བས་བཀབ་པའི་ལམ་ཕྲན་དེའི་ཐོག་རྐང་རྗེས་དང་འཁོར་ལོའི་རི་མོ་ཀྱག་ཀྱོག་མང་པོ་ཞིག་བྲིས།
དུས་དེ་ནས་བཟུང་ངའི་ཨ་ཕ་དེ་བཟའ་ཟླ་མེད་པའི་ཕོ་ཧྲེང་ཞིག་ཏུ་གྱུར།
དུས་དེ་ནས་བཟུང་གཅུང་མོ་དང་ང་རང་ཡང་མ་མེད་ཀྱི་དྭ་ཕྲུག་ཞིག་ཏུ་གྱུར།
སྐྱི་ གཡའ་བའི་མཚན་མོ་དེའི་བྱུང་རིམ་གྱི་འདྲ་བཤུས་རྣམས་ད་དུང་ཡང་ངའི་སེམས་ཁམས་ ཀྱི་མེ་ལོང་ལ་འདས་དོན་གྱི་དཔང་པོ་ལྟར་ཁྲ་ལྷམ་མེར་ཤར་བྱུང༌།
ངས་བརྗེད་མི་ཤེས་པའི་མཚན་མོ་དེ།
ངས་དྲན་མི་ཕོད་པའི་མཚན་མོ་དེ།
ངས་བཤད་མི་འདོད་པའི་མཚན་མོ་དེ།
་་་ ་་༌།
༡༩༩༥།༥།༡༢ རང་ཤག་ཏུ་བྲིས། <>འི་ཐོག་བཀོད།