ཡོང་ཁུངས། བོད་ཀྱི་དུས་བབ།
ལྡི་ལིར་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ཞུ་འབུལ་གནང་མཁན་བོད་ལྷན་གྱི་དབུས་རྒྱུན་ཚེ་དབང་སྒྲོལ་མ་ལགས་ཉེན་རྟོག་པས་སྨན་ཁང་དུ་ཁྲིད་ཀྱང་སྨན་ཁང་ནང་མུ་མཐུད་ཟས་བཅད་ཞུ་འབུལ་གནང་བཞིན་ཡོད་འདུག
ཟླ་སྔོན་མའི་ཕྱི་ཚེས་ ༡༠ ཉིན་ནས་བཟུང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཇན་ཋར་མན་ཋར་ས་གནས་སུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་གསུམ་གྱིས་དམིགས་ཡུལ་ ༣ དང་དགོས་འདུན་དོན་ཚན་ ༥ ཡི་འོག དུས་ཚོད་ངེས་མེད་ཀྱི་ཟས་བཅད་ཞུ་འབུལ་གནང་སྟེ་ཉིན་གྲངས་ ༢༢ འགྲོ་ཡི་ཡོད་པ་དང་། ཟས་བཅད་ཞུ་འབུལ་བ་ཚེ་རིང་སྒྲོལ་མ་ལགས་ཀྱི་སྐུ་གཟུགས་གནས་སྟངས་ཛ་དྲག་ཆགས་ཡོད་སྟབས། མདང་དགོང་མཚན་མོར་རྒྱ་གར་ཉེན་རྟོག་པས་ཁོང་མོ་རམ་མཱ་ནོ་ཧར་ལོ་ཧེ་ཡཱ་(RML Hospital) སྨན་ཁང་དུ་ཁྲིད་ཡོད་འདུག
དེ་རིང་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་ཟས་བཅད་ངོ་རྒོལ་གོ་སྒྲིག་བྱེད་མཁན་ངག་དབང་བློ་བཟང་ལགས་སུ་སྐད་ཆ་དྲིས་པར་ཁོང་གིས། མདང་དགོང་མཚན་གུང་ཆུ་ཚོད་ ༡༡། ༣༠༠ ཡས་མས་ལ་ང་ཚོའི་ཟས་བཅད་ཞུ་འབུལ་གནང་མཁན་ནང་གི་གཞོན་ནུ་ལྷན་ཚོགས་ཀྱི་དྲིལ་བསྒྲགས་འགན་འཛིན་ཚེ་དབང་སྒྲོལ་མ་ལགས། སྐུ་གཟུགས་ཛ་དྲག་གི་གནས་སྟངས་ལ་བརྟེན་ནས་སྨན་ཁང་དུ་འགྲོ་དགོས་བྱུང་ཡོད་པ་རེད། མདང་དགོང་ཚེ་དབང་སྒྲོལ་མའི་གཟུགས་པོ་བདེ་བོ་མེད་པ་དང་གྲོད་ཁོག་ན་ཟུག་ཞེ་བོ་བརྒྱབ་ཡོད་པ་དང་། སྐབས་དེར་རྒྱ་གར་གྱི་ཉེན་རྟོག་པས་གནས་སྟངས་དེ་ཕལ་ཆེར་མཐོང་ཡོད་ས་རེད། སྤྱིར་བཏང་རྒྱ་གར་གསང་བའི་ལས་ཁུངས་དང་ཉེན་རྟོག་པས་ང་ཚོའི་ཟས་བཅད་ངོ་རྒོལ་གྱི་གནས་སྟངས་ལ་ག་དུས་ཡིན་ནའང་ལྐོག་ནས་རྒྱང་ལྟ་བྱེད་བཞིན་ཡོད་སྟབས། ཁོ་ཚོ་ཟས་བཅད་ཞུ་འབུལ་བྱེད་སར་ཡོང་སྟེ་དེ་འདྲ་བྱས་ནས་བསྡད་ན་འགྲིག་གི་མ་རེད་སྨན་ཁང་ལ་ཡིན་གཅིག་མིན་གཅིག་འགྲོ་དགོས་རེད་ཅེས་བརྗོད་འདུག ཡིན་ན་ཡང་། ཚེ་དབང་སྒྲོལ་མ་ལགས་དང་ཁོང་ཚོས་སྐྱོན་མི་འདུག་སྨན་ཁང་ལ་འགྲོ་རྒྱུ་མིན། ན་ཟུག་ཏོག་ཙམ་མ་གཏོགས་སྐྱོན་མི་འདུག་ཅེས་ཨུ་ཚུགས་བརྒྱབ་ཡོད་ཀྱང་། ཉེན་རྟོག་པར་ཡིན་མིན་བཤད་ས་མེད་པར་སྨན་ཁང་ལ་འགྲོ་དགོས་བྱུང་ཡོད་པ་རེད། སྨན་པས་ཁོང་མོར་ངེས་པར་དུ་གནམ་ཁབ་ (glucose) རྒྱག་དགོས་ཀྱི་འདུག་ཅེས་བརྗོད་ཡོད་ཀྱང་། མོ་རང་གིས་རྩ་བ་ནས་རྒྱག་མི་དགོས་ཞེས་རྒྱག་བཅུག་མི་འདུག ཡིན་ན་ཡང་། ད་ལྟ་ད་དུང་མོས་སྨན་ཁང་ལ་ཟས་བཅད་ཞུ་འབུལ་བྱས་ནས་ཉལ་བསྡད་ཡོད་པ་རེད། ཅེས་དང་། སྤྱིར་བཏང་ཞུ་འབུལ་བ་གཞན་གཉིས་ཀྱི་སྐུ་གཟུགས་ཧ་ཅང་སྐྱོ་བོ་རེད། ཡིན་ན་ཡང་། ཁོ་གཉིས་ཟས་བཅད་ཞུ་འབུལ་བྱེད་སར་མུ་མཐུད་དུ་བཞུགས་ཡོད་སྐོར་བརྗོད་སོང་།
ད་ལྟའི་བར་དུ་རྒྱ་གར་གཞུང་གིས་ལྟ་སྟངས་ག་འདྲ་ཡིན་མིན་དྲིས་པར་ཁོང་གིས། ང་ཚོའི་མི་རིགས་ཀྱི་འཐབ་རྩོད་ལ་རྒྱ་གར་གཞུང་དང་མི་མང་གཉིས་ཤིན་ཏུ་ནས་གལ་ཆེན་པོ་ཡིན་པ་ངོས་འཛིན་བྱེད་བཞིན་ཡོད་སྟབས། རྒྱ་གར་གཞུང་འབྲེལ་གནད་ཡོད་མི་སྣ་གལ་ཆེན་ཞིག་ཏུ་ངོས་འཛིན་ཞུས་ནས། ང་ཚོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ཟས་བཅད་ཞུ་འབུལ་གྱི་དགོས་མདུན་དང་དམིགས་ཡུལ་ག་རེ་ཡིན་མིན། དེ་བཞིན་བོད་ནང་གི་ཛ་དྲག་གནས་སྟངས་སོགས་ཞུས་ཡོད་སྟབས། རྒྱ་གར་གཞུང་གི་གནད་ཡོད་མི་སྣ་ཚོས་ང་ཚོ་ངོས་སུ་ཕེབས་ཀྱི་ཡིན་གསུངས་ཏེ། ཉིན་ཤས་སྔོན་རྒྱ་གར་གཞུང་འབྲེལ་ཨོ་དྷིར་ཁན་(Utherkhan)མངའ་སྡེའི་བློན་ཆེན་ཟུར་བ་མཆོག་དང་ཨ་སམ་བློན་ཆེན་ཟུར་པ་མཆོག་རྣམ་གཉིས་ཀྱིས་དབུས་རྒྱ་གར་གྲོས་ཚོགས་འཐུས་མི་བྷ་གྷ་ཌི་ (Bhagat Singh Kashyari)ལགས་དང་བྷེ་ཨན་སན་ (B.N Singh)། ནེ་ནན་ཨེ་རན་ (Ninong Ering)། རམ་གྷསུ་ (Ramdas Athwale )་སོགས་དངོས་སུ་ཕེབས་ཏེ། ང་ཚོའི་ཟས་བཅད་ཞུ་འབུལ་གནང་མཁན་ཚོར་གདུང་སེམས་མཉམ་སྐྱེད་དང་ཁ་བཏགས་འཐེན་ནས། ཁྱེད་རང་ཚོས་མི་རིགས་ཀྱི་འཐབ་རྩོད་བྱས་པར་རྗེས་སུ་ཡི་རང་ཡོད་ཅེས་བསྔགས་བརྗོད་གནང་སོང་།
གསར་འགོད་པ། འཇིགས་མེད་རྒྱ་མཚོ།
ད་རྣམ་པ་གསུམ་གྱིས་མཚམས་འཇོག་གནང་རོགས་ཞུ། སྙིང་སྟོབས་ལ་ཡིད་རང་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་གདའ།
ལྷག་བསམ་གངས་རི་ལྟར་དཀར་གངས་ཅན་པ།
སྙིང་སྟོབས་ལྕགས་ལྟར་སྲ་བའི་དབུས་གཞོན་ནུ།
ཁ་བཤད་ལག་ཏུ་བླངས་ཏེ་རྒྱལ་སྤྱིའི་མདུན།
རང་བཙན་ལས་ལ་བརྩོན་པ་གུས་འདུད་ཞུ།
ཐོག་མར་སྒྲུབ་འབྲས་ཅི་སོན་རུང་མ་སོན་རུང་། ཟས་བཅད་པ་ཚོར་སྙིང་དབུས་ནས་རྗེས་སུ་ཡིད་རང་དང་བསྔགས་བརྗོད་ཞུ་རྒྱུ་ཡིན།
ནིའུ་ཡོག་ནང་ཟས་བཅད་པ་ཚོར་རྒྱབ་སྐྱོར་གྱི་ལས་འགུལ་གང་ཡང་མཐོང་རྒྱུ་མིན་འདུག མ་གཞི་ནིའུ་ཡོག་ས་གནས་གཞོན་ནུ་ལྟ་བུར་མཚོན་ན། ་ཟས་བཅད་ངོ་རྒོལ་བྱེད་མཁན་དེ་ཚོ་ངོ་ཤེས་ཀྱི་མེད་ཏོག་ཏོག་བྱེད་ཀྱི་འདུག་ལ། དངོས་གནས་གཉན་འཕྲང་གི་དུས་ཚོད་སྐབས་ལ་སྤུང་པ་མཉམ་སྒྲོག་བྱེད་མ་ཐུབ་ཚེ་རྒྱུན་ལྡན་འཚོ་བ་འི་ནང་འཆམ་རྒྱུ་ཞིག་འོང་རྒྱུ་མེད་པ་གཏན་ཁེལ་རེད། ནིའུ་ཡོག་ས་གཞོན་གྱི་ངོ་དེབ་ལ་གཟིགས་དང་། ཟས་བཅད་པ་ཚོས་གནད་ཚུལ་གཅིག་ཀྱང་འགྲེམ་སྤེལ་བྱས་མེད། ཁོང་ཚོའི་དྲ་བར་ལྟ་མཁན་མང་བས་མིན་གཞོན་ནུ་གཅིག་མཚུངས་ཞིག་ཆ་ནས། ལྷག་པར་ད་ལན་གྱི་ཟས་བཅད་པ་ཚོས་དགོས་འདུན་ནི་རང་བཙན་བཤད་ཀྱི་མེད་སྟབས། ནིའུ་ཡོག་ས་གཞོན་གྱི་དེ་ལ་རྒྱབ་སྐྱོར་བྱེད་དགོས་ཚོད་ཡིན་ཀྱང་། དེ་ལས་ལྡོག་ཏེ་ཟས་བཅད་ཀྱི་གནས་ཚུལ་ཁྱབ་འཕེལ་ཙམ་ཡང་མ་བྱས་དུས་ཡིད་སྐྱོའི་གནས་རེད།
ནམ་རྒྱུན་དུ་གཞོན་ལྷན་དབུས་རྒྱུན་དང་འཆམ་པོ་ཡོད་རུང་མེད་རུང་། དཀའ་ངལ་འཕྲད་སྐབས་མི་རིགས་ཀྱི་འདུ་ཤེས་དང་ལྷག་པར་མི་གཅིག་མཚུངས་ཀྱི་འདུ་ཤེས་ཞིག་གི་ཐོག་ནས་རྣམ་འགྱུར་གཅིག་ལོས་སྟོན་དགོས། འོན་ཀྱང་དེ་ལྟར་མེད་པ་ནི་ང་ཚོས་འགོ་ཁྲིད་ཚོས་བསམ་བློ་འཁྱེར་བཟོ་དང་བོད་མིའི་མཐུན་སྒྲིལ་ལ་འགན་འཁུར་ཇི་ཙམ་ཡོད་མིན་གསལ་པོ་བསྟན་པ་རེད།
ལྷག་བསམ་གངས་རི་དཀར་པོའི་མདངས་མཐོང་སྐབས་།
ལྷག་པའི་ལྷ་ལ་བློ་བཅོལ་གདོང་གྲོགས་མཛོད་།
ལྷག་པར་བོད་ཀྱིས་བདེན་དོན་གསལ་སྟོན་ཆེད་།
ལྷག་བསམ་ཆོད་སེམས་འགན་འཁུར་བཙུགས་ཏུ་བླང་།
མ་བཅོས་ལྷུན་གྱི་འགྲུབ་པའི་ལས་འགུལ་ལ་།
མ་ནོར་ལྷག་བསམ་བཟང་པོའི་རྒྱབ་སྐྱོར་དགོས་།
མ་ཕྱུགས་མ་ཕྱུགས་སྤྲེལ་སྦྲག་རིགས་བརྒྱུད་ཚོ་།
མ་ཉལ་མ་ཉལ་ལས་འགུལ་མཉམ་དུ་སྤུང་།
སྐུ་མཁྱེན། མཚམས་འཇོགས་གནང་རོགས། བྱེད་རྒྱུ་ཡོད་ཚད་པོ་བྱས་ཟིན་པ་ཡིན། བོད་མི་སྤྱི་ལ་བཀའ་དྲིན་ཆེ། བོད་ཀྱི་ལོ་རྒྱུས་སྟེང་གི་དྲན་ཐོ་ཡིན།
ཧཧཧ་་་་་ཏི་སི་ལགས། དུས་ཚོད་ཆོད་ཡའི་ལས་ཀ་རེད་ཟེར་ན་རྒྱུ་འབྲས་ལ་འགྲོ་ཀི་རེད་དམ། རང་གི་ཉིན་ཅིག་ལ་ཟས་བཅད་ནས་སྡོད་དང་དེ་ནས་མ་གཏོགས་ཤེས་མ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཕར་ཞོག་སེམས་ནང་དྲན་ན་ཁ་ནས་བཤད་ཕོད་འདུག་གམ། ཁྱོད་ངོ་མ་མི་ཁྲམ་པ་ཞིག་རེད་འདུག་གདའ། གཞོན་ནུའི་རྩ་དོན་ཐད་སྔ་ཕྱི་བར་གསུམ་ལ་བརྟན་དུ་གནས་ཡོད་པའང་མ་ཤེས། དེ་འདྲའི་མི་མདོ་མེད་ཅིག་་་་་བསམ་བློ་ཐོངས་ནས་སྐད་ཅ་ཤོད་མ་གཏོགས་ཐོད་པའི་སྒང་ལ་མཛུབ་མོ་བཙུགས་འོང་དུས་དེ་དུས་ཕྱི་དྲག་རེད་གདའ་ཏི་སི་ལགས།
ཏི་སེ་ཟེར་བ་འདི་ལ་སྔར་ནས་དོག་པ་ཡོད། འདིས་མིད་བོད་དོན་ཆེད་དུ་སྐུ་ལས་སྐྱོན་མཁན་ཚོར་འདི་འདྲ་བཤད་པ་ཐེང་གཅིག་མིན། སྤྱིར་ཁ་བརྡའི་ནང་ལ་རང་གི་གཞུང་དང་དབུ་ཁྲིད་ཚོ་དང་མི་རིགས་ཀྱི་ཆེད་དུ་དཀའ་ལས་རྒྱག་མཁན་ཚོར་རྒྱུ་འབྲས་དང་མི་གཞི་བོར་བའི་སྐད་ཆ་འདི་འདྲ་བཤད་མཁན་མང་པོ་རེད། འདི་ཚོའི་དམིགས་ཡུལ་དང་རྒྱབ་ལྗོངས་ཅི་ཡིན་ལྟ་དགོས་པ་གལ་ཆེན་པོ་རེད། རང་ཉིད་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་ཡང་། ཁ་བདེ་མོ་རྐྱང་རྐྱང་བཤད་ནས་མ་སྡད་པར་ལག་ལེན་ལ་འདེབས་མཁན་གཞོན་ལྷན་གྱི་ཟས་བཅད་པ་གསུམ་ལ་སྙིང་ནས་གུས་འདུད་ཞུ་རྒྱུ་ཡིན།
ཁོང་རྣམ་པོ་ཚོ་ལ་སེམས་གཏིང་ནས་ཐུགས་རྗེ་ཆེ་ཙམ་སྐུར་བ་ལས་གཞན་ཅི་གང་མ་འབྱོར་བ་ལ་དགོངས་པ་མ་ཚོམ་རོགས་ཞུ། བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ། ལག་ལེན་ལ་ཞུགས་ནས་ལམ་གང་ལ་བུད་ན་འདྲ། རྒན་གཞོན་སུ་ཞིག་ཡིན་ན་འདྲ། ཕོ་མོ་སུ་ཞུག་ཡིན་ན་འདྲ། བོད་ཕྱི་ནང་གང་ཞིག་ན་ཡོད་ན་འདྲ། ཁྱད་མེད་དུ་གུས་སོ། བདེན་མཐའ་དག་པའི་སྐྱན་ལ་བསྔོའོ།
སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ལས་མེད་པ་འདྲ།