བསམ་གླིང་ཚེ་རིང་ལྷ་མོ།
ལག་ཟུང་གིས་གྲོད་པ་སྐྱོར་ཞིང་།།
གུག་གུག་དང་འཁྱར་འཁྱོར་གོམ་འགྲོད།།
ངོ་གདོང་ལས་ཐལ་སྐྱ་འཚུབ་པའི།།
སྨན་ཁང་གི་ཁོར་ཡུག་ཡ་ང་།།
རང་བཞིན་སྡུག་བསྔལ་གྱིས་བཟིར་བའི།།
ནད་པའི་བཞིན་མདངས་དེ་མཐོང་དུས།།
བྱམས་ལྡན་འཛུམ་དཀར་གྱིས་བསུ་བའི།།
སྨན་པ་སྨན་ཞབས་དག་མཁོ་ཨང་།།
ན་རྒས་ལུས་སྒྲོམ་དེ་འཁོབ་ཅིང་།།
ཡིད་ཁམས་ངལ་དུབ་ཀྱིས་བཅོམ་ལ།།
དབང་པོའི་འཚོར་ཤེས་དག་ཉམས་པའི།།
རྒན་པོ་འཁྱར་འཁྱོར་དེ་སྙིང་རྗེ།།
རང་གི་གཅེས་ཕྲུག་དང་བྲལ་ཞིང་།།
སྡུག་ཡུས་གླེང་ཡུལ་གྱིས་དབེན་ལ།།
རྒན་གསོའི་ནད་གཡོག་མ་སྙིང་རིང་།།
སྐུ་རླུང་འཚུབ་སྟངས་དེ་ཅི་དྲག
ཁང་བཟང་དཀར་མདངས་རང་ལྡན་ཞིང་།།
ཆས་གོས་ཁ་བ་ལྟར་དཀར་བའི།།
སྨན་པ་སྨན་ཞབས་ཀྱི་ཐུགས་དེ།།
གངས་ལྷ་མེ་ཏོག་རང་ཡིན་ཤོག
འཇམ་པོའི་ཕྱག་ཟུང་གིས་སྐྱོར་ཞིང་།།
ངག་སྙན་འཚམས་འདྲི་ཡི་གཏམ་དང།།
ཇི་དགའི་ལམ་སྟོན་ལ་མཁས་པའི།།
སྨན་ཞབས་དག་བཀའ་དྲིན་ཆེ་ཨང་།།
མཁས་མཛངས་ཀྱིས་ཁེངས་པ་སྐྱུང་ཞིང་།།
ཟབ་བརླིང་གིས་ནད་ངོར་རྩད་དེ།།
ཕན་སེམས་ཀྱིས་ཤེས་རྩལ་བཏོན་པའི།།
སྨན་པ་དག་ཕྱག་གི་ཡུལ་ཡིན།།
ལུས་པོ་ནད་ངན་གྱིས་མནར་ཞིང་།།
གཡས་བསྙེས་གཡོན་བསྙེས་ཀྱི་ནད་པའི།།
ངོ་གདོང་རོ་མདོག་དེ་མཐོང་དུས།།
འཁོར་བའི་སྐྱོ་གདུང་དེར་ཞེ་ཁྲེལ།།
མགོ་དང་གྲོད་པའི་སྨན་ཙམ་མི་ཤེས་པའི། །
ཨམ་རྗེ་ལྟས་ངན་རྐྱང་བས་བཟུང་བ་ཡི། །
དྷ་སའི་བདེ་ལེགས་སྨན་ཁང་བཅས་ལ་ནི། །
ཤི་ལ་ཐུག་ཡང་འགྲོ་ན་དཀོན་མཆོག་གསུམ། །
ཨོ་་་སྡེབ་སྦྱོར་འབྱོར་ལ་འགྱུར་ཁུགས་བཅོ་བརྒྱད་ཀྱིས།
ལེགས་པར་སྤུད་པའི་བསམ་གླིང་ལྷ་མོ་ལགས།
དེ་རིང་བཅད་པའི་ཚིག་བཅད་གྲངས་ཉུང་དག།
ཚིག་རྐང་མི་འགྲིག་གཟི་འཁྱོར་རྒྱབ་འདི་ཅི།
འགྱུར་ཁུག་བཅོ་བརྒྱད་དེ་རིང་གཉིད་ལ་ཤོར།།
ཚིག་བཅད་གྲངས་ཉུང་གཉིད་ལབ་ནང་དུ་ཤོར།།
ཚིག་རྐང་མི་འགྲིག་ར་བཟི་འཁྱོར་བ་ལྟའི།།
ཚིག་བཅད་འདི་ལ་ཐོལ་བྱུང་ནར་བྲིས་ཟེར།།
དྲ་གྲོགས་ལགས་སུ་ཀུ་རེའི་ཚུལ་དུ་ཕུལ།
འགྱུར་ཁུག་བཅོ་བརྒྱད་གུས་མོར་ག་ལ་ཡོད།།
ལེགས་པའི་རྒྱན་ཞིག་དེ་བས་ག་ལ་ཡོད།།
འཁྱར་འཁྱོར་ནད་པའི་འགྲོ་སྟངས་མཐོང་བ་ཡིས།།
ཚིག་བཅད་གྱ་མ་གྱུ་ཞིག་བྲི་བར་ཐལ།།
བསམ་དང་མ་བསམ་བསམ་ནས།།
བསམ་པའི་ནང་དུ་ཉར་ནས།།
གླིང་བཞི་གླིང་ཕྲན་ཀུན་ཏུ།།
ཚེ་རིང་ལྷ་མོ་བསམ་ཡོད།།
ཐག་རིང་ཐག་རིང་ཞིག་ནས།།
སྙན་ངག་ཤར་ཤར་བྲིས་དུས།།
མཛེས་སྡུག་དུང་སེམས་ཅན་མ།།
ཐག་ཉེ་ཐག་ཉེར་སླེབས་འདྲ།།
སེམས་ཀྱི་ནང་གི་སེམས་གཏམ།།
ཁ་ནས་བཤད་དགོས་བསམ་ནས།།
ལོ་གསུམ་ལོ་བཞི་འགོར་རུང་།།
ཁ་ནས་བཤད་ཐབས་མ་བྱུང་།།
ད་ནི་ཁོག་པའི་ནང་དུ་།།
ཚིག་འདི་མི་ཤོང་ཁོ་ཐག།
ཁ་ནས་ལུད་པའི་ཁ་ཚིག།
ཁ་བརྡ་ནང་དུ་བཀྲམ་ཞོག།
ཁ་ལས་རླུང་རྟ་ཅན་པོ།།
ཁ་ཕོ་ཅན་ཚོས་སྡིག་རུང་།།
ཁ་སྤུ་ཅན་ཚོས་རྡུང་རུང་།།
ཁ་ནས་འགོག་ཐབས་མི་འདུག།
ཨ་ཁུ་ཁུ་ལོ་གཞོན་ནུ་ཟླ་མེད་ཀྱི། །
སེམས་ཀྱི་སྐད་ཆ་སྨྱུ་གུའི་རྩེ་མོ་ནས། །
ཤོར་བའི་ཨ་ཁུའི་སྨན་བླའི་དགོད་གཏམ་འདིས། །
མཛེས་མའི་རྒྱུ་ཉོག་དཀྲུག་པ་ཐག་གིས་ཆོད། །
དྲ་གྲོགས་གཞོན་ནུ་ཟླ་མེད་ལགས་ཀྱི་སྙན་ཚིག་ལེགས་སྐྱེས་ལ།
ཐག་རིང་གང་སར་གནས་པའི།།
ངེད་ཅག་གངས་ཅན་སྤུན་གྲོགས།།
རང་རང་འཆར་སྒོ་སྣ་ཚོགས།།
སྙན་ཚིག་ཕྲེང་བར་བཅོལ་ཡོད།།
སེམས་བཟང་སྦྲང་རྩིའི་སྙིང་གཏམ།།
རྨ་བྱའི་མཇུག་སྒྲོས་རྒྱན་ཏེ།།
ངག་སྙན་ཚིག་གྱི་མཆོད་སྤྲིན།།
མཆོད་གཤོམ་མཛེས་པའི་རྒྱན་མཆོག
དྲ་གྲོགས་རྩམ་དགའ་ལགས་སུ།
སྔ་མ་སྔ་མའི་ཚིག་གི་ཁང་པ་ལ།།
རྒས་ཤིང་འཁོབ་པའི་ཉེར་ལེན་དྲག་པོ་ཡིས།།
དྲི་ཆུ་དོར་མར་བབས་རྐྱེན་ཞབས་འདེགས་མས།།
གཤེ་བའི་མཆུ་ཡི་ཡལ་འདབ་མཐོང་བས་སོ།།