སྣང་རྒྱལ་ཤེས་དགེ
——སྨན་རི་བ་མཉམ་མེད་ཤེས་རབ་རྒྱལ་མཚན་རྗེས་དྲན་དུ།
གཞན་དོན་ཁུར་དུ་འཁྱེར་བའི་དགོངས་སྟོབས་ཀྱིས།།
ཞབས་སེན་ས་རུ་འགོད་པའི་ཚུལ་བསྟན་ཅིང་།།
སྐྱེ་རྒུའི་བྲན་དུ་གྱུར་བའི་རྣམ་འགྱུར་གྱིས།།
རྨད་བྱུང་མཛད་འཕྲིན་སྐྱོང་མཛད་དེར་འདུད་དོ།།
ཟ་འོག་གོས་ཀྱི་ཁྲོད་དུ་མ་གཟིམས་ཤིང་།།
མཐོན་པོ་གསེར་གྱི་ཁྲི་ལ་མ་འགྱིང་བར།།
མཁྱེན་དང་བརྩེ་བའི་གཞན་དབང་དུ་གྱུར་ཏེ།།
ཀུན་གྱི་དམན་ས་བཟུང་བ་དེ་མཛེས་སོ།།
གཤིས་ཉིད་མིག་ལ་བཤམས་པའི་སེམས་འགྲེལ་དང་།
ཉམས་རྟོགས་རི་མོར་ཕབས་པའི་རྒྱུད་འགྲེལ་དང་།།
གནས་ལུགས་མདུད་རྒྱ་བཀྲོལ་བའི་མདོ་འགྲེལ་སོགས།།
མུན་སེལ་སྒྲོན་ལྔའི་འོད་སྣང་དེ་མཚར་རོ།།
སྨན་གྱི་རི་ལ་བཀོད་པའི་ཞབས་ཟུང་གིས།།
རྨོངས་དང་རྒུད་པའི་གཉའ་བར་རྒྱས་བཏབ་ཅིང་།།
ལེགས་བཤད་བདུད་རྩིའི་ཆུ་གཏེར་རབ་འབྲིག་པས།།
དུག་ལྔའི་ནད་གཅོང་འཇོམས་པ་དེ་བས་མཚར།།
སྐྱིད་དུས་དགོད་སྒྲའི་ཁྲོད་ནས་ཁྱེད་དྲན་ཞིང་།།
སྡུག་དུས་མིག་ཆུའི་ཀློང་ནས་ཁྱེད་འབོད་ཏེ།།
དུས་གསུམ་ཀུན་ཏུ་སྤྱན་མི་འཛུམ་པའི་ཁྱོད།།
བདག་སྙིང་འདབ་བརྒྱའི་དབུས་སུ་བརྟན་པར་བཞུགས།།
23/02/2015 རྗེ་མཉམ་མེད་ཆེན་པོའི་འཁྲུངས་མཆོད་ཉིན་ཀྱིས་བྲིས།།