རོང་མིག་དམར།
དང་པོ། སྨན་དཔྱད་ཟླ་བའི་རྒྱལ་པོའི་བྱུང་ཚུལ་གྱི་ངོས་འཛིན་མི་འདྲ་བ།
སྨན་དཔྱད་ཟླ་བའི་རྒྱལ་པོའམ་སྨན་དཔྱད་སོ་མ་རཱ་ཛ་ཞེས་མཚན་དུ་བཏགས་པ་ནི། ལེགས་སྦྱར་གྱི་སྐད་དུ་སོ་མ་ཟླ་བ་དང༌། རཱ་ཛ་རྒྱལ་པོའི་དོན་ལ་འཇུག་པས། བོད་ཀྱི་སྐད་དུ་སྨན་དཔྱད་ཟླ་བའི་རྒྱལ་པོ་ཞེས་བརྗོད་པ་ཡིན། སྨན་དཔྱད་ཀྱི་གཞུང་ལུགས་དེ་ནི་ལོ་རྒྱུས་ཡུན་རིང་ལྡན་ལ། རིག་པའི་གཞུང་ལུགས་ཀྱི་ནང་དོན་ཕུན་སུམ་ཚོགས་པའི་གནའ་རབས་ཀྱི་གཞུང་ལུགས་རྩ་ཆེ་ཤོས་ཀྱི་གྲས་ཤིག་ཡིན། འོན་ཀྱང་གཞུང་འདི་ཡི་བྱུང་ཚུལ་དང་མཛད་པ་པོ་སུ་ཡིན་གྱི་སྐོར་ལ་འཆད་ཚུལ་མི་འདྲ་བ་མང་ཙམ་ཡོད་པའི་དབང་གིས་ད་ལྟའང་ཀླན་ཀ་ཆེ་ཙམ་ཡོད།
རྩ་བའི་ཆར་གཤམ་གསལ་གྱི་བཤད་ལུགས་མི་འདྲ་བ་འདི་རྣམས་ཡོད་དེ། གཅིག བློན་པོ་བཀའ་ཐང་ལས། ཀླུ་སྒྲུབ་མཛད་པའི་སོ་མ་རཱ་ཛ་དང༌། །ཞེས་འཕགས་ཡུལ་གྱི་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པར་གསུངས་ཡོད།
གཉིས། ད་ལྟ་ང་ཚོས་མཇལ་དུ་ཡོད་པའི་སྡེ་དགེའི་པར་མའི་སྨན་དཔྱད་ཟླ་རྒྱལ་གྱི་གཞུང་ལུགས་རང་གི་མཇུག་བྱང་དུ། འཕྲུལ་གྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ། རྒྱ་ནག་གི་བེ་ཅི་ཧངྒ་མ་ཏཱ་ལ་དཔེ་ཞུས་ཏེ། ཧཱ་ཤང་མ་ཧཱ་ཡ་ན་དང་བཻ་རོ་ཙ་ནས་བསྒྱུར་བའོ། །ཞེས་འཁོད་ཡོད།
གསུམ། ཁོག་འབུགས་སུ་དེ་ནས་མེས་ཨག་ཚོམ་གྱི་སྲས་ལྗང་ཚ་ལྷ་དབོན་གྱི་ཇོ་མོ་རྒྱ་ནག་ནས་གྱིམ་ཤིང་ཀོང་ཇོ་བསུས་པ་དེས་རྩིས་སྨན་མང་དུ་འཁྱེར་བ་ཧཱ་ཤང་མ་ཧཱ་ཀྱིན་ད་དང༌། རྒྱ་ཕྲུག་གར་མཁན། ཁྱུང་པོ་ཙེ་ཙེ། ཁྱུང་པོ་དམ་ཚུགས། ལྕོག་ལ་སྨོན་འབར་རྣམས་ཀྱིས་ཟླ་བ་རྒྱལ་པོའམ་སོ་མ་རཱ་ཛ་ལེའུ་བརྒྱ་བཅོ་ལྔ་པས་གཙོ་བྱས་མང་དུ་བསྒྱུར། ཞེས་གསུངས་འདུག
བཞི། རྒྱུད་བཞིའི་འགྲེལ་བ་བཻ་སྔོན་ལས། གཞན་ཡང་འཕགས་པ་འཇམ་དཔལ་དབྱངས་ཀྱིས་རི་བོ་རྩེ་ལྔར་གསུངས་པའི་སྨན་དཔྱད་ཟླ་བའི་རྒྱལ་པོའམ་སོ་མ་རཱ་ཛ་ཞེས་དང༌། དཔེ་རེ་གཉིས་ཀྱི་དབུར་ཀླུ་སྒྲུབ་ཀྱིས་ཞུ་བ་པོ་མཛད་ཚུལ་སྣང་ཡང་དེ་ནི་ཅུང་ཡི་གེ་ཉམས་པར་དོགས་ཏེ། གང་ལགས་ཤེ་ན། ཝང་ཐེའམ་ཀླུ་རྒྱལ་གབ་པས་ཞུ་བ་པོ་བྱས་ཏེ། ཙི་ནའི་རྒྱལ་ཁམས་རི་བོ་རྩེ་ལྔར་གསུངས་པ་རིམ་པར་རྒྱ་གར་དུ་འོང༌། དཔལ་མགོན་འཕགས་པ་ཀླུ་སྒྲུབ་སོགས་ཀྱིས་ཀྱང་དཔྱད་པ་མཛད།
གངས་ཅན་གྱི་ལྗོངས་སུ་རྒྱ་གར་བརྒྱུད་མཁན་པོ་ཀྲི་ཊ་ཞེས་པའི་པནྜི་ཏ་དང༌། བོད་ཀྱི་ལོ་ཙཱ་བ་བེནྡེ་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་བ་ཞེས་འཁོད་ཡོད། ལྔ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད་པའི་ཤེས་བྱ་ཀུན་ཁྱབ་མཛོད་ལས། མཁས་མང་བགྲོས་པའི་སོ་མ་རཱ་ཛ་བྱུང༌། ཞེས་དང༌། དེའི་རང་འགྲེལ་དུ། ཧྭ་ཤང་དང་ཁྱུང་པོ་སོགས་མཁས་པ་མང་པོ་བགྲོས་ནས་གསོ་དཔྱད་གསར་འགྱུར་རྣམས་ཀྱི་དོན་སྙིང་པོར་བླངས་པ་སོ་མ་རཱ་ཛ་ཞེས་བྱ་བའི་གཞུང་ཆེན་བརྩམས། ཞེས་ཁ་གསལ་བར་བསྟན་ཡོད།
གོང་གསལ་གྱི་བཤད་ལུགས་དེ་དག་ལ་སོགས་སྨན་དཔྱད་ཟླ་བའི་རྒྱལ་པོའི་བྱུང་ཚུལ་གྱི་ཐད་ངོས་འཛིན་སྟངས་མི་འདྲ་བ་མང་ཙམ་འདུག་པ་རྣམས་ལས། བོད་ཀྱི་གསོ་རིག་གི་ལོ་རྒྱུས་མང་ཆེ་བའི་ནང༌། གཞུང་ཉིད་ཀྱི་མཇུག་བྱང་ནང་འཁོད་པ་ལྟར་རྒྱ་ནག་ནས་ལོ་ཙཱ་བ་ཧཱ་ཤང་མ་ཧྭ་ཡ་ན་དང་ལོ་ཆེན་བཻ་རོས་བསྒྱུར་བ་ལྟར་དུ་བཀོད་པ་མང༌། འོན་ཀྱང་དེང་གི་དུས་ལོ་རྒྱུས་སྨྲ་བ་མང་པོ་ཞིག་གིས་ཀོང་སྤྲུལ་གྱི་དགོངས་པ་དེ་འཐད་ལྡན་དུ་འཛིན་ཅིང་མཐའ་དཔྱོད་ཀྱི་སྒྲུབ་བྱེད་མང་དུ་བཀོད་པའི་དཔྱད་རྩོམ་ཀྱང་མི་ཉུང་བ་ཞིག་ཡོད།
དེ་བས་ན་ལོ་ངོ་བརྒྱ་ཕྲག་མང་པོར་མཁས་པའི་དབང་པོ་རབ་དང་རིམ་པས་དོན་དེར་ཞིབ་དཔྱད་དགོངས་བཞེས་མང་པོ་གནང་ནས་རང་རང་གི་ངོས་འཛིན་གནང་ལུགས་མི་འདྲ་བ་རེ་རེ་བྱུང་སྟེ། ད་ལྟའང་ཡོངས་སུ་ངོས་འཛིན་གཅིག་གྱུར་མ་བྱུང་བར་ལུས་པའི་གནད་དོན་འདི་ལ་ཐག་ཆོད་པའི་ལུང་རིགས་སྒྲུབ་བྱེད་གསལ་པོ་ཞིག་བཀོད་ནས་ཀུན་གྱི་ངོས་འཛིན་གཅིག་གྱུར་ཡོང་བ་དང༌། དོན་ངོ་མར་གཞུང་འདི་ཉིད་སུ་ཞིག་གིས་མཛད། ཐོག་མར་གང་དུ་སྤེལ། ད་བར་དུ་ཇི་ལྟར་དར་བའི་ཚུལ་ སོགས་ལོ་རྒྱུས་ཀྱི་དོན་དངོས་གསལ་ཐུབ་ཅིང་ཀུན་གྱི་ཡིད་ཆེས་པ་ཞིག་བྱུང་ན་སྙམ་པའི་འདུན་པ་དྲག་པོ་ཞིག་ཡོད་ཀྱང༌། མིག་སྔར་ལོ་རྒྱུས་དངོས་ཀྱི་བཞིན་རས་གཙང་མ་དེ་ཀུན་གྱི་སྤྱན་ལམ་དུ་འབུལ་བའི་ནུས་པས་དབེན། འོན་ཀྱང་དོན་དེར་རང་གི་བསམ་གཞིགས་ཇི་ལྟར་བྱས་པའི་སྐོར་ཅུང་ཟད་གླེང་བར་འདོད་དེ།
གཉིས་པ། སྨན་དཔྱད་ཟླ་བའི་རྒྱལ་པོའི་བྱུང་ཚུལ་དཔྱད་ཞིབ་བྱས་པ།
༡། སྨན་དཔྱད་ཟླ་རྒྱལ་གྱི་གཞུང་གི་གྲུབ་ཚུལ་ལ་དཔྱད་པ།
སོ་མ་རཱ་ཛའི་གཞུང་ཉིད་ཀྱི་གྲུབ་ཚུལ་ནི་སློབ་དཔོན་ཀླུ་སྒྲུབ་དང་འཕགས་པ་འཇམ་དཔལ་ གཉིས་ཞུ་བ་ཞུས་ལན་གྱི་ཚུལ་དུ་མཛད་པ་ལྟར་བཀོད་ཡོད་དེ། སོ་མ་རཱ་ཛའི་དཔེ་ཐོ་ལས། ལྷོ་ཕྱོགས་བྷེ་ཏའི་ཡུལ་དུ་སྐུ་བལྟམས་པའི། སློབ་དཔོན་ཀླུ་སྒྲུབ་སྙིང་པོ་ཞེས་བྱ་བ། རིག་པའི་གནས་ལྔ་ལ་མཁས་པ་དེས། འགྲོ་བ་མི་ལ་ཕན་གདགས་པའི་ཕྱིར། གསོ་རིག་བསྟན་བཅོས་ཞུས་སོ། །འཕགས་པ་འཇམ་དཔལ་སྤྲུལ་པའི་སྐུ། འགྲོ་བའི་དོན་དུ་གསུངས་པའི་ཕྱིར། ཞེས་དང༌། སྨན་དཔྱད་ཟླ་རྒྱལ་གྱི་གཞུང་ཉིད་ལས། དེ་ནས་འཕགས་པ་འཇམ་དཔལ་ལ། །འཕགས་པ་ཀླུ་སྒྲུབ་ཀྱིས་ཞུས་པ། །འཇམ་དཔལ་བཅུད་ཀྱི་སེམས་ཅན་རྣམས། །ལས་དང་རྒྱུ་ནི་ཅི་ལས་གྲུབ། །ནད་དང་སྡུག་བསྔལ་ཅི་ལྟར་ཤེས། །ཟུག་རྔུ་དག་ནི་ཇི་ལྟར་བསལ། །དེ་ནས་འཕགས་པ་འཇམ་དཔལ་ གྱིས། །འཛུམ་པ་ལན་གསུམ་དུ་མཛད་ནས། །གསུངས་པ་སྟོན་པས་ལུང་བསྟན་པ། །ཁྱེད་ནི་ཐུགས་རྗེ་ལྡན་པའི་སྐུ། །ཤེས་རབ་ཟབ་མོའི་སྟོབས་ལྡན་པའི། །ཀླུ་སྒྲུབ་ཁྱེད་ལ་བཤད་པར་བྱའོ། །ཞེས་བསྟན་ཡོད་པ་ལྟར་བྱས་ན་འཕགས་པ་ཀླུ་སྒྲུབ་ཀྱིས་ཞུ་བ་པོ་མཛད་ནས། འཕགས་པ་འཇམ་དཔལ་གྱིས་དྲང་སྲོང་བཞི་ལ་བསྟན་པ་ཞིག་ཡིན།
དེས་ན་སྨན་དཔྱད་སོ་མ་རཱ་ཛ་ནི་འཕགས་པ་འཇམ་དཔལ་དབྱངས་ཀྱིས་གསུངས་པ་ཞིག་ཡིན་ལ། གཞུང་གི་མཇུག་བྱང་གི་ནང་དོན་ལ་གཞིགས་ན་གོང་དུ་གསལ་བ་ལྟར་ཕལ་ཆེར་རྒྱ་ནག་ཏུ་གསུངས་པ་དང༌། བོད་དུ་ དཔེ་དེ་རྒྱ་ནག་ནས་བསྒྱུར་བ་ལྟར་འཁོད་ཡོད། འོན་ཀྱང་འདིར་བསམ་གཞིགས་བྱ་རྒྱུར། འཕགས་པ་འཇམ་དཔལ་གྱིས་གསུངས་པ་དེ་ལེགས་སྦྱར་གྱི་སྐད་ཀྱི་ཐོག་ནས་གསུངས་ཡོད་དམ་ཡང་ན་རྒྱ་ནག་གི་སྐད་ཀྱི་ཐོག་ནས་གསུངས་ཡོད། ཡང་ན་འཇམ་དཔལ་གྱིས་གསུངས་གཅིག་ཉིད་དུ་གསུངས་ཡོད་ཀྱང་འཁོར་གྱི་ཉན་པ་སོ་སོས་རང་གི་མོས་པ་ཇི་བཞིན་རང་རང་གི་སྐད་དུ་གོ་ཡོད། རྒྱ་ནག་གི་བེ་ཅི་ཧངྐ་མ་ཧཱ་ལ་དཔེ་ཞུས་ཏེ། ཧཱ་ཤང་མ་ཧཱ་ཡ་ན་དང༌། ལོ་ཆེན་བཻ་རོ་ཙ་ན་གཉིས་ཀྱིས་བསྒྱུར་ཞེས་པའི་མ་དཔེ་དེ་རྒྱ་ནག་གི་ཡི་གེ་ཡིན་ནམ། ཡང་ན་ཡིག་རིགས་གཞན་ཞིག་ཡིན།
གལ་ཏེ་རྒྱ་ནག་གི་ཡི་གེའི་ཐོག་ནས་བོད་སྐད་དུ་བསྒྱུར་བ་ཡིན་ཟེར་ན། རྒྱ་ནག་གི་གསོ་རིག་གི་ལོ་རྒྱུས་གང་གི་ནང་དུའང༌། སྨན་དཔྱད་སོ་མ་རཱ་ཛ་ཞེས་པ་ཀྲུང་ལུགས་གསོ་རིག་གི་གཞུང་ཞིག་ཡོད་པ་དང༌། དེ་བོད་ཀྱི་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་སྔ་རྗེས་སུ་བོད་དུ་བསྒྱུར་བའི་སྐོར་ཟུར་ཙམ་ཡང་མི་གསལ་ལ། རྒྱ་ནག་ཏུ་སྨན་དཔྱད་ཟླ་རྒྱལ་གྱི་རྒྱ་ཡིག་གི་མ་དཔེ་སྔར་ནས་ཡོད་པ་ཞིག་ཀྱང་བསྟན་དུ་མེད། དེར་མ་ཟད་འཕགས་པ་འཇམ་དཔལ་གྱིས་ སྨན་དཔྱད་ཟླ་རྒྱལ་དེ་ཉིད་རྒྱ་ནག་རི་བོ་རྩེ་ལྔར་བསྟན་པ་ཡིན་ན། རྒྱ་ནག་གི་གདུལ་བྱའི་དོན་དུ་གསུངས་པ་ཞིག་ཡིན་དགོས་པས། གཞུང་དེའི་རིག་གཞུང་གི་ནང་དོན་དང༌། རྩ་བའི་ལྟ་བ་ལ་སོགས་པ་དག་ཀྱང་རྒྱ་ནག་གི་གདུལ་བྱའི་ཡུལ་དུས་དབང་པོ་དང་མཚམས་པ་ཞིག་བསྟན་ཡོད་པ་གདོན་མི་ཟ་བ་ཡིན་ཏེ། འཕགས་པའི་གང་ཟག་དེ་དག་གིས་གདུལ་བྱའི་དོན་དུ་མཛད་པ་དེ། གདུལ་བྱའི་དབང་པོ་ཡུལ་དུས་དང་འཚམས་པ་ཞིག་བསྟན་ཐུབ་པ་ནི་ཁོང་རྣམ་པའི་ཐུན་མོང་མིན་པའི་མཐུ་དང་ཡོན་ཏན་ཡིན་པར་བཤད་པའི་ཕྱིར་རོ། །
འོན་ཀྱང་ད་ལྟ་ང་ཚོས་དངོས་སུ་མཇལ་དུ་ཡོད་པའི་འཕགས་པ་འཇམ་དཔལ་གྱིས་རྒྱ་ནག་ཏུ་བསྟན་ཏེ། ཕྱིས་སུ་ལོ་ཆེན་རྣམ་གཉིས་ཀྱིས་ཆོས་རྒྱལ་ཁྲི་སྲོང་གི་དུས་སུ་རྒྱ་ནག་ནས་བོད་དུ་བསྒྱུར་བར་བཤད་པའི་སྨན་དཔྱད་ཟླ་རྒྱལ་གྱི་གཞུང་འདིའི་ནང་དོན་ལ་ལེགས་པར་དཔྱད་ཚེ། དེའི་ནང་རྒྱ་ནག་གི་ཀྲུང་ལུགས་ གསོ་རིག་གི་ཐུན་མོང་མིན་པའི་ལྟ་བ་དང་འཚམས་པའི་ནང་དོན་མེད་ལ། རྒྱ་ནག་གི་མི་རྣམས་ཀྱི་ཡུལ་སྲོལ་གོམས་གཤིས་དང་འཚམས་པའི་ཐུན་མོང་མིན་པའི་ནང་དོན་མཚོན་བྱེད་ཀྱི་སྐོར་ཡང་རྙེད་དུ་མེད། དེར་བརྟེན་གཞུང་གི་གྲུབ་ཚུལ་དུ་འཕགས་པ་འཇམ་དཔལ་ལ་སློབ་དཔོན་ཀླུ་སྒྲུབ་ཀྱིས་ཞུས་པ་བཞིན་གསུངས་པ་དང༌། དེ་ཉིད་ཕྱིས་སུ་རྒྱ་ནག་ནས་བོད་དུ་བསྒྱུར་ཞེས་འཁོད་པ་དེ་དག་ལའང་ཐེ་ཚོམ་གྱི་རྒྱུར་གྱུར་པ་མང་དུ་མཆིས་ཀྱང་རེ་ཞིག་འདི་ཡིན་འདི་མིན་གྱི་དབྱེ་འབྱེད་བྱེད་པར་དཀའ་བས། རྣམ་དཔྱོད་དང་ལྡན་པ་རྣམས་ཀྱིས་དགོངས་བཞེས་མཐའ་དཔྱད་བྱེད་དགོས་པར་མཐོང་ངོ༌།།
༢ སྨན་དཔྱད་ཟླ་བའི་རྒྱལ་པོའི་རིག་པའི་གཞུང་ལུགས་ཀྱི་ནང་དོན་དངོས་ལ་ དཔྱད་པ།
སྨན་དཔྱད་ཟླ་བའི་རྒྱལ་པོའི་གཞུང་དོན་དངོས་ཀྱི་ནང་གཙོ་བོ་ནི་ལུས་ཁམས་རིག་པ་དང༌། ནད་ཁམས་རིག་པ། བརྟག་ཐབས་རིག་པ། ནད་ཐོག་རིག་པ། སྨན་རྫས་རིག་པ། དཔྱད་བཅོས་རིག་པ། ཟས་དང་སྤྱོད་ལམ་གྱི་རིག་པ་བཅས་གསོ་བ་རིག་པའི་རིག་ཚན་གཙོ་་བ་རྣམས་ཀྱི་ནང་དོན་ཅུང་ཆ་ཚང་བའི་སྒོ་ནས་བསྟན་ཡོད། གཞུང་ལུགས་དེའི་རིག་གཞུང་གི་ལྟ་བ་དང༌། གཞི་རྩའི་རིག་གཞུང་གི་རྨང་གཞི་ནི་སྐྱེ་བོའི་ལུས་དང་སེམས། དེ་ལས་བྱུང་བའི་ནད། ནད་དེ་བཅོས་བྱེད་ཀྱི་གཉེན་པོ། ལུས་ཁམས་གནས་སའི་ཡུལ་ཕྱི་སྣོད་ཀྱི་འཇིག་རྟེན་ནམ་རང་བྱུང་ཁམས་ལ་སོགས་པ་དེ་རྣམས་ཕན་ཚུན་དབར་གྱི་དེ་ལ་དེ་བརྟེན་གྱི་འབྲེལ་བ་དང་མཐར་ཐུག་ངོ་བོ་བདག་གཅིག་གི་འབྲེལ་བ་ལ་སོགས་པའི་རྩ་བའི་ལྟ་བ་སྟེ། ལུས་ནད་གཉེན་པོ་གསུམ་གྱི་གཞི་ངོ་བོ་ས་ཆུ་མེ་རླུང་ནམ་མཁའ་དང་བཅས་པའི་འབྱུང་བ་ལྔའི་རང་བཞིན་དུ་གྲུབ་པ་དང༌། དེ་དག་ལ་ཉེས་པ་རླུང་མཁྲིས་བད་ཀན་གསུམ་གྱིས་ཕན་གནོད་ཀྱི་བྱ་བ་བྱེད་པའི་དབང་གིས་ལུས་ཁམས་དེ་ཆགས་འཇིག་གི་རང་བཞིན་ཅན་དང༌། ཉེས་པ་གསུམ་པོ་དེ་དག་འཕེལ་འགྲིབ་ཀྱི་རང་བཞིན་ཅན་དུ་གྲུབ་པ་སོགས་གཙོ་བོ་ཉེས་གསུམ་རིག་པའམ་འབྱུང་ལྔའི་རིག་པ་ཁོ་ནར་བརྟེན་ནས་གྲུབ་པའི་གཞུང་ལུགས་ཤིག་རེད་འདུག
རིག་གཞུང་གི་རྨང་གཞི་དང་ལྟ་བ་དེ་ནི་བོད་ཀྱི་གསོ་བ་རིག་པའི་རིག་པའི་གཞུང་ལུགས་ཀྱི་གཞི་རྟེན་དང་ཁུངས་བཅོལ་སའི་རིག་པ་ཉག་ཅིག་དེ་ཡིན། དེ་ཡང་དཔེར་ན་སྨན་དཔྱད་ཟླ་རྒྱལ་གྱི་ནང་སྐྱེ་བོའི་ལུས་དེ་ཐོག་མར་ཆགས་པའི་ཚུལ་བསྟན་པའི་སྐབས་ཇི་སྐད་དུ། འགྲོ་བ་དྲུག་ནི་ཐམས་ཅད་ལ། །ལས་དང་ཉོན་མོངས་དག་དང་ནི། །ཀུན་གཞི་རྣམ་ཤེས་བག་ཆགས་ལས། །གྲུབ་སྟེ་མི་ནི་ཁྱད་པར་འཕགས། །གྲུབ་པའི་ལུས་ནི་ལས་ཀྱིས་དབང༌། །ཕ་མ་གཉིས་ཀྱི་རྐྱེན་བྱས་ནས། །ཞེ་སྡང་ལས་གྲུབ་ས་བོན་དང༌། །འདོད་ཆགས་ལས་གྲུབ་མ་ཡི་ཁྲག །གཏི་མུག་ལས་གྲུབ་ལས་ཀྱི་རླུང༌། །དབང་སྟེ་ཟླ་བ་བཅུ་ནའོ། །ཞེས་བསྟན་པ་སྟེ། དེ་ནི་སྐྱེ་བོའི་ལུས་ཆགས་པར་བྱེད་པའི་རྒྱུ་རང་རང་གི་སྐྱེ་བ་སྔོན་གྱི་ལས་དང་ཉོན་མོངས་པས་སྐུལ་བའི་བར་དོའི་རྣམ་པར་ཤེས་པ་དེ་ཉིད། ཕ་མ་གཉིས་ཀྱི་ཁུ་ཁྲག་དང་ལྷན་དུ་མ་ཡི་མངལ་དུ་མཉམ་དུ་ཚོགས་པ་ལས་ཟླ་བ་དགུ་དང་ཞག་མ་བཅུ་ཙམ་གྱི་རིང་མའི་མངལ་དུ་གནས་ཤིང་རིམ་གྱིས་རྣམ་པར་འཕེལ་ཏེ་སྐྱེ་བར་གྱུར་པ་དང༌། མའི་མངལ་དུ་ཆགས་ནས་འཕེལ་བའི་ཚེ་ཡང་ཉེས་པ་རླུང་མཁྲིས་བད་ཀན་གསུམ་གྱི་བྱེད་ལས་ལ་བརྟེན་ནས་འཕེལ་སྐྱེད་བྱེད་པ་ཡིན་ཏེ། ཡང་ཟླ་རྒྱལ་ལས། རླུང་དང་མཁྲིས་པ་བད་ཀན་དང༌། །ཤ་སྐམ་པ་དང་ཤ་རྒྱགས་དང༌། །སྟོད་ཆེ་སྨད་ཆེ་པོ་རྫིངས་དང༌། །ཕ་མ་དག་ལས་ཤེས་པར་བྱ། །ཞེས་དང༌། བདུན་ཕྲག་ཉི་ཤུ་གཉིས་པ་ལ། །རླངས་པ་ཞེས་པའི་རླུང་འབྱུང་སྟེ། །རླུང་མཁྲིས་བད་ཀན་གསུམ་འབྱུང་སྟེ། །བད་ཀན་མདངས་ནི་དཀར་བ་དང༌། །མཁྲིས་པ་དྲོད་འབེབས་བརྟས་པ་དང༌། །རླུང་གིས་བཅུད་འདྲེན་འཕེལ་བའོ། །ཞེས་སོགས་གསུངས་པས་ཤེས་ཐུབ་བོ། །
ནད་ཀྱང་རྒྱུ་ཉེས་པ་རླུང་མཁྲིས་བད་ཀན་གསུམ་ལ་རྐྱེན་དུས་གདོན་ཟས་སྤྱོད་བཞི་ཡིས་འཕེལ་ཟད་འཁྲུགས་པར་གྱུར་པའི་དབང་གིས་རྣམ་པར་གྱུར་ན་ནད་དང༌། རྣམ་པར་མ་གྱུར་ན་ནད་ཀྱི་རྒྱུ་དང༌། ལུས་ཀྱི་ཆ་ཤས་སམ་གྲུབ་ཆ་མེད་དུ་མི་རུང་བ་ཞིག་ཡིན་པ་མ་ཟད། ཉེས་པ་གསུམ་པོ་དེ་དག་ཀྱང་ངོ་བོ་འབྱུང་བ་ས་ཆུ་མེ་རླུང་བཞིའི་ངོ་བོར་གྲུབ་པར་བསྟན་པ་སྟེ། ཟླ་རྒྱལ་ལས། དེ་ལྟར་ས་ཆུ་མེ་རླུང་གིས། །འབྱུང་བ་བཞི་དང་བད་མཁྲིས་རླུང༌། ནད་ཀུན་ད་྄ལཏར་འདུ་བཞིར་གྱུར། ཞེས་དང༌། ཡང་དེ་ལས། ལྷག་ཆད་ཉེས་པ་གང་དག་ལགས། །ལྷག་པ་དང་ནི་ཆད་པས་ནི། །སྟོབས་ཉམས་ལུས་ནི་འཇིག་པའོ། །སྟོབས་རྣམས་ཉམས་ཤིང་འཇིག་པས་ན། །རྐྱེན་ནི་འདུ་བ་རྣམ་བཞི་སྟེ།། གདོན་དང་སྤྱོད་ལམ་མཚོན་དང་ནི། །རྟེན་འབྲེལ་ཉམས་པས་གློ་བུར་ནད། །ཁ་ཟས་རྣམས་ཀྱིས་རྐྱེན་བྱས་པའོ། །ཞེས་དང༌། བད་ཀན་ཟས་འཇུ་ཆུ་ཡིན་ཏེ། །མཁྲིས་པས་ཟས་འཇུ་མེ་ཡིན་ཏེ། །རླུང་གིས་འབྱེད་དང་རླུང་ཡིན་ནོ། །གནས་ཀྱི་བྱེ་བྲག་སོ་སོར་གནས། །བད་ཀན་སྟོད་ན་གནས་པ་སྟེ། །མཁྲིས་པ་བར་ན་གནས་པའོ། །རླུང་ནི་སྨད་ན་གནས་པ་སྟེ། །དེ་ལ་དོན་སྣོད་སོ་སོར་གནས། ། ཞེས་སོགས་བསྟན་པས་གསལ་བའོ། །གཉེན་པོའི་སྨན་ཡང་རྒྱུ་འབྱུང་བ་ས་ཆུ་མེ་རླུང་ནམ་མཁའ་ལྔའི་ངོ་བོར་གྲུབ་ལ་འབྱུང་བ་དེ་དག་ཤས་ཆེ་ཆུང་གི་དབང་གིས་སྨན་རྣམས་ལ་རོ་དྲུག་བྱུང་བ་སྟེ། མངར་བ་དང༌། སྐྱུར་བ། ལན་ཚ་བ། ཁ་བ། ཚ་བ། བསྐ་བ་བཅས་སུ་འདོད་པ་སྟེ། ཟླ་རྒྱལ་ལས། སྨན་རྣམས་འབྱུང་བར་བརྟེན་པ་ནི། ཕན་ཡོད་ཤེས་པས་གཏོང་བའོ། །ས་ཆུ་མེ་རླུང་ནམ་མཁའ་ལ། ཞེས་དང༌། ཡང་དེ་ལས། རོ་དྲུག་ཚ་དང་ལན་ཚྭ་དང༌། །ཁ་དང་སྐྱུར་དང་མངར་དང་བསྐ། ས་ཆུ་མེ་རླུང་ནམ་མཁའོ། ཞེས་བསྟན་པའོ། །སྨན་གྱི་སྦྱར་བཟོ་ལག་ལེན་ནམ་མཁའོ། །ཞེས་བསྟན་པའོ། །སྨན་གྱི་སྦྱར་བཟོ་ལག་ལེན་བྱ་ཐབས་ཀྱི་ཐད་ལའང་ཐང་དང་། ཕྱེ་མ། རིལ་བུ། ལྡེ་གུ། སྨན་མར་བཅས་རྩ་བའི་ལག་ལེན་ལྔ་རུ་བསྟན་པ་སྟེ། ཟླ་རྒྱལ་ལས། དེ་ནས་སྨན་གྱི་སྦྱོར་བ་ནི། ཕྱེ་མ་ལྡེ་གུ་ཐང་དང་ནི། རིལ་བུ་སྨན་མར་ལྔ་དག་གོ། ཞེས་བསྟན་པ་དང༌། དེ་དག་གི་སྦྱོར་སྡེ་དངོས་བསྟན་པའི་ནང་དུ་ཀྲུང་ལུགས་གསོ་རིག་སོགས་ཀྱི་ནང་མེད་ལ་བོད་ཀྱི་གསོ་རིག་གི་གཞུང་དང་ལག་ལེན་གཉིས་ཀའི་ནང་དུ་ད་ལྟའང་དངོས་སུ་ལག་ལེན་བྱེད་བཞིན་པའི་སྦྱོར་སྡེ་ག་བུར་ཉེར་ལྔ་སོགས་མང་པོ་བསྟན་ཡོད། དཔྱད་ཀྱི་གཉེན་པོའི་ཐད་ཀྱང༌། གཏར་གའི་ལེའུ་དང༌། མེ་བཙའི་ལེའུ། ཐུར་མ་གཏོང་ཐབས་སོགས་དངོས་སུ་བསྟན་ཅིང༌། དེ་དག་གི་གཏར་དམིགས་དང༌། མེ་གསང༌། ཐུར་གསང་བཅས། གསང་དམིགས་སོ་སོའི་ཕན་ཡོན་སོགས་ཞིབ་རྒྱས་སུ་བསྟན་པ་དེ་དག་བོད་ཀྱི་གསོ་བ་རིག་པའི་ཐུན་མོང་མིན་པའི་དཔྱད་བཅོས་ཀྱི་གཞུང་དང་ལག་ལེན་ཁོ་ན་ཡིན་གྱི་གཞན་ཀྲུང་ལུགས་སོགས་ལ་ནི་མེད་དོ། །
མདོར་ན། སྨན་དཔྱད་ཟླ་བའི་རྒྱལ་པོའི་རིག་པའི་གཞུང་ལུགས་ཀྱི་གཞི་འཛིན་ས་དང་ཁུངས་བཅོལ་ས་ནི། ལུས་ནད་གཉེན་པོ་གང་གི་ངོས་ནས་བཤད་ཀྱང༌། འབྱུང་བ་ལྔའི་རིག་པའམ་ཉེས་གསུམ་རིག་པ་ཉིད་ཡིན་ལ། བོད་ཀྱི་གནའ་བོའི་གསོ་དཔྱད་ཀྱི་རིག་པའི་གཞི་ཁུངས་དང་གཅིག་ཏུ་ངེས་པ་ཡིན། གལ་ཏེ་སོ་མ་རཱ་ཛ་དེ་རྒྱ་ནག་གི་གཞུང་ལུགས་ཤིག་ཡིན་ན། རྒྱ་ནག་ཀྲུང་ལུགས་གསོ་རིག་གི་རིག་གཞུང་གི་གཞི་འཛིན་ལྟ་བ་གཙོ་བོ་གང་ཡིན་པ་དེར་གཞི་བཅོལ་དགོས་པ་ཡིན་པས། ད་ལྟའི་སྨན་དཔྱད་ཟླ་རྒྱལ་གྱི་ནང༌། བོད་ཀྱི་གསོ་རིག་གི་རྩ་བའི་ལྟ་བ་དང་མི་མཐུན་པ་གང་ཞིག ཀྲུང་ལུགས་གསོ་རིག་གི་ཐུན་མོང་མིན་པའི་རིག་གཞུང་གི་རྩ་དོན་ནམ་གཞི་འཛིན་ས་ཡིན་པའི་དམིགས་བསལ་གྱི་ལྟ་བ་མང་པོ་ཞིག་ཡོད་དགོས་ཀྱང་དེ་ལྟ་བུ་ནི་གཅིག་ཀྱང་རྙེད་དུ་མེད་ལ། གསོ་རིག་གི་མིང་ཚིག་གི་ཐད་ལའང༌། བོད་ཀྱི་གསོ་རིག་གི་མིང་ཚིག་མིན་ལ། རྒྱ་ནག་གསོ་རིག་གི་མིང་ཚིག་ཡིན་པ་ཡང་ཧ་ལམ་གཅིག་ཀྱང་མེད། གལ་ཏེ་རྒྱ་ནག་གི་ཡི་གེ་ལས་བོད་སྐད་དུ་བསྒྱུར་བ་ཞིག་ཡིན་ན། བརྡ་ཆད་མང་པོ་ཞིག་ནི་རྒྱ་ནག་གི་སྐད་ལས་བོད་སྐད་དུ་སྒྲ་ཐད་བསྒྱུར་བྱས་པའི་མིང་ཚིག་མང་པོ་ཞིག་ཡོད་དགོས་ཀྱང༌། དེ་ཡང་ཧ་ལམ་ཚིག་གཅིག་ཀྱང་རྙེད་དུ་མེད། དེ་བཞིན་དུ་སྨན་དཔྱད་ཟླ་རྒྱལ་གྱི་ནང༌། རྒྱ་ནག་གི་ཡུལ་སྲོལ་གོམས་གཤིས་དང་འབྲེལ་བ་ཡོད་པའི་བྱ་དངོས་ཀྱི་མིང་དང་ནང་དོན་ཁྱད་པར་ཅན་གང་ཡོད་མེད། དེ་ལས་ལྡོག་སྟེ་རྒྱ་ནག་ལ་མེད་ཅིང་བོད་ཁོ་ནར་ཡོད་པའི་དངོས་པོ་དང༌། གོམས་གཤིས་མང་པོ་ཞིག་གི་བརྡ་ཆད་མང་དུ་མཐོང་རྒྱུ་ཡོད་པ། དཔེར་ན་གཙུག་ལག་ཁང་ངམ་ཡུལ་དག་གི། ས་བདག་ས་སྲིན་ཀླུ་སྲིན་གནོད། །ཡང་ན་བན་བོན་དམོད་བྱད་གནོད། །ཅེས་བན་དེ་དང་བོན་པོའི་དམོད་བྱད་ཀྱི་གནོད་པའི་སྐོར་དང༌། ཡང་དེ་ལས། རིམ་གྲོས་འཚོ་བ་དེ་བཞིན་ཏེ། །ཞེས་རིམ་གྲོའི་ཐབས་ཤེས་ཀྱིས་ནད་བཅོས་པ་ལྟ་བུ་བོད་སྔ་རབས་ཀྱི་གོམས་གཤིས་ཡིན་པ་དང༌། ཡང་དེ་ལས། ཆང་ངམ་ཆུའམ་མར་ཁུས་སོ། །ཞེས་མར་བཞུ་བའི་ཁུ་བ་འཐུང་བ་བོད་མི་ཉིད་ཀྱི་གོམས་གཤིས་ཡིན་པ་དང༌། ཡང་དེ་ལས། ངལ་དུབ་ཆང་མང་འཐུངས་པ་དང༌། །ལུག་དང་འབྲི་ཞོ་མང་བ་ལས། །ཞེས་དང༌། གཡག་རྒོད་རྐྱང་དང་སྤྱང་ཀིའི་ཤ །ཞེས་དང༌། ཡང་དེ་ལས། ངལ་དུབ་ཆང་མང་འཐུངས་པ་དང༌། །ལུག་དང་འབྲི་ཞོ་མང་བ་ལས། །ཞེས་དང༌། གཡག་རྒོད་དགོ་བའི་ཤ་དང་རྐང༌། །ཞེས་སོགས་གཡག་དང་གཡག་རྒོད། འབྲི། མཛོ་བཅས་ཀྱི་སེམས་ཅན་གྱི་མིང་མང་པོ་ཡོད་པ་དེ་དག་ནི་མདོ་ཁམས་མཚོ་བོད་ཀྱི་བོད་རིགས་འདུས་སྡོད་བྱ་ཡུལ་ཁོ་ནར་མ་གཏོགས་མེད་པའི་སེམས་ཅན་ཡིན་པ་དང༌། ཡང་དེ་ལས། ཕོ་བའི་ཚད་འཁྲུ་ཕོ་བ་སྨུག །ཤ་བཙོས་ཁུ་འདྲ་ཀོ་རུལ་མནམ། །སྐབས་སུ་རྩམ་པ་དག་ཏུ་འཁྲུ། །ཞེས་པའི་རྩམ་པ་ཡང་བོད་རིགས་ཁོ་ནས་ལོངས་སུ་སྤྱོད་པའི་ཟས་རིགས་ཤིག་ཡིན། ད་དུང་སྨན་དཔྱད་ཟླ་རྒྱལ་གྱི་ནང༌། ཆུ་ལ་སྔགས་བཟླས་ཁོང་དུ་བཏང༌། ཨོཾ་ཀྲུག་ལེ་ཧྲིམ། ཨོཾ་པ་ཀྲི་སྭཱཧཱ། ཞེས་པ་སོགས། སྔགས་བཟླས་པའི་ཐབས་ལ་བསྟེན་ནས་ནད་བཅོས་པའི་ཐབས་མང་དུ་བསྟན་འདུག་པ་དེ་དག་ཀྱང་རྒྱ་ནག་གསོ་རིག་ལ་ཨེ་ཡོད་སྙམ། དེ་བཞིན་ཨུཏྤལ་དང༌། སྤང་རྒྱན། སྤང་རྩི་དོ་བོ། བོང་ང་དཀར་པོ། སུམ་ཅུ་ཏིག་ཏ། ཧོང་ལེན། གང་ག་ཆུང༌། བ་ཤ་ཀ་སོགས་མཚོ་བོད་ས་མཐོ་ཁོ་ནར་མ་གཏོགས་མི་སྐྱེ་བའི་སྐྱེས་དངོས་ཀྱི་སྨན་རྫས་མང་པོ་བསྟན་ཡོད། དེ་དག་ནི་དེ་མཚོན་ཙམ་ཞིག་ཡིན། ད་དུང་གཞུང་ཉིད་ལ་ལེགས་པར་བལྟས་ཚེ་བོད་ཀྱི་ཁྱད་ཆོས་གཙང་མར་མཚོན་པའི་ནང་དོན་མང་པོ་ཞིག་མཐོང་རྒྱུ་ཡོད། རྒྱུ་མཚན་དེ་ལྟ་བས་ན་སྨན་དཔྱད་ཟླ་བའི་རྒྱལ་པོའི་རིག་པའི་གཞུང་ལུགས་ཀྱི་ནང་དོན་ལ་གཞིགས་ན། གཞུང་ལུགས་དེ་ནི་བོད་ཀྱི་གསོ་རིག་གི་རྩ་དོན་ཁོངས་སུ་ཆུད་ཅིང་བོད་ཀྱི་ཡུལ་སྲོལ་གོམས་གཤིས་སོགས་དང་འཚམས་པར་བོད་རང་གི་སྔར་དར་གསོ་རིག་གི་གཞུང་ལུགས་ཁག་ལ་གཞི་བཅོལ། རྒྱ་དཀར་ནག་གི་མཁས་པ་ཁག་དང་བཀའ་གྲོས་མཛད་དེ་བོད་ཀྱི་ཡུལ་དུས་དབང་པོ་དང་ཉེ་བར་འཚམས་པར་བརྩམས་པ་ཞིག་ཡིན་པ་ལས། རྒྱ་ནག་གི་ཀྲུང་ལུགས་གསོ་རིག་གི་གཞུང་ལས་བོད་སྐད་དུ་ཐད་ཀར་བསྒྱུར་བ་ཡིན་ཟེར་ན་ཁུངས་འཁྱོལ་ཐབས་མེད་པ་ཞིག་རེད་འདུག་སྙམ། འོ་ན་གཞུང་ཉིད་ཀྱི་དབུར་འཕགས་པ་ཀླུ་སྒྲུབ་ཀྱིས་ཞུ་བ་པོ་མཛད་ནས་འཕགས་པ་འཇམ་དཔལ་གྱིས་བཀའ་སྩལ་བར་བསྟན་པ་དང༌། གཞུང་གི་མཇུག་བྱང་དུ་འཕྲུལ་གྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ། རྒྱ་ནག་གི་བེ་ཅི་ཧཱངྐ་མ་ཧཱ་ལ་དཔེ་ཞུས་ཏེ། ཧཱ་ཤང་མ་ཧཱ་ཡ་ན་དང༌། བཻ་རོ་ཙ་ནས་བསྒྱུར་བའོ། །ས་འཁོད་པ་དང་། དེ་བཞིན་བློན་པོ་བཀའ་ཐང་ལས། ཀླུ་སྒྲུབ་མཛད་པའི་སོ་མ་རཱ་ཛ་དང༌། །ཞེས་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་དངོས་སུ་གསལ་བས། དེ་དག་ལ་འགྲེལ་བཤད་ཇི་ལྟར་རྒྱག་དགོས་སམ་ཞེ་ན། བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་ནས་བཟུང༌། བོད་དུ་རྒྱ་གར་ནས་སངས་རྒྱས་ཆོས་ལུགས་ཀྱི་གཞུང་ལུགས་མང་དུ་བསྒྱུར་ཞིང་རྒྱ་གར་གྱི་རིག་གནས་ཁག་གཅིག་བོད་དུ་དར་རྒྱས་ཤིན་ཏུ་ཆེན་པོ་ཞིག་བྱུང་བ་དང༌། རྒྱ་ནག་ནས་ཀོང་ཇོ་རྣམ་གཉིས་གདན་དྲངས་པའི་དུས་སུ་རྒྱ་ནག་གི་ཤེས་རིག་ཁག་གཅིག་བོད་དུ་བསྒྱུར་བ་བཅས་ཀྱི་རྗེས་སུ། བོད་མི་ཚོས་རྒྱ་གར་ནས་བྱུང་བའི་དམ་ཆོས་ཙམ་དུ་མ་ཟད། རྒྱ་གར་དང༌། རྒྱ་ནག་ལ་གནའ་རབས་ནས་གྲགས་ཆེ་བའི་ཤེས་རིག་རྙིང་མ་ཇི་སྙེད་ཅིག་ཡོད་པ་དེ་དག་བོད་ཀྱི་མཁས་པ་ཚོའི་སློབ་སྦྱོང་བྱ་ཡུལ་དུ་གྱུར་པ་དང༌། དམ་པའི་ཆོས་ལ་དད་མོས་བྱེད་པ་དང་ཆབས་ཅིག་དེ་དང་འབྲེལ་བའི་རྒྱ་དཀར་ནག་གི་ཤེས་རིག་སྣ་ཚོགས་ལའང་དོ་སྣང་ཆེན་པོ་བྱེད་པ་མ་ཟད། དེ་དག་ལ་གདེང་འཇོག་ཆེན་པོ་བྱེད་པར་གྱུར་སྟབས། དུས་ཡུན་རིང་པོའི་ནང༌། བོད་མི་རྣམས་ལ་བོད་ནས་བྱུང་བའི་ཤེས་རིག་དང༌། བོད་མིས་བརྩམས་པའི་བསྟན་བཅོས་ཡིན་ན། དེ་ལ་མཐོང་ཆུང་བྱེད་ཅིང་བོད་མིས་རྒྱ་དཔེའི་དོ་ཟླ་ནམ་ཡང་མི་ཐུབ་པ་དང༌། རྒྱ་དཀར་ནག་ལས་བྱུང་བའི་ཤེས་རིག་ཅི་ཞིག་ཡིན་ན་ཡང་ཀུན་གྱིས་ཚད་མར་འཛིན་འོས་པ་ཞིག་ཡིན་པའི་ལྟ་སྟངས་དེ་བྱུང་བ་རེད། དེ་ལ་དཔགས་ནས་སྐབས་དེར་བོད་ཀྱི་གསོ་རིག་གི་ཐུན་མོང་མིན་པའི་ལྟ་བ་མཚོན་པ་དང༌། རིག་གཞུང་གི་མ་ལག་ཆ་ཚང་ཤོས་སུ་གྱུར་པའི་གཞུང་ལུགས་དེ་ལྟ་བུ་གསར་དུ་སྤེལ་བར་ཀུན་གྱིས་ཡིད་ཆེས་བྱེད་པ་དང༌། ཚད་མར་འཛིན་པའི་ཆེད་དུ། དོན་ལ་མི་དཔྱོད་ཚིག་ལ་རྟོག་པ་རྣམས་ཀྱི་ངོར་འཇམ་དཔལ་གྱི་སྤྲུལ་པས་གསུངས་པ་ལྟར་བྱས་པ་དང༌། དེ་བཞིན་རྒྱ་གར་གྱི་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་ལྟར་བྱས་པ། གཞུང་གི་མཇུག་བྱང་དུའང་རྒྱ་ནག་རི་བོ་རྩེ་ལྔར་འཕགས་པ་འཇམ་དཔལ་གྱིས་གསུངས་པའི་གཞུང་དེ་རྒྱ་ནག་ནས་བོད་དུ་བསྒྱུར་བ་ལྟར་བཀོད་པ་རེད་འདུག་སྙམ་མོ།། །།
ཡོང་ཁུངས་། གསོ་རིག་དྲ་བ་། www.gsorig.com/Html/research/82.htm
་་་་་་་ ཡང་དེ་ལས། ཆང་ངམ་ཆུའམ་མར་ཁུས་སོ། །ཞེས་མར་བཞུ་བའི་ཁུ་བ་འཐུང་བ་བོད་མི་ཉིད་ཀྱི་གོམས་གཤིས་ཡིན་པ་དང༌། ཡང་དེ་ལས། ངལ་དུབ་ཆང་མང་འཐུངས་པ་དང༌། །ལུག་དང་འབྲི་ཞོ་མང་བ་ལས། །ཞེས་དང༌། གཡག་རྒོད་རྐྱང་དང་སྤྱང་ཀིའི་ཤ །ཞེས་དང༌། ཡང་དེ་ལས། ངལ་དུབ་ཆང་མང་འཐུངས་པ་དང༌། །ལུག་དང་འབྲི་ཞོ་མང་བ་ལས། །ཞེས་དང༌། གཡག་རྒོད་དགོ་བའི་ཤ་དང་རྐང༌། །ཞེས་སོགས་གཡག་དང་གཡག་རྒོད། འབྲི། མཛོ་བཅས་ཀྱི་སེམས་ཅན་གྱི་མིང་མང་པོ་ཡོད་པ་དེ་དག་ནི་མདོ་ཁམས་མཚོ་བོད་ཀྱི་བོད་རིགས་འདུས་སྡོད་བྱ་ཡུལ་ཁོ་ནར་མ་གཏོགས་མེད་པའི་སེམས་ཅན་ཡིན་པ་དང༌། ཡང་དེ་ལས། ཕོ་བའི་ཚད་འཁྲུ་ཕོ་བ་སྨུག །ཤ་བཙོས་ཁུ་འདྲ་ཀོ་རུལ་མནམ། །སྐབས་སུ་རྩམ་པ་དག་ཏུ་འཁྲུ། །ཞེས་པའི་རྩམ་པ་ཡང་༼བོད་རིགས་ཁོ་ནས་༽ལོངས་སུ་སྤྱོད་པའི་ཟས་རིགས་ཤིག་ཡིན།
ད་དུང་སྨན་དཔྱད་ཟླ་རྒྱལ་གྱི་ནང༌། ཆུ་ལ་སྔགས་བཟླས་ཁོང་དུ་བཏང༌། ཨོཾ་ཀྲུག་ལེ་ཧྲིམ། ཨོཾ་པ་ཀྲི་སྭཱཧཱ། ཞེས་པ་སོགས། སྔགས་བཟླས་པའི་ཐབས་ལ་བསྟེན་ནས་ནད་བཅོས་པའི་ཐབས་མང་དུ་བསྟན་འདུག་པ་དེ་དག་ཀྱང་༼རྒྱ་ནག་གསོ་རིག་ལ་ཨེ་ཡོད་༽སྙམ།
དེ་བཞིན་ཨུཏྤལ་དང༌། སྤང་རྒྱན། སྤང་རྩི་དོ་བོ། བོང་ང་དཀར་པོ། སུམ་ཅུ་ཏིག་ཏ། ཧོང་ལེན། གང་ག་ཆུང༌། བ་ཤ་ཀ་སོགས་མཚོ་བོད་ས་མཐོ་ཁོ་ནར་མ་གཏོགས་མི་སྐྱེ་བའི་སྐྱེས་དངོས་ཀྱི་སྨན་རྫས་མང་པོ་བསྟན་ཡོད། དེ་དག་ནི་དེ་མཚོན་ཙམ་ཞིག་ཡིན། ད་དུང་གཞུང་ཉིད་ལ་ལེགས་པར་བལྟས་ཚེ་༼བོད་ཀྱི་ཁྱད་ཆོས་༽གཙང་མར་མཚོན་པའི་ནང་དོན་མང་པོ་ཞིག་མཐོང་རྒྱུ་ཡོད། ་་་་་་་་་
སྨན་དཔྱད་ཟླ་བའི་རྒྱལ་པོའི་པར་བྱང་དུ། གསོ་རིག་བསྟན་བཅོས་ཀུན་ལས་ཁྱད་འཕགས་ཤིང་། རྩོད་མེད་ཉི་ཟླ་ལྟ་བུར་ཡོངས་གྲགས་ཀྱང་། སྔ་རབས་མཁས་བླུན་ཕལ་ཆེར་འདིར་འཇུག་པས། གླེགས་བམ་འཕེལ་ཆེ་ཡིག་རྒྱུན་འཆོལ་པ་སོགས། དཔྱད་པར་དཀའ་ཡང་དེང་སང་དཔེ་དཀོན་པས། ཞེས་གསུངས་ཡོད་པ་བཞིན། གཞུང་འདིར་འགྱུར་སྔ་ཕྱི་དང་ནང་དོན་རྒྱས་བསྡུས། ལེའུ་མང་ཉུང་ཅན་གྱི་འགྱུར་རྩོམ་མང་དག་ཅིག་ཡོད་ལུགས་མཁས་མང་ཀྱིས་བཞེད་ནའང་། ང་ཚོའི་མིག་ལམ་ལ་མངོན་སུམ་དུ་མཇལ་དུ་ཡོད་པ་ནི་སྡེ་དགེའི་འགྱུར་འདི་ལས་མ་མཆིས་ལ། རྒྱ་ནག་གི་འགྱུར་ཞིག་ཡིན་དུ་ཆུག་ཀྱང་རྒྱ་ནག་གསོ་དཔྱད་ཀྱི་སྔ་མོའི་འགྱུར་བོད་སྐད་དུ་ཡོད་པ་ད་ལྟའི་དུས་ལ་འདི་རང་ལས་མེད།
གོང་རྩོམ་དུ་འཁོད་དོན་ལྟར། རྒྱ་ནག་གསོ་དཔྱད་ཀྱི་འགྱུར་ཞིག་ཏུ་བསྒྲུབ་པར། རྒྱ་ནག་གསོ་དཔྱད་ཀྱི་གདགས་སྲིབ་དང་ནད་བཅོས་སྐམ་གཙགས་སོགས་ཀྱི་གཞི་རྩའི་ལྟ་གྲུབ་སྐོར་ཞིག་ཡོད་དགོས་མོད་དེ་དག་བཅུག་པ་ཡང་མེད། དེར་བརྟེན་ཀོང་སྤྲུལ་གྱི་གསུང་ལྟར་མཁས་མང་བགྲོས་པས་སོ་མ་ར་ཙ་བྱུང་ཞེས། སྨན་དཔྱད་ཟླ་རྒྱལ་གྱི་གཞུང་འདི་ཡང་བོད་ཀྱི་གསོ་རིག་གི་རྨང་གཞིའི་སྟེང་ཕྱིའི་སྨན་དཔྱད་ཀྱི་སྙང་པོ་རྣམས་བླངས་ཏེ་བརྩམས་པ་ཞིག་རེད་སྙམ།
གཞན་ཞིག་ལ། བོད་ཀྱི་མཁས་པ་ཚོའི་བཞེད་པའི་ཧ་ཤྭང་མ་ཀྱིན་ད་༼རྒྱ་ཕྲུག་གར་མཁན་དང་ཁྱུང་པོ་ཙེ་ཙེ་སོགས་ཀྱི་མཉམ་དུ་བསྒྱུར་མཁན༽ཟེར་བ་སྨན་པ་མཁས་པ་ཞིག་མིན་པར་ཡེ་ཤུ་སྔོན་གྱི་ ༢༦༥ ནས་ ༥༨༡ བར་བྱུང་བའི་ཅིན་རྒྱལ་རབས་སྐབས་ཀྱི་གསོ་དཔྱད་གཞུང་ཞིག་བོད་དུ་སླེབས་ཡོད་པ་དེར་ཆེན་པོ་བཟོ་ཆེད་རྒྱལ་རྒྱུད་ཀྱི་མིང་དེ་ལྟར་བཏགས་པ་དང་། ཡང་ཧ་ཤྭང་མ་ཧ་ཡ་ན་སུ་ཏྲ་༼བེ་རོའི་མཉམ་དུ་བསྒྱུར་མཁན༽ ཞེས་པ་ཡང་ཡེ་ཤུ་སྔོན་གྱི་ ༥༡༨ ནས་ ༦༡༨ བར་དུ་བྱུང་བའི་སུའུ་རྒྱལ་རབས་སྐབས་ཀྱི་གསོ་དཔྱད་གཞུང་ཞིག་ཡོད་པ་དེར་ཆེན་པོ་བཟོ་ཆེད་རྒྱལ་རྒྱུད་ཀྱི་མིང་དེ་ལྟར་བཏགས་པ་མིན་ནམ་སྙམ། གང་ཡིན་ཟེར་ན། བོད་དུ་ནང་བསྟན་ཐོག་མར་དར་སྐབས་བོད་མིས་ཚད་མར་འཛིན་པ་དང་ཡིད་ཆེས་རྙེད་ཆེད་དེ་ལྟར་བཟོས་པ་རེད། འདིའི་རྒྱབ་རྟེན་ཞིག་ནི་སྲོང་བཙན་སྐབས་སུ་ཁྲོམ་ནས་བོས་པའི་ག་ལེ་ནོས་ཟེར་བའི་ག་ལེས་ནོས་མི་དངོས་བོད་དུ་སླེབས་ཡོད་མེད་དོགས་པ་རེད། ག་ལེས་ནོས་ནི་རོམ་རྒྱལ་རབས་སྐབས་སྤྱི་ལོ་ ༡༢༩ ནས་ ༢༠༠ བར་བྱུང་བའི་རྒི་རིག་གི་སྨན་པ་མཁས་པ་ཞིག་རེད། ཁོང་དང་སྲོང་བཙན་བར་ལོ་བརྒྱ་ཕྲག་ཁ་ཤས་ཀྱི་ཁྱད་པར་ཡོད་པས་ཁོང་གི་བརྩམས་ཆོས་ཤིག་བོད་དུ་སླེབས་ཡོད་པ་རྣམས་བསྒྱུར་ཡོད་པ་ཙམ་དུ་བརྟེན་ནས་ཕྱིས་ཀྱི་བོད་སྨན་མཁས་པ་ཚོས་ག་ལེས་ནོས་བོད་ལ་དངོས་སུ་སླེབས་པར་བཞེད་དོ།
ཡག་པོ་བྲིས་གནང་འདུག འབྲི་སྟངས་འདི་ལ་བོད་རྩོམ་གྱི་དྲི་མ་ཏོག་ཙམ་ཁ་ཡི་འདུག་པས་སྙིང་ནས་བཀའ་དྲིན་ཆེ་ཞུ་བ་ཡིན། མང་ཙམ་བྲིས་དང་ཞིབ་པར་ཀློག་ཆོག ། །