ཡུ་སྒང་དགེ་འདུན།
ནམ་རྒྱུན་ང་རང་ཚོའི་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་བློ་འཛིན་དང་འཆད་ཉན། གཞུང་དོན་ལག་ལེན་དངོས་ཞུགས་བྱེད་བཞིན་པའི་བོད་པའི་ལྷ་རྗེ་རྒན་གཞོན་རྣམ་པ་ཚོ་གནད་འགག་དུས་སུ་དམིགས་བསལ་འབུར་དུ་ཐོན་དགོས་པ་ཞིག་ཆགས་ཡོད། ཡིན་ནའང་བསམ་ཡུལ་ལས་འདས་པ་ཞིག་ལ། ད་རེས་རྒྱ་ནད་ཏོག་དབྱིབས་རིམས་ནད་ཀྱིས་འཛམ་གླིང་མི་མང་དཀའ་ངལ་དང་། དངངས་སྐྲག་གི་གནས་སུ་གྱར་བའི་སྐབས་སུ་དམ་པ་གོང་མའི་རྣམ་དཔྱོད་གཞིར་བཞག་གིས་ད་ལྟའི་མི་རབས་འདིས་ཀྱང་རང་ནུས་ཡོད་དགུ་བཏོན་ཏེ། ངན་པས་རང་བསྟོད་དང་། ཁྭ་ཏས་སྒྲོ་བསྟོད་དུ་མ་སོང་བར་ཕྱི་ནང་ཀུན་ལ་གསལ་ཐང་ཐང་གི་ནད་སྔོན་འགོག་གི་ཐབས་ལམ་དང་། བཅོས་ཐབས་སོགས་གཞན་གྱིས་ངོས་ལེན་མ་བྱས་ཐབས་མེད་ཅིག་འདོན་པའི་དུས་ལ་བབས་ཀྱང་། དེ་འདྲ་ཐོན་རྒྱུ་ཕར་བཞག ནམ་རྒྱུན་རྒྱུད་བཞིའི་རྩ་ཚིག་ངག་སྐྱོར་བྱས་ཏེ། མང་ཚོགས་དཀྱུས་མར་མཁས་མདོག་སྟོན་མཁན་དག་གིས་ཀྱང་། ད་རེས་རང་ཉིད་ཀྱི་རྣམ་དཔྱོད་འདོན་རྒྱུ་ཕར་བཞག ནམ་རྒྱུན་ངག་ཏུ་སྐྱོར་བཞིན་པའི་རྒྱུད་ཚིག་ལས་ཏོག་དབྱིབས་ནད་དང་མཚུངས་པའི་ཤཽ་ལོ་ཀ་གཅིག་ཀྱང་ངག་སྐྱོར་བྱེད་མ་ཐུབ་པ་ལྟ་བུ་ཆགས་ཀྱི་ཡོད། ཡིན་ནའང་སྐབས་འཚོལ་བ་དག་ཡར་རྒྱུག་མར་རྒྱུག་བྱེད་ཀྱི་འདུག
དངོས་གནས་བཤད་ན་འདི་འདྲའི་སྐབས་སུ་རང་གི་རྣམ་དཔྱོད་ཀྱི་རྩལ་འདོན་ཐུབ་ན་ཕུན་སུམ་ཚོགས་པ་རེད། དེ་འདྲ་མ་ཐུབ་ནའང་དམ་པ་གོང་མས་གསུངས་ཟིན་པའི་གཞུང་ལུགས་དགོངས་དོན་གཞིར་བཞག་གིས་གཞན་གྱིས་ཁས་མི་ལེན་ཐབས་མེད་ཀྱི་ནུས་པ་བཏོན་ཏེ་མདུན་མཆོངས་རྒྱག་ཐུབ་པ་ཞིག་བྱུང་ན། རྟག་པར་ང་ཚོས་བོད་སྨན་ཡག་རབ་རྒྱན་རབ་རྐྱང་བཤད་དེ། གསལ་བསྒྲགས་ཀྱི་རྣམ་པ་རྐྱང་བྱེད་མི་དགོས་པར་ཁ་བཤད་དོན་ལ་གནས་ཐུབ་པ་བྱུང་བ་རེད། དེ་མ་གཏོགས་ང་ཚོའི་ནང་ཁུལ་དུ་བསྟོད་པ་བྱས་ཏེ་སྡོད་པ་ཙམ་ལས་གཞན་གྱིས་གཙུག་མཐོང་བྱེད་མི་སྲིད། བོད་ཕྱི་ནང་གཉིས་སུ་ང་རང་ཚོ་བོད་ཀྱི་གསོ་བ་རིག་པའི་རྒྱུད་འཛིན་པའི་ཁྲོད་དུ་བོད་སྨན་ལག་བསྟར་གྱིས་ཏོག་དབྱིབས་ནད་གཞི་གསོ་བཅོས་འབུར་ཐོན་ཅིག་ད་ལྟ་བར་དུ་བྱུང་མེད་པ་དང་། ད་དུང་རྗེས་སུའང་འབྱུང་མིན་ཐེ་ཚོམ་དུ་གྱུར། ང་ཚོར་ལག་པ་ཕྱིས་སྟངས་ཤིག་ཡོད། གཞན་བསྟུན་ཏེ་བོད་ནས་རྒྱ་ནག་གཞུང་ལ་བསྟུན་དགོས་པ་དང་། བཙན་བྱོལ་ཁྲོད་ནས་རྒྱ་གར་གཞུང་ལ་བསྟུན་དགོས་པ་རེད་ཅེས་པ་དེ་རེད། སྔ་མ་དེ་རང་ཉིད་ཀྱིས་འཇོན་ན་བོད་སྨན་ལག་བསྟར་བྱེད་པར་ཕྱི་མ་ལས་ཅུང་ཙམ་ཐོབ་དབང་ཆེ་བ་ཡོད་པ་རེད། ཕྱི་མ་དེ་དངོས་གནས་གཞན་དབང་སྟབས་བསྟུན་ཡིན། ནུས་པ་ཐོན་པའི་དབང་དུ་བཏང་ན་ཡང་ང་ཚོ་སྐྱབས་བཅོལ་བ་ཞིག་ཡིན་པས་གནས་ཡུལ་གཞུང་གིས་བཀའ་ཁྲོལ་གནང་མི་སྲིད།
དེར་བརྟེན་ང་ཚོ་སྐྱབས་བཅོལ་བའི་ཁྲོད་དུ་ལག་ལེན་བསྟར་བའི་ཐོབ་དབང་ཧ་ཅང་དབེན། ཡིན་ནའང་གནས་ཡུལ་དེ་དང་མཐུན་པའི་ནད་ཀྱི་རྒྱུ་རྐྱེན་དང་བཅོས་ཐབས་ངོ་སྤྲོད་ཡིད་ཚིམ་ཞིག་སྨན་པ་རྒན་དར་གཞོན་གསུམ་ཚང་མས་གནང་དགོས་པ་ཞིག་ཆགས་ཡོད་ཀྱང་། སྐུའི་བླ་སྨན་རྣམ་གཉིས་ཀྱིས་སྔོན་འགོག་ལམ་སྟོན་ཞིག་གནང་བ་དང་། ལྷག་པར་སྐུའི་བླ་སྨན་ཚེ་དབང་རྟ་མགྲིན་མཆོག་གིས་བོད་ཀྱི་གསོ་བ་རིག་པའི་ཐད་ནས་འགྲེལ་བརྗོད་ཡག་ཐག་ཆོད་ཅིག་གནང་ཡོད། འོན་ཀྱང་། གལ་ཏེ་ནུས་པ་ཐོན་པའི་དབང་དུ་བཏང་ནའང་ང་ཚོའི་གནས་ཚང་རྒྱལ་ཁབ་ཀྱིས་ཆོག་མཆན་ཆ་ཚང་བ་ཞིག་མི་གནང་ལ། གནང་བའི་དབང་དུ་བྱས་ནའང་ཚད་བཀག་རང་བཞིན་ཅན་ལས་གནང་མི་སྲིད། དེར་བརྟེན་ནུས་པ་འདོན་རྒྱུ་ཧ་ཅང་ཁག་པོ་རེད། ཡིན་ནའང་ཁོང་གིས་ཕྱིས་འགྱོད་མེད་པའི་བཀའ་སློབ་གསུང་གནང་ཟིན་པ་དང་། གཞན་སྨན་རམས་པ་རྣམ་རྒྱལ་ཁྱུ་གསར་ལགས་ཀྱིས་ཏོག་དབྱིབས་རིམས་ནད་རླུང་གི་མཚན་ཉིད་དྲུག་དང་སྦྱར་ནས་རྩོམ་ཐུང་ཞིག་བརྩམས་གནང་འདུག་པར་མདོར་བསྡུས་ན། རིམས་ནད་དེ་ལ་རླུང་ནད་ཀྱི་རང་བཞིན་ལྡན་པ་བསྟན་པར་དེ་ཡང་ཧ་ཅང་དཔྱད་བྱའི་ཡུལ་དུ་གྱུར། ང་ཚོའི་བཙན་བྱོལ་ཁྲོད་དུ་བོད་ཀྱི་གསོ་བ་རིག་པའི་སྨན་པ་གཞན་མང་པོ་ཞིག་གིས་རིམས་ནད་ཀྱི་རྒྱུ་རྐྱེན་བཅོས་ཐབས་སོགས་ཀྱི་སྐོར་ལ་ཡིད་ཆེས་དང་དཔྱད་བསྡུར་སོགས་བྱེད་འོས་པའི་ཚད་ལྡན་རྩོམ་ཡིག་དང་བཀའ་མོལ་གཅིག་ཀྱང་སྤེལ་ཐུབ་མེད་པ་དེ་ང་ཚོའི་ཕམ་ཁ་ཞིག་ལ་ངོས་འཛིན་མི་བྱེད་ཐུ་མེད་རེད།
སྨན་པ་འབུམ་རམས་པ་ཞེས་སོགས་མིང་ཆེན་པོ་ཅན་མང་པོ་ཞིག་འདུག་ཀྱང་དེ་དག་གི་ཁྲོད་ནས་གླེང་གཞི་འོས་པའི་རྩོམ་ཡིག་མཐོང་རྒྱུ་དཀོན་པོ་བྱུང་བ་དེ་ནི་རིམ་གྱིས་གསོ་བ་རིག་པའི་གཞུང་ལ་ཆེད་སྦྱོང་བའི་རྒྱུ་སྤུས་ཇེ་ཞན་དུ་འགྲོ་བཞིན་པའི་རྟགས་མཚན་རེད། མ་འོངས་པར་འདིའི་ཐད་ལའང་བསམ་བློ་གཏོང་ཡུལ་ཞིག་ཆགས་ཀྱི་འདུག་སྙམ། གནད་འགག་གི་སྐབས་སུ་རྣམ་དཔྱོད་ཁྱད་པར་བ་གང་ཡང་འདོན་རྒྱུ་མེད་པའི་སྨན་རམས་པ་དང་འབུམ་རམས་པའི་མིང་སྐམ་ཐོག་པ་ཙམ་དུ་གྱུར་ན། མ་འོངས་པར་ང་ཚོའི་བོད་ཀྱི་གསོ་བ་རིག་པ་འདི་ཡང་དབྱིན་སྐད་དུ་(dead language)ཟེར་བ་ལྟར་བེད་མེད་ཀྱི་རིག་གཞུང་ཞིག་ཏུ་མི་འགྱུར་བའི་ངེས་པ་མེད་པས། ང་ཚོའི་བོད་སྨན་འདི་ལ་ནུས་པ་གང་འཚམས་ཐོན་གྱི་ཡོད་པ་དེ་སྨན་པ་ཚད་ལྡན་གཅིག་དང་གཉིས་ཀྱིས་ཡར་བཅགས་བསྡད་ཡོད་པ་ལས་གཞན་མར་ཟག་ཆོག་ཆོག་ཅིག་ལ་གནས་འདུག་པས། ངེས་པར་ཏུ་བོད་ཀྱི་གསོ་རིག་སྦྱོང་མཁན་ཚོས་རིག་པ་སྒྲིམ་དགོས་པའི་དུས་ལ་བབས་འདུག ། ཅེས་གཡུ་སྒང་དགེ་འདུན་གྱིས་ ༢༠༢༠། ༠༤། ༢༠ ཉིན་བྲིས།
སྐྱེས་ས་ཀླུ་སྒྲུབ་ཟེར་བ་དང་། གཡུ་སྒང་དགེ་འདུན་ཟེར་བ་དེ་ཚོ། དྲ་ལམ་དུ་དོད་ནས་མི་ལ་གདོང་པ་བསྟན་ཡོང་བ་དཔེ་རེད། ད་དུང་གཅིག་བཤད་ཁུལ་བྱེད་ཡོང་དུས། ང་ཧང་སོང་གིན་འདུག ཞོར་དུ་ད་དུང་རྔ་བའི་རྩོམ་པ་པོ་འདས་པོ་སྐད་གྲགས་ཅན་དེ་ཚོ་ལ་ཕངས་སེམས་ཧ་ཅང་སྐྱེ་གི་འདུག
སྨན་དེ་ནད་བཅོས་ཐུབ་མིན་གཙོ་བོར་ལྟོས་པ་ལས། རིག་གཞུང་དང་། རིག་གཞུང་ཏིང་ཟབ་ལོས་ལ་འབྲེལ་བ་མེད། ནད་བཅོས་ཐུབ་མཁན་གྱི་སྨན་གཞུང་ཞིག་ཡིན་ན། རིག་གཞུང་ཏིང་ཟབ་ལོས་དེ་ལ་ཚད་འཇལ་དགོས། སྨན་གྱིས་ནད་བཅོས་མ་ཐུབ་ན། དེ་སུས་གསུངས་ཀྱང་ཕན་མེད་རེད།
ནད་ངོ་ཟིན་ན་སྨན་ཡང་ཡོད།
ནད་ངོ་མ་ཟིན་སྨན་ཡང་མེད།
ནད་རིགས་བཞི་བརྒྱ་རྩ་བཞི་ལ་མ་འདུས་པའི་ཀོ་ཝིད་༡༩་
དེ་ནི་རྒྱ་འདྲེའི་བཏང་བའི་ནད་འཐུ་མ་རེད་དམ?
མཆན་འགོད་རྣམ་པ་ཚོས་རང་རང་གི་བསམ་ཚུལ་བརྗོད་པར་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་མཆན་འགོད་པ་གཞུང་པ་ཚེ་དབང་བསིད་ནམས་ལགས་ཀྱིས་ནད་རིགས་བཞི་བརྒྱ་རྩ་བཞི་ལ་མ་འདུས་པའི་ཀོ་ཝིད་ ༡༩ (covid 19)ཞེས་གསུངས་པར་རྒྱུད་དོན་ལྟར་ན། ནད་ཀྱི་གྲངས་བཞི་བརྩ་བཞི་ལས་མང་བ་ཡོད་པ་ཕྱོགས་སྟོན་ཙམ་དུ་མདོར་བསྡུས་ཤིག་ཞུས་ན།
ཉེས་པ་གཙོ་བོ་རིགས་གནས་བཞིར་རེ་རེ་ལ་བརྒྱ་རྩ་གཅིག་རེ་དབྱེ་སྟེ་བཞི་བརྒྱ་རྩ་བཞི་དང་། དེ་དག་རེ་རེ་ལ་གཞན་དབང་སྔོན་ལས་ཀྱི་ནད་དང་། ཀུན་བརྟགས་གདོན་གྱི་ནད། ཡོངས་གྲུབ་ཚེ་ནད། ལྟར་སྣང་འཁྲུལ་ནད་བཅས་བཞིའི་ནང་གི་ནད་རེ་རེར་གོང་འཁོད་བཞི་བརྒྱ་རྩ་བཞི་རེ་རེ་སྦྱར་བ་བསྡོམས་ཆིག་སྟོང་དྲུག་བརྒྱ་བཅུ་དྲུག་ཏུ་དབྱེ་བ་དང་། དེ་ལས་རིམ་བཞིན་དབྱེ་ན་དུང་ཕྱུར་གཉིས་དང་ས་ཡ་བཞི་འབུམ་ཕྲག་བརྒྱད་དྲུག་ཁྲི་ཆིག་སྟོང་ཉིས་བརྒྱ་ཉེར་ལྔ། དེ་རེ་རེ་ཡང་ནད་ཀྱི་མཚན་ཉིད་ཉི་ཤུ་དང་ལྡན་པས་ན་ཐེར་འབུམ་བཞི་དང་བྱེ་བ་དགུ་ས་ཡ་བདུན་ཉིས་འབུམ་ཉིས་ཁྲི་བཞི་སྟོང་ལྔ་བརྒྱ་འབྱུང་བར་གསུངས་ཡོད་པ་རེད། ཞིབ་པ་དེ་ལས་ཀྱང་མང་བ་ཡོད་པས་(covid 19)ཡང་ང་ཚོས་མ་ཤེས་པ་ཙམ་ལས་རྣམ་གྲངས་དེ་དག་གི་ཁྲོད་ན་མེད་པའི་ངེས་པ་མེད་པར་འདོད།
གསལ་བཤད་གནང་བ་བཀྲིན་ཆེ་ཐུགས་རྗེ་ཆེ་ཀོ་ཝིད་༡༩་ཡང་ང་ཚོས་མ་ཤེས་པ་ཙམ་ལས་རྣམ་གྲངས་དེ་དག་གི་ཁྲོད་ན་མེད་པའི་ངེས་པ་མེད་པར་འདོད་གསུང་འདུག་ན་བཙན་བྱོལ་བོད་མིའི་་གསོ་བ་རིག་པའི་དཔུང་སྡེ་ནས་ཀོ་ཝིད་་༡༩་ཏོག་དབྱིབས་དེ་ནད་ལ་ངོས་འཛིན་གནང་གི་ཡོད་ན་ནད་དེ་ལ་ཕན་པའི་སྨན་བཟོ་དགོས་པ་ནི་ནད་ངོ་ཟིན་ན་སྨན་ངོ་འཕྲོད་ཟེར་བའི་དཔེ་ལྟར་རོ།