ཨེ་མ་ཧོ།
ཀ་ཡེ་བློ་མཐུན་ལྷག་བསམ་དཀར་བ་ཁྱེད། །
ཁ་བ་རི་བོའི་རིག་པའི་སྒྱུ་རྩལ་མཁན། །
ག་བུར་སྨན་མཆོག་ཇི་བཞིན་ཞི་བསིལ་དཔལ། །
ང་ཚོའི་རྒྱན་ཏུ་འཆར་བ་ཡིད་རེ་དགའ། །
ཅ་ཅོའི་སྨྲ་བ་ཉུང་ཞིང་སྙན་ངག་བཞད། །
ཆ་ལུགས་མེས་པོའི་ཆོས་ལ་དུང་བ་ཟབ། །
ཇ་ཆང་སྒྱུ་མའི་ནོར་ལ་ཆོག་ཤེས་ཅན། །
ཉ་རྒྱས་ཟླ་ལྟར་མངོན་པའི་སྨན་བླ་སྐྱབས། །
ཏཱ་ར་མཆོག་གསུམ་ལྷ་ལ་དད་གུས་དང་། །
ཐ་སྙད་སྒྱུ་རྩལ་ལམ་ནས་འཚོ་བ་བསྐྱལ། །
ད་ལྟའི་དུས་རབས་གསར་བའི་སྙན་ངག་པ། །
ན་གཞོན་ཁ་ཤག་མཁན་པོ་ཡི་གར་འོང་། །
པ་སངས་ལྟར་དཀར་ཁ་བཏགས་ཁ་བའི་ཁྲོད། །
ཕ་རོལ་སྤྲོ་སེམས་འཁོར་བའི་དགོང་ཚོགས་སུ། །
བ་དན་དཀར་པོའི་ལེགས་སྐྱེས་སྤེལ་མཁས་པས། །
མ་སྨད་བསོད་ནམས་བསགས་པར་རྗེས་ཡི་རང་། །
ཙ་རི་མངའ་རིའི་སྐོར་གསུམ་མན་ཆད་དང་། །
ཚ་རོང་རྒྱལ་མོ་དངུལ་རྡོ་ཡན་ཆོད་ཀྱི། །
ཛཱ་ཡའི་བསྟན་པར་ཞུགས་པའི་གངས་ཅན་རྣམས། །
ཝ་ལེར་དགའ་སྟོན་བྲེལ་བ་ཁྱོད་ཀྱི་དཔལ། །
ཞྭ་རིགས་སྣ་ཚོགས་གྱོན་པའི་ཁྲོམ་ཚོགས་དཀྱིལ། །
ཟ་འོག་རྒྱན་གོས་གསོལ་བའི་གླུ་གར་འཁན། །
འ་ཅག་སྲོལ་རྒྱུན་དུང་བའི་སྤུན་ཟླ་རྣམས། །
ཡ་མཚན་དགའ་སྐྱིད་སྣང་བའི་སྤྲོ་བ་བརྟས། །
ར་རི་བྲལ་བའི་བཀའ་དྲིན་ཆེ་སྨོན་ཚིག །
ལ་རྒྱའི་དྲང་སྲོང་དྲིན་བཟོའི་བདེན་པའི་གཏམ། །
ཤ་ཚ་སྙིང་ཉེའི་གྲོགས་ལ་འཁྱུད་པ་དག །
ས་སྟེང་མི་རིགས་ཀུན་བཟང་ཁྱད་པར་སྟོན། །
ཧ་ཅང་ཤར་ནུབ་ས་ཐག་རིང་ན་ཡང་། །
ཨ་མའི་བུ་རབ་ཟློས་གར་བསྒྱུར་མཐོང་ནས། །
ཨི་ལྡན་དབྱངས་གསལ་རྒྱུད་མང་སྲོལ་མཁས་པའི། །
ཨུ་རྒྱན་རིག་འཛིན་བརྒྱུད་པས་སྲུང་བར་སྨོན། །
ཨེ་མ་ཧོ་ཡང་དགའ་སྐྱོའི་མིག་ཟུང་གྱེར། །
ཨོ་ཡ་བསྭོ་གླུའི་འགྱུར་ཁུར་རྣ་བས་མཉན། །
ཡིད་མཐུན་ལྷན་འཛོམས་ཡོང་བའི་སྨོན་འདུན་གྱིས། །
བཀྲ་ཤིས་བདེ་ལེགས་ཕུན་ཚོགས་ཀུན་ལ་འབུལ། །
ཞེས་པའང་རབ་རྒྱན་ཆུ་སྦྲུལ་དབོ་ཟླའི་ལེགས་པ་བརྒྱད་འཛོམས་ཀྱི་ཟས་ཀྱི་ཐུན་མཚམས་སུ་འཛམ་གླིང་ཡང་རྩེ་ནས་ཤར་བའི་གསེར་གྱི་སྐར་མའི་ཁྲ་ཚོམ་གྱི་དགོང་ཚོགས་སྐོར་རྣམས་ཚངས་དབྱངས་དྲ་བ་ལས་བལྟ་ཞོར་དུ་གང་དྲན་དག་སྐུ་ཞབས་སྨན་བླ་སྐྱབས་ལ་དྲི་མེད་ཁ་བཏགས་དཀར་པོ་ཞིག་ཚབ་ཏུ་ཤྲྰི་ཨ་ནནྟ་བཛྲའི་ཆོས་ཚོགས་ནས་རིག་འཛིན་བླ་མ་དཔལ་དགྱེས་པ་རྡོ་རྗེས་སྤྲིངས་པ་དགེའོ།། །།
ཧཧཧ ཡང་ཞབས་བརྟན་ཅིག
འདི་ནི་ཞབས་བརྟན་ཅང་ཡིན་མིན་མི་ཤེས་ཀྱང་་་་བསྟོད་པ་ཐེབ་ཆག་ཅིག་ལ་འགྲོ་འདོད་ཁ་བོ་རེད་ཤག
ཞབས་བརྟན་ཡིན་ན་བསྟོད་པ་མ་ཡིན་མི་དགོས་ཀྱང་བསྟོད་པ་ཡིན་ན་ཞབས་བརྟན་མ་ཡིན་དེ་བས་མི་དགོས་གང་ལྟར་གཉིས་ཆ་ལ་བཞག་ན་འགྲིག་ས་རེད་