ཧོར་གཙང་འཇིགས་མེད།
གངས་རིའི་ཞིང་ལ་བརྩེ་བའི་སྙིང་ཉེ་བ། ། དུང་གི་མདོག་ཅན་འཕགས་མཆོག་སྙིང་རྗེའི་ལྷ། །
ལས་ཉོན་ཤུགས་ཀྱིས་འཕངས་པའི་བར་སྲིད་པ། ། དཀར་འོད་ལམ་དུ་འདྲེན་པའི་དུས་ལ་བབ། །
དགོས་པའི་དངོས་པོ་ལག་པས་མི་ཟིན་ཅིང་། ། མི་འདོད་ཆག་སྒོས་ཐར་བར་མི་གཏོང་བ། །
མི་ཡི་ལུས་འདི་གདུང་བའི་འབེན་ཡིན་ཏེ། ། སེམས་ཀྱི་འོད་འདི་ཐར་བའི་ལམ་དུ་གྲགས། །
དགའ་སྐྱིད་ལོངས་སྤྱོད་ཐོབ་ཀྱང་མ་ཐོབ་རུང་། ། ཕྱི་མའི་ཞིང་ལ་འགྲོ་འདོད་ཡོད་མེད་ཀྱང་། །
གཞན་དབང་ལྕགས་ཀྱུས་གཅུན་པའི་ཉ་མོ་བཞིན། ། དབང་མེད་ཤུགས་ཀྱིས་འདེད་པ་འུ་ཚོའི་ལས། །
མི་དགེའི་ལས་ལམ་ནག་པོར་མ་ཞུགས་ཤིང་། ། ཀུན་སྤྱོག་བག་ཡོད་ས་ལ་གནས་གྱུར་ན། །
བདེ་སྣང་ལྡན་པའི་ལམ་ཞིག་ཡོད་དོ་སྐད། ། གང་ཉིད་ལམ་དེར་འཇུག་པར་སྙིང་ནས་སྨོན། །
རྒྱ་ནག་ཡུལ་གྱི་གྲོག་མའི་མི་ཚོགས་དང་། ། རྒྱ་གར་ཞིང་གི་རྩྭ་མིའི་ཚོགས་འགུལ་བ། །
སྐྱེས་ནས་འཆི་ལ་ཐུག་གི་མི་ཚེའི་ལམ། ། ཁ་ཟས་རག་ཙམ་གྲོད་ཁོག་འགྲང་ཙམ་ཡིན། །
གང་ཉིད་ལྷ་ལྡན་ཉི་མའི་གྲོང་དུ་འཁྲུངས། ། ཆེ་བའི་ཁྱིམ་དང་མཐོན་པོའི་རྒྱུད་དུ་བྱོན། །
ཚེ་ཡི་རིག་བྱེད་ཚེ་དང་སྙོམས་པར་སྤྱད། ། སྐལ་བཟང་འདི་འདྲ་ཐོབ་མཁན་ཉུང་ཉུང་ཡིན། །
རིགས་རུས་མཐོ་བས་ཁེངས་དྲེགས་མི་མངའ་ཞིང་། ། ལོངས་སྤྱོད་འཛོམས་པས་འཕྱར་བ་མི་འཛིན་པར། །
གཏམ་སྤྱོད་མཁས་ཤིང་སྒམ་བརླིང་མི་གཤིས་ཀྱིས། ། བག་ཡོད་ཞི་བདེའི་ལམ་བུ་དང་དུ་བླངས། །
ཉིན་དང་མཚན་མོ་གསོ་བྱེད་གཞུང་ལ་བརྡར། ། ཚེ་ཡི་ཉག་ཐག་སློབ་མའི་སེམས་ལ་བསྟིམས། །
ཐུགས་ཀྱི་འདུན་པ་གངས་དཀར་རི་བོར་བཅོལ། ། མཛེས་སྡུག་འོད་ཀྱིས་བཞུད་པའི་བཤུལ་ལམ་ཆེ། །
བསམ་པ་བཟང་བོས་ཁོར་ཡུག་ནེམ་གྱིས་འཛིན། ། སྦྱོར་བ་འཇམ་པས་དང་བ་ངང་གིས་འཕེལ། །
བཏང་སྙོམས་སྤྱོད་པས་དབུ་མའི་ལམ་བསྟེན་ཏེ། ། དམུ་རྒོད་ཐབས་ཀྱིས་སྐྱོང་བའི་དབུ་ཁྲིད་གཅིག །
སེམས་ཀྱི་ན་ཟུག་མིག་གིས་མི་མཐོང་ཞིང་། ། ཁེར་རྐྱང་འབོད་པ་རྣ་བས་མི་ཐོས་ཀྱང་། །
བགྲོད་པར་དཀའ་བ་ཀྱག་ཀྱོག་མི་ཚེའི་ལམ། ། འཕྲོད་བསྟེན་མེ་ཏོག་ཟོས་པའི་འབུ་སྲིན་ཡིན། །
སྔོན་གྱི་ལས་ལ་འགྲེལ་བཤད་མི་ཕོག་ཀྱང་། ། འཕྲལ་རྐྱེན་ངན་པས་གློ་བུར་འཇབ་རྒོལ་ཏེ། །
ཚེ་སྲོག་སྡོང་བོ་འགྱེལ་བའི་མྱ་ངན་ལས། ། འུ་ཅག་ཀུན་ལ་ཀྱལ་ཀའི་ཚུན་གྱིས་བཀལ། །
ཡུས་ཀྱི་ངོ་སོས་སྐྱོབ་ཏུ་མི་མངའ་ཞིང་། ། འཁང་རའི་ར་མདས་གང་ལའང་མི་སྙོབས་པས། །
ཚེ་དང་སྙོམས་པོར་བགྱིས་པའི་དགེ་ཚོགས་ཀྱིས། ། དལ་བརྒྱད་འབྱོར་བཅུའི་རྟེན་ཞིག་སྙེག་པར་ཞུ། །
ཚོགས་སྦྱོར་ས་ལ་གནས་པའི་སེམས་དཔའ་ཆེ། ། བདག་ཅག་བོད་འབངས་སྐྱོབས་པའི་དྲིན་པོ་ཆེ། །
ཁྱེད་ཀྱིས་ཡང་ཡང་མཇལ་བའི་བླ་མ་ལ། ། ཤུགས་དྲག་གསོལ་འདེབས་ཀྱིས་ཤིག་བདག་གི་གྲོགས། །
གཡོ་ཇུས་ཐབས་ཀྱིས་སྤྱི་ཚོགས་མ་དཀྲུགས་ཤིང་། ། གདུག་རྩུབ་ལག་པས་ཚེ་སྲོག་མ་བྲེགས་པར། །
ཡ་རབས་དགེ་བཅུའི་ཆོས་ལ་གནས་བྱས་པས། ། མི་བཟད་དམྱལ་བའི་ཁམས་ལ་ཇི་ལྟར་ལྟུང་། །
མདོར་ན་ནུས་མེད་ལོངས་པ་བརྡོལ་བའི་ཁྱུར། ། རིག་ཤེས་མིག་གི་དབང་བོ་བྱིན་པའི་འབྲས། །
བྱང་ཆེན་ཞི་བའི་དབྱིངས་དང་འདྲེས་གྱུར་ཏེ། ། འཇིགས་སྐྲག་བར་ཆད་མཚན་མ་ཞི་བར་ཤོག །
ཤིན་ཏུ་དབུལ་ཕོངས་མུ་གེས་མནར་བའི་སྐབས། ། ཟས་ཀྱིས་བསྐྱངས་ཤིང་གསུང་གིས་དབུགས་དབྱུང་བ། །
བཀའ་དྲིན་ཆེའོ་བདག་གི་ལས་ཀྱིས་གྲོགས། ། ཚེ་རབས་ཀུན་ཏུ་ཡང་ཡང་མཇལ་བར་སྨོན། །
བདུན་ཕྲག་རེ་ཟུང་གི་གོང་ལ་མི་ཁ་ཤས་ཀྱིས་སྨན་དགེ་བསྟན་པ་ཆོས་འཕེལ་ལགས་ལ་ཐང་ག་ཞིག་སྟོན་གྱིན་འདུག་པ་སོགས་གནས་ཚུལ་རབ་རིབ་སབ་སིབ་ཅིག་མིག་ལམ་དུ་མངོན་བྱུང་ཡང་རྒྱུས་ལོན་ཞིབ་ཚགས་བྱེད་ལོངས་མ་བྱུང་མོད། དྲ་བརྙན་དེའི་ནང་དུ་ཁོང་གི་སྐུ་གཟུགས་ཆེས་ཤིན་ཏུ་སྐྱོ་བོ་ཆགས་ནས་ཧ་ལམ་ཞལ་རས་ཀྱང་ངོས་འཛིན་བྱེད་མི་ཐུབ་པ་ལྟ་བུར་གྱུར་འདུག་པ་མཐོང་ནས་སེམས་ལ་ཚོར་མ་སྐྱིད་ཆེན་པོ་ཞིག་བྱུང་ཞིང་། ཉིན་ཁ་ཤས་ཀྱི་རིང་ལ་ཁོང་གི་སྐོར་མང་བོ་སེམས་ལ་འཁོར་ནས་བསྡད་སོང་།
དེ་རིང་ཉིན་གུང་ཙམ་ལ་དྲ་འབྲེལ་ཡོད་མཁན་ཁག་ཅིག་གི་ངོ་དེབ་ཏུ་སྐུ་ཞབས་བསྟན་པ་ཆོས་འཕེལ་མཆོག་སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཡིད་དུ་མི་འོང་བ་མིག་ལམ་དུ་སྨིན་བྱུང་བས་སེམས་ལ་ན་ཟུག་དང་སྐྱོ་སྣང་དཔག་མེད་བྱུང་ཞིང་། ཅི་ཡིན་འདི་ཡིན་མེད་པའི་ངང་ལ་ཉིན་གང་བོའི་ལས་ཀའི་ཞོར་དུ་མ་ཎི་གང་འཚམ་ཞིག་བགྲང་གིན་བསྡད་པ་ཡིན། དེ་ལས་གཞན་པའི་ཐབས་དང་ནུས་པ་གང་ཡང་མ་རྙེད་ཀྱང་། ཞིབ་ཏུ་བསམས་ན་ཁོང་གིས་ལོ་ངོ་བཅུ་ཕྲག་དུ་མའི་རིང་ལྷག་བསམ་རྣམ་དག་དང་ཉེ་རིང་ཕྱོགས་རིས་མེད་པའི་སྒོ་ནས་སློབ་ཕྲུག་བརྒྱ་ཕྲག་དུ་མ་ཞིག་སྐྱེད་སྲིང་གནང་བའི་བཀའ་དྲིན་ལས། ཆེ་ས་ནས་ཁོང་གི་སློབ་མར་གྱུར་པ་དེ་དག་གིས་ཉི་མ་རེ་རེ་བཞིན་འགྲོ་མིའི་སྤྱི་ཚོགས་ཀྱི་ཁོར་ཡུག་མ་འདྲ་བ་ན་མིའི་ཚེ་སྲོག་སྐྱོབ་ཐབས་དང་། མིའི་བདེ་ཐང་གི་ཆེད་དུ་དགེ་བའི་ལས་མང་དག་ཅིག་བསགས་དང་གསོག་གིན་ཡོད་པའི་དགེ་རྩ་དང་། ཆེས་ཆུང་ས་ཞིག་ནས་བལྟས་ཀྱང་ཁོང་གི་སློབ་མ་མང་ཤོས་ཀྱིས་གསོ་བྱེད་ལ་སྦྱངས་པའི་སྟོབས་ཀྱིས་སྤྱི་ཚོགས་ཐོག་གི་མི་ཕལ་མོ་ཆེ་ནང་བཞིན་ཤུགས་ལས་དང་ཁེ་ཉེན་ཆེ་བའི་ལས་ཀ་རྩུབ་པོའི་རིགས་ལ་འཇུག་མི་དགོས་པར་ཞི་བདེ་དང་བག་ཕེབས་ཀྱི་ངང་སྐྱེ་བོ་གཞན་གྱི་ལུས་སེམས་ལ་ཕོག་པའི་དཀའ་ངལ་སེལ་རོགས་དང་རང་རང་གི་ཁྱིམ་ཐབས་འཚོ་གནས་ལ་སེམས་ཁྲལ་དེ་ཙམ་མི་དགོས་པ་ཆགས་པའི་དགེ་རྩ་ལ་བརྟེན་ནས་བདེ་འགྲོ་ལྷ་དང་མི་ཡི་སྐྱེ་བ་བཟང་བོ་ཞིག་ལེན་ཐུབ་པའི་གསོལ་འདེབས་སྨོན་ལམ་ཞུ་བཞིན་ཡོད།
འགྲོ་ཕན་སྨན་རྩིས་ཁང་ནི་བདག་གི་བཙན་བྱོལ་གྱི་མི་ལོ་སུམ་ཅུའི་གོམ་བགྲོད་ཐོག་མ་སྤོ་ས་དེ་ཡིན་པས་བདག་ལ་བཀའ་དྲིན་ཆེན་པོ་ཡིན་ཞིང་། སྐབས་དེའི་བོད་གཞུང་སྨན་རྩིས་ཁང་གི་དབུ་འཛིན་བཀའ་ཟུར་ཞེ་བོ་བློ་བཟང་དར་རྒྱས་མཆོག་གིས་བདག་ལ་སྨན་རྩིས་མཐོ་སློབ་ཁང་གི་རིག་དགེའི་ལས་གནས་གནངས་ཤིང་། སྐུའི་བླ་སྨན་ཞིང་གཤེགས་དམ་པ་སྐུ་ཞབས་བློ་བཟང་དབང་རྒྱལ་མཆོག་གིས་ཀྱང་དབུ་འཛིན་གྱི་ཐག་གཅོད་ལ་མཐུན་གྲོགས་མཛད་ཅིང་། ཁོང་སྐུ་སྒེར་ངོས་ནས་ཧིན་སྒོར་༥༠ དང་ཕྱུ་བ་ཁམས་སྨུག་ནང་ཤ་ཅན་ཞིག་གནངས་ནས་རྟེན་འབྲེལ་བསྒྲིགས་ཤིང་དབུགས་དབྱུང་མཛད་པའི་བཀའ་དྲིན་ནི་བདག་ལ་མཚོན་ན་བསམ་ཡུལ་ལས་འདས་པ་ཞིག་ཡིན་ལ། སྨན་རྩིས་མཐོ་སློབ་ཁང་གི་རིག་གནས་དགེ་རྒན་གྱི་ལས་གནས་སུ་ཞུགས་པ་ནས་སྐབས་དེའི་སློབ་སྤྱི་གཞོན་པ་དགེ་རྒན་བསྟན་པ་ཆོས་འཕེལ་ལགས་ཀྱིས་རྒྱུན་དུ་ཐུགས་ཁུར་དང་དཀའ་ངལ་སེལ་རོགས་གནང་བ་བཅས་ཁོང་རྣམ་པ་གསུམ་ནི་བདག་གི་མི་ཡུལ་གྱི་འཚོ་གནས་ལ་མྱུ་གུ་འབུས་པའི་གོ་སྐབས་གནང་མཁན་ཡིན་པས་བདག་ལ་བཀའ་དྲིན་ཆེ་བའི་སྐྱེས་བུ་དེ་རྣམས་ལ་སྙིང་ཁུང་རུས་པའི་གཏིང་ནས་གུས་འདུད་དང་རྗེས་དྲན་ཞུ་བཞིན་ཡོད།
ལོ་ངོ་གསུམ་གྱི་རིང་ལས་གནས་གཅིག་ཏུ་བསྡད་ཅིང་བདག་དང་འབྲེལ་འདྲིས་ཟབ་པའི་དགེ་རྒན་བསྟན་པ་ཆོས་འཕེལ་ལགས་ནི། རང་བཞིན་བཟང་ཞིང་གཟབ་ནན་ཆེ་བ། གཏོང་ཕོད་ཆེ་ཞིང་བསམ་རྒྱ་ཡངས་པ། གསོ་རིག་གཞུང་ལུགས་དང་མན་ངག་ཐུན་མོང་དང་ཐུན་མོང་མ་ཡིན་པ་མང་དག་ཅིག་གི་ཕྱི་ནང་གསང་གསུམ་ལ་རྒྱུས་མངའ་ཟབ་ཅིང་མཁྱེན་རྒྱ་ཡངས་པའི་དགེ་རྒན་བཟང་བོ་ཞིག་ཡིན་ལ། ལས་གྲོགས་རྣམས་ལ་མཐུན་གཤིབ་མཁས་ཤིང་སློབ་ཕྲུག་རྣམས་ལ་ལྷག་བསམ་དཀར་བའི་ཕུལ་བྱུང་གི་དབུ་ཁྲིད་མི་སྣ་ཞིག་ཡིན།
ང་རང་གིས་དགེ་རྒན་བསྟན་པ་ཆོས་འཕེལ་ལགས་མཇལ་བའི་ཉིན་མོ་ནི། སྤྱི་ལོ་༡༩༩༣ ལོའིོ་ཟླ་༦ ཚེས་༡ ཉིན་ཡིན་ཞིང་། ཉིན་དེ་ནི་བདག་གིས་བོད་གཞུང་སྨན་རྩིས་མཐོ་སློབ་ཀྱི་རིག་དགེའི་ལས་འཁུར་ཞུས་པའི་ཉི་མ་དང་བོ་དེ་ཡིན། སྐབས་དེའི་སྨན་རྩིས་མཐོ་སློབ་ཁང་གི་དགེ་རྒན་བགྲེས་པ་བྲག་མཐོན་བྱམས་པ་རྒྱལ་མཚན་ལགས་དང། དགེ་རྒན་བློ་བཟང་ཆོས་འཕེལ་ལགས། དགེ་རྒན་མཁས་དབང་རག་རྡོ་སྤྲུལ་སྐུ་བློ་བཟང་བསྟན་འཛིན་ལགས། དགེ་རྒན་དང་སློབ་སྤྱི་གཞོན་པ་གཅིག་ལྕོགས་རྒན་བསྟན་པ་ཆོས་འཕེལ་ལགས་བཅས་རྣམ་པ་བཞི་བོ་ཡིག་ཚང་ཧ་ཅང་ཆུང་ཆུང་ཞིག་ཏུ་འཚང་ག་ལྟ་བུའི་ངང་བཞུགས་ནས་ཕྱག་ལས་གནང་བཞིན་འདུག་ཅིང་། ཁོང་ཅག་ལས་ལོ་ན་གཞོན་ཤོས་ཡིན་པའི་སྟབས་ཀྱིས་ཡིན་ནམ་སློབ་སྤྱི་གཞོན་པ་ཡིན་པའི་དགེ་རྒན་བསྟན་པ་ཆོས་འཕེལ་ལགས་ནི་སྒོ་འགྲམ་གྱི་མདུན་ཅོག་དེའི་སྟེང་དུ་ཕྱག་ལས་གནང་བཞིན་འདུག རྩིས་དགེ་བྱམས་པ་སྐལ་བཟང་ལགས་ཀྱང་སྐབས་དེའི་མཐོ་སློབ་སྐར་རྩིས་ཀྱི་དགེ་རྒན་ཡིན་ནའང་ཁོང་གི་ཡིག་ཚང་གང་ཞིག་ཏུ་ཡོད་པ་དྲན་ངོས་ན་མི་འདུག
ཉིན་དེར་སུ་ཞིག་གིས་བདག་སློབ་དགེའི་ཡིག་ཚང་དུ་ཁྲིད་དེ་དགེ་རྒན་བསྟན་པ་ཆོས་འཕེལ་ལགས་མཇལ་བྱུང་ལ། ཁོང་གིས་སྟོད་ཐུང་དཀར་བོ་སྟེང་ན་རྩིག་རིས་ཤུར་མོ་ཅན་ཕུ་ཐུང་རིང་བོ་མེད་པ་ཞིག་དང་དོར་མ་སྔོ་སྐྱ་ཞིག་གྱོན་ནས་བཞུགས་འདུག་པ་དེ་སྟབས་བདེ་ཞིང་བབ་ཆགས་པའི་སྣང་བ་སྤྲད་ཅིང་། ཁོང་གི་ཞལ་རས་ཀྱི་འཛུམ་མདངས་དང་མིག་གི་སྒམ་བརླིང་རྐྱ་འཐབ་པའི་ངང་ཚུལ་དེ་ད་ལྟའང་མིག་ལམ་ལ་འཆར་ནས་ཡོང་བ་ཞིག་འདུག
དགེ་རྒན་བསྟན་པ་ཆོས་འཕེལ་ལགས་ཀྱི་བསམ་ཤེས་དང་བསྟུན་མཁས་ཀྱི་ཀུན་སྤྱོད་བཟང་བོ་ལ་བརྟེན་ནས་དུས་ཡུན་ཐུང་ངུའི་ནང་ཁོང་དང་འདྲིས་པོ་ཆགས་ཤིང་། ཁོང་ཉིད་ཉིན་གུང་ཞལ་ལག་ལ་ཁྱིམ་དུ་ལོག་ཐབས་མེད་པ་དང་། ང་རང་ཡང་གཅིག་པུར་བསྡད་ཡོད་པས་ཉིན་གུང་གི་ཟ་མ་བཟོ་རྒྱུར་དུས་ཚོད་ཀྱིས་འདང་དཀའ་བའི་དབང་གིས་ཧ་ལམ་རེས་གཟའ་ཟླ་བ་ནས་པ་སངས་བར་གྱི་ལས་ཉིན་ལྔ་བོའི་རིང་ངེད་གཉིས་ཉིན་གུང་འཕན་པོའི་ཟ་ཁང་དུ་འགྲོ་བཞིན་ཡོད་ལ། རྒན་ལགས་ཀྱིས་ཉིན་རེ་བཞིན་འོ་ཇ་རྒྱ་མིའི་ཚ་དེམ་ཆུང་བ་གང་མངག་རྐྱང་གནང་སྲོལ་ཡོད། ཡ་མཚན་པ་ཞིག་ལ་རྒན་བསྟན་པ་ཆོས་འཕེལ་ལགས་ཀྱིས་ཉིན་གུང་གསོལ་ཇ་འཐུང་ཞོར་ལ་ཐ་མག་འཐེན་ནས་བཞུགས་པ་ལས་ཁ་ཟས་གང་ཡང་ཟ་བའི་ལུགས་སྲོལ་མི་འདུག ཡིན་ནའང་ངེད་གཉིས་ཀྱི་ཟས་རིན་འབབ་ཚད་རྒན་ལགས་ཀྱིས་ཨུ་ཚུགས་མཐར་སྐྱེལ་གྱིས་སྤྲོད་ཀྱིན་ཡོད་པ་དང་། ཁོང་གིས་གསང་སྟབས་ཀྱིས་ཟས་རིན་གནངས་ནས་ང་ལ་སྤྲོད་དུ་མི་འཇུག
གཅིག་བྱས་ན་བར་སྐབས་དེར་བདག་གི་ཟླ་རེའི་གླ་ཕོགས་ཧིན་སྒོར་༡༦༠༠ ཡིན་ཞིང་། དེའི་ནང་ནས་ཁང་དོད་སྒོར་༡༩༥ གཅོག་འཐེན་དང་། སྨན་དོད་དང་ལག་དེབ་ལྗང་གུའི་དཔྱ་ཁྲལ་སོགས་གཅོག་འཐེན་ཙག་ཙིག་དེ་དག་གི་ཤུལ་ན་ལག་ཏུ་འབབ་རྒྱུ་ཧིན་སྒོར་༡༢༠༠ ཙམ་ལས་མེད་པས། ཟླ་བ་རེའི་ཟླ་དཀྱིལ་དུ་སླེབས་མཚམས་ལག་དངུལ་ཆ་ཚང་རྫོགས་ནས་རྒན་བསྟན་པ་ཆོས་འཕེལ་ལགས་ལ་གཡར་རྐྱང་ཞུ་བཞིན་ཡོད་ཅིང་། ཟླ་མཇུག་གླ་ཕོགས་སྤྲད་པའི་ཉི་མོར་ཕར་ཁོང་ལ་བུ་ལོན་སྤྲོད་འཇལ་ཞུ་བཞིན་ཡོད་པ་སྟེ། ཚུར་གཡར་བ་དང་ཕར་སྐྱིན་ཚབ་སྤྲོད་གྲངས་མང་དྲགས་ནས་བྱིས་པའི་རྩེད་མོ་ལྟ་བུ་ཞིག་ཡིན་ཕྱིར་སེམས་ལ་མཚེར་སྣང་ཡང་ཡང་སྐྱེས་ཀྱང་དེ་ལས་གཞན་པའི་ཐབས་ཤེས་ཡག་པོ་གང་ཡང་རྙེད་ཐབས་མ་བྱུང་།
ད་དུང་གཟའ་མཇུག་ལྟ་བུ་མཚམས་ལན་རེར་རྒན་ལགས་དང་ཨ་མ་ལགས་རྣམ་པ་གཉིས་ཀྱིས་ཁྱིམ་ལ་སྐད་བཏང་ནས་ཁ་ཟས་ཧ་ཅང་ཡག་པོ་གནང་གིན་ཡོད་ལ། ཁོང་རྣམ་པ་གཉིས་ཀྱིས་བདག་བཟུང་གནང་བཞིན་པའི་དགའ་སྐྱིད་ཟ་ཁང་ཆུང་ཆུང་དེ་ཤ་མེད་ཟ་ཁང་ཡིན་ཕྱིར། དགོང་དྲོར་ཟ་ཁང་གི་སྒོ་བརྒྱབ་ཟིན་པའི་བརྡ་རྟགས་བཀལ་བའི་རྗེས་སུ་ཟ་ཁང་ནང་དུ་བྱ་ཤ་སོགས་ང་ཚོས་ཟ་རྒྱུའི་ཁ་ཟས་ཧ་ཅང་ཡག་བཟོ་བཞིན་ཡོད།
རྒན་བསྟན་ཆོས་ལགས་ཁོང་ཉིད་དཔེ་དེབ་བླུ་ཉོ་གནང་རྒྱུར་མཉེས་པོ་ཡོད་ཅིང་། ཕ་ཡུལ་ནས་གཉེན་འཕྲད་དང་གནས་སྐོར་ལ་ཡོང་མཁན་ཚོས་དཔེ་དེབ་དང་དུས་དེབ་མང་བོ་ཞིག་མཉམ་འཁྱེར་བྱས་ནས་ཡོང་གི་ཡོད་ཚོད་དང་། ཨ་མ་ལགས་དང་རྒན་རྣམ་པ་གཉིས་ཕ་ཡུལ་ལ་གཉེན་འཕྲད་དུ་ཕེབས་སྐབས་ཀྱང་རྒན་གྱིས་དཔེ་དེབ་མཉམ་འཁྱེར་གནང་ཡོང་གིན་འདུག ཁོང་གིས་བོད་ཀྱི་གསོ་བ་རིག་པ་དང་འབྲེལ་བའི་དཔེ་དེབ་རག་ཚད་མངག་ཉོ་གནང་བ་ཙམ་མིན་པར་ལོ་རྒྱུས་དང་འབྲེལ་བ་ཡོད་པའི་དཔེ་དེབ་ཁག་ལའང་ཐུགས་སྣང་གནང་གིན་འདུག་པས། མཆེད་མངག་གིས་བོད་ལྗོངས་ཞིབ་འཇུག་དུས་དེབ་དང་། བོད་རང་སྐྱོངས་ལྗོངས་སྲིད་གྲོས་ཀྱིས་མཆེད་བསྒྲིགས་བྱས་པའི་བོད་ཀྱི་རིག་གནས་ལོ་རྒྱུས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས་དེབ་ཕྲེང་ཐོག་མར་བཏོན་པ་ནས་ལོ་ངོ་ཉི་ཤུ་ཡས་མས་ཀྱི་དེབ་གྲངས་ཁག་ཐབས་འཚོལ་གནང་སྟེ་ཧ་ལམ་འཐུས་ཚང་ཡོད་པ་ཚོར།
ཕྱི་ལོ་༡༩༩༦ ལོའི་ལོ་སར་ཚེས་གཅིག་གི་ཉིན་མོར་རྒན་ལགས་དང་ཨ་མ་ལགས་གཉིས་ལ་ལོ་སར་འབུལ་དུ་ཕྱིན་སྐབས། གློག་བརྙན་སྟོན་ཆས་ཤིག་ཏུ་ཨ་རིའི་དམག་འཁྲུག་གི་གློག་བརྙན་མཚོ་སྔོན་གློག་བརྙན་སྐད་སྒྱུར་ཁང་གིས་ཨམ་སྐད་དུ་བསྒྱུར་བ་ཞིག་ལ་གཟིགས་ནས་འདུག་པ་ལ་ང་རང་གད་མོ་དབང་མེད་དུ་ཤོར། གང་ཡིན་ཟེར་ན་ལོ་རབས་བརྒྱད་ཅུའི་ནང་སྐད་སྒྱུར་གྱི་ཉམས་མྱོང་འདང་གིན་མེད་སྟབས་དེ་སྐབས་གློག་བརྙན་སྐད་སྦྱོར་བྱས་པ་དག་ཁ་སྐད་དང་ཡིག་སྐད་གང་ལའང་མི་མཐུན་པའི་སྐད་འགྲོས་བཅོས་མ་ཁྱད་མཚར་ཞིག་ཡིན་པས། ཨམ་སྐད་ལ་དེ་ཙམ་མྱོང་བྱང་མེད་པའི་ཨ་མ་ལགས་དང་རྒན་རྣམ་པ་གཉིས་ཀས་ནན་ཏན་གྱི་སྒོ་ནས་གློག་བརྙན་དེར་གཟིགས་བཞིན་ཡོད་པས་ང་རང་གད་མོ་ཤོར་བ་རེད།
རྒན་ལགས་དང་ཨ་མ་ལགས་རྣམ་པ་གཉིས་སློབ་ཕྲུག་ལ་དགུན་ཁའི་གུང་སེང་བཏང་ཟིན་པའི་རྗེས་སུ་རྡོ་རྗེ་གདན་དང་ཝ་ར་ཎ་སི་སོགས་རྒྱ་གར་གྱི་ནང་བའི་གནས་ཆེན་ཁག་ལ་གནས་སྐོར་དུ་ཕེབས་རྒྱུ་འཆར་ཅན་ལྟ་བུར་འདུག་ཅིང་། ཧ་ལམ་དགུན་ཁའི་དུས་ཚོད་མང་ཤོས་ཤིག་གནས་སྐོར་གྱིས་རྫོགས་འགྲོ་བ་ལྟ་བུ་ཞིག་ཡོད།
བར་སྐབས་ཤིག་ལ་རྒན་ལགས་དང་ཨ་མ་ལགས་རྣམ་པ་གཉིས་བོད་དུ་གཉེན་འཕྲད་ལ་ཕེབས་ནས་སྐུ་འབུམ་བྱམས་པ་གླིང་དང་བླ་བྲང་བཀྲ་ཤིས་འཁྱིལ། སྐུ་འབུམ་སྟག་མཚེར་གྱི་རྒྱལ་དབང་བཅུ་བཞི་བ་མཆོག་གི་འཁྲུངས་གཞིས་སོགས་ལ་གནས་མཇལ་གནངས་ནས་ཚུར་ཕེབས་མཚམས་ཨ་མདོའི་ས་ཆ་དང་རིག་གནས་དགོན་སྡེ་སོགས་ལ་བསྟོད་བསྔགས་མང་བོ་ཞིག་གནང་གིན་འདུག
རིམ་གྱིས་ལས་གནས་དང་སྡོད་གནས་སོགས་ཁ་ཐག་ཇེ་རིང་དུ་སོང་བ་དང་མཉམ་དུ་རྒན་ལགས་དང་འདྲིས་གཤིབ་བྱེད་པའི་གོ་སྐབས་ཀྱང་རང་ཤུགས་ཀྱིས་ཇེ་ཉུང་དུ་ཕྱིན་པ་དང་། དེ་དང་བསྡོངས་ནས་ནམ་ཞར་རྒྱུན་གཏན་ནས་འབྲེལ་ལམ་དེ་ཙམ་མེད་པ་ཆགས་འགྲོ་བ་ཆོས་ཉིད་ལ་བརྟེན་ནས་འདས་པའི་ལོ་ངོ་མང་བོ་ཞིག་གི་རིང་རྒན་ལགས་དང་འབྲེལ་ལམ་དེ་ཙམ་མེད་པར་གྱུར་ཅིང་། བར་སྐབས་ཤིག་ནས་རྒན་ལགས་ཀྱིས་ཁྱི་ཆུང་ཆུང་ཅིག་ཉར་ནས་རྟག་པར་པདྨ་ཐང་མགྲོན་ཁང་ཡོད་སའི་སྒང་མགོ་དེར་ཕེབས་ཀྱིན་ཡོད་པ་མཇལ་ཞིང་ཁོང་གི་ཞལ་རས་སྔོ་ནག་ཏུ་གྱུར་ཅིང་དབུ་སྐྲའི་ནང་དཀར་བོ་ཚོམ་བུར་སྐྱེས་འདུག་པ་སོགས་འགྱུར་ལྡོག་སྐྱེན་པའི་རྒས་ཉམས་དོད་པོ་ཆགས་འདུག་པ་ལ་བསམ་གཞིགས་ཡང་ཡང་བྱས་མྱོང་ཡོད་ལ། རྒན་ལགས་ཀྱི་ཐ་མག་ཇེ་ཉུང་ལ་གཏོང་བའི་འབོད་བསྐུལ་ཀྱང་ཞུས་མྱོང་ཡོད།
ལོ་ངོ་ཉི་ཤུའི་གོང་རོལ་ཞིག་ནས་བྱང་ཨ་རིར་གནས་སྤོ་བྱས་པ་ནས་རྒན་ལགས་དང་འབྲེལ་བ་རྦད་དེ་ཆད་པར་གྱུར་ནའང་ཕྱི་ལོ་༢༠༡༣ ལོ་དང་༢༠༡༦ ལོ། ༢༠༡༩ ལོ་བཅས་སུ་རྡ་རམ་ས་ལར་འབྱོར་ཐེངས་རེར་རྒན་ཁོང་ལ་མཇལ་འཕྲད་འཁྱུག་ཙམ་རེ་ཡིན་རུང་འབད་བརྩོན་ཞུ་བཞིན་ཡོད་ཅིང་། ཕྱི་ལོ་༢༠༡༩ ལོའི་ཕྱི་ཟླ་༤ ནང་རྡ་རམ་ས་ལར་འབྱོར་སྐབས་ཆེད་མངག་གི་རྒན་ལགས་ལ་མཇལ་འཕྲད་བྱེད་དུ་ཕྱིན་པ་ཡིན། རྒན་ལགས་དང་བདག་གི་སློབ་གྲོགས་དམ་པ་ངག་དབང་ཁྲི་རལ་ལགས་བཅས་ང་ཚོ་གསུམ་བོད་ཀྱི་གསོལ་མགྲོན་ཁང་དུ་འཁྱུག་ཙམ་འཛོམས་ཀྱང་རྒན་ལགས་ཀྱིས་ནམ་རྒྱུན་བཞིན་ཐུགས་འཛེམ་གནང་ནས་ཞལ་ལག་གང་ཡང་མཆོད་ཀྱི་མི་འདུག་ནའང་ངས་ཁོང་རྣམ་པ་གཉིས་མཚམས་སྦྱོར་ཞུས་པ་ཡིན།
དེ་ནས་རྒན་ལགས་ཀྱི་ཐུགས་འདུན་ལྟར་ངེད་གཉིས་ཁོང་གི་བཞུགས་ཤག་ལ་ཕྱིན་སྐབས་ཨ་མ་ལགས་གྲོངས་སུ་གྱུར་ནས་ལོ་ངོ་གཉིས་ཙམ་ཕྱིན་འདུག་པ་དང་། རྒན་ལགས་ཀྱི་ཁྱིམ་ནང་གི་བཞུགས་སྟངས་སྔར་དང་མི་འདྲ་བར་ཉམ་ཆག་གི་རྣམ་པ་ཅུང་ཙམ་མངོན་ཞིང་ཁོང་ཉིད་ཀྱིས་བཟོས་པ་ཡིན་གསུངས་ནས་འབྲས་ཚོས་གཞི་སེར་བོ་ཅན་གྱི་ཁ་ལག་ཅིག་སྤྲད་པ་ལ་བྲོ་བའང་དེ་ཙམ་མི་འདུག རྒན་ལགས་ཀྱི་བཀའ་མོལ་གསུང་སྟངས་ལྡབ་བེ་ལྡིབ་བེའི་རྣམ་པ་ཅུང་ཙམ་མངོན་ཞིང་། སྔར་གྱི་རྣམ་རིག་གྲུང་བོ་དང་མིག་གི་རྣོ་དབལ་ཀྱང་མོག་མོག་ཏུ་གྱུར་པའི་སྣང་བ་སྤྲད་བྱུང་། གྱོན་ཆས་རྣམས་ཀྱང་དེ་ཙམ་འཁྲུད་བཤལ་གཏོང་གི་ཨེ་ཡོད་སྙམ་པའི་ཚོར་སྣང་སྐྱོ་བོ་ཞིག་བྱུང་།་
མ་གཞི་ནས་དེ་དག་རྒན་ལགས་ཀྱི་དཔལ་འབྱོར་ཆ་རྐྱེན་ལ་འབྲེལ་བ་མེད། རྒན་ལགས་ལ་སྨན་རྩིས་ཁང་གི་གླ་ཆ་ཡག་པོ་ཡོད་པའི་ཐོག་ལ་ཁོང་གིས་གཉེར་བཞིན་པའི་དགའ་སྐྱིད་ཟ་ཁང་ཡང་ཕར་བལྟས་ཚོད་ཀྱིས་ཉམ་ཆུང་མདོག་ཁ་བ་ལས་Lonely Planet འདོན་ཐེངས་སྔ་ཕྱིའི་ནང་ངོས་འཛིན་དང་ཁྱབ་བསྒྲགས་ཡོད་པ་སོགས་ཀྱི་རྐྱེན་པས་ཕྱི་རྒྱལ་གྱི་འཛད་སྤྱོད་པ་མང་བོ་ཡོང་བས་ཟ་ཁང་བྲིན་པོ་འདུག ཟ་ཁང་དེ་གཅིག་ནས་ཤ་མེད་ཡིན་པ་དང་། གཉིས་ནས་ཟས་སྣ་དག་བོད་མི་རྣམས་ལ་འབྲེལ་བ་དེ་ཙམ་མེད་མཁན་ཤས་ཆེ་བས་བོད་མི་མང་ཤོས་ཀྱིས་དེའི་འགྲམ་གྱི་གངས་ལྗོངས་ཟ་ཁང་ཤེས་པ་ལས་དགའ་སྐྱིད་ཟ་ཁང་ཤེས་མཁན་མང་བོ་མེད་པ་འདྲ།
གང་ལྟར་རྒན་ལགས་ཀྱིས་སྐུ་ཚེ་གང་བོར་བཟའ་སྒྲིག་གནང་མྱོང་མེད་པས་འགྲོ་སོང་གི་གཞི་མ་བྱིས་པ་གསོ་རྒྱུ་མེད་ཅིང་། བཞུགས་གནས་ཁང་བ་དེའང་ཆེས་ཐོག་མའི་སྐབས་བདག་བཟུང་བྱས་པའི་བོད་གཞུང་གི་ཁང་བ་ཡིན་ཕྱིར། སྒོ་རའི་ནང་གི་ཁང་མིག་དེ་དག་ཏུ་སྡོད་མཁན་རྣམས་ཀྱིས་དཔལ་འབྱོར་ལས་ཁུངས་ལ་ཁང་གླའི་དོད་ཙམ་ལས་སྤྲོད་མི་དགོས་པ་སོགས་ཀྱིས་རྒན་ལགས་ལ་འགྲོ་སོང་ཆེན་པོ་གང་ཡང་མེད།
དགེ་རྒན་བསྟན་ཆོས་ལགས་ནི་མངོན་ཆུང་དང་དམན་ས་བཟུང་ནས་མི་ཚེ་སྐྱེལ་མཁན་ཞིག་ཡིན་པ་ལས། དེང་དུས་ཀྱི་སྐུ་དྲག་མི་དྲག་ཏུ་རློམ་པ་དང་། སྐུ་དྲག་རྫུན་མ་འཁྲབ་མཁན་མང་དག་ཅིག་འབྱུང་གིན་ཡོད་པ་དེ་དག་དང་གཏན་ནས་མི་འདྲ་བར་ཁོང་ཉིད་ཡུལ་དབུས་ཀྱི་སྐུ་དྲག་རྙིང་བའི་ཁྱིམ་རྒྱུད་ཆེན་པོ་བོན་ཤོད་དུ་གྲགས་པའི་རྒྱུད་དུ་འཁྲུངས་པ་ཞིག་ཡིན་ཞིང་། མི་ཐོག་གོང་མ་ཚོའི་ནང་དུ་གཞུང་ས་དགའ་ལྡན་ཕོ་བྲང་བའི་བཀའ་ཡི་བློན་པོའི་ལས་འཁུར་ཞུ་མྱོང་མཁན་ཡང་ཡོད་པར་གྲགས་ཤིང་། ཁོང་གི་ཡབ་བཀྲ་ཤིས་དཔལ་ར་བའང་བོད་སྡེ་བ་གཞུང་གི་དམག་སྡེའི་མདའ་དཔོན་གྱི་གོ་གནས་ཡོད་མཁན་ཞིག་དང་། ཕྱི་ལོ་༡༩༥༩ ལོར་གོང་ས་རྒྱལ་དབང་མཆོག་སྟོན་འཁོར་བཙན་བྱོལ་དུ་ཕེབས་སྐབས་ཁོང་གི་སྐུ་ཟླ་དང་སྲས་སྲས་མོ་བཞི་ཆ་ལྷ་ས་ལ་བཞག་ནས་སྐུའི་ཉེན་སྲུང་གི་ཞབས་ཞུ་བསྒྲུབས་ནས་རྒྱ་གར་དུ་འབྱོར་ཞིང་ཚེ་དང་སྙོམས་པའི་ཞབས་ཞུ་སྒྲུབ་མྱོང་ཡོད་མཁན་ཞིག་ཡིན།
རྒན་བསྟན་བཅོས་ལགས་ནི་ཁོང་རང་གི་ཁྱིམ་རྒྱུད་ཀྱི་ཆེ་བཙན་གཉན་གསུམ་ངོམ་རྒྱུར་མི་དགྱེས་པའི་དབང་གིས་ཁོང་གི་འཁྲུངས་གཞིས་ཀྱིས་གནས་ཚུལ་ཧ་ཅང་ཞིབ་ཚགས་མི་ཤེས་ཀྱང་། ཁོང་ལ་གཅེན་པོ་གཅིག་དང་གཅེན་མོ་གཉིས་ཡོད་འདུག་པ་དང་། ལོ་རབས་བརྒྱུད་ཅུ་བའི་མགོ་སྟོད་དུ་ཁོང་དང་གཅེན་པོ་རྣམ་པ་གཉིས་སྐྱེད་ཡབ་ལ་མཇལ་འཕྲད་ཀྱི་ཆེད་དུ་རྒྱ་གར་ལ་འབྱོར་ནས་རྒན་ཁོང་གིས་བོད་གཞུང་སྨན་རྩིས་མཐོ་སློབ་ཁང་དུ་གསོ་རིག་ལ་སྦྱངས་ནས་སྨན་པ་ཐོན་པ་དང་། ཁོང་གི་གཅེན་པོ་སྔར་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་རྨོག་ལྩོགས་སྤྲུལ་སྐུར་ངོས་འཛིན་བྱས་ཟིན་སྟབས་རྡ་རམ་ས་ལའི་མཚན་ཉིད་གྲྭ་ཚང་དུ་ཞུགས་ནས་སློབ་གཉེར་གནངས་པ་དང་། དེ་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས་ནས་དགེ་བཤེས་ཀྱི་དམ་བཅའ་བཞག ཧྥ་རན་སིར་ཆོས་ཚོགས་ཤིག་བཙུགས་ནས་བསགས་པ་ཐམས་ཅད་མཚན་ཉིད་དང་སྒོ་མང་གྲྭ་ཚང་ལ་བསྔོས་ནས་བཞུགས་མཁན་གྱི་གྲྭ་རྐྱང་ཉམ་ཆུང་གི་རྣམ་པར་གནས་པ་ཞིག་ཡིན་མོད། ༢༠༢༢ ལོར་དགུང་ལོ་༧༠ ཐོག་ཧྥ་རན་སིར་སྐུ་གཤེགས་པར་གྱུར། གཅེན་མོ་གཉིས་ལྷ་སར་ཡོད་འདུག་པའི་གནས་ཚུལ་ཞིབ་ཚགས་མ་ངེས།
ད་དུང་རྒན་བསྟན་ཆོས་ལགས་ལ་བཙན་བྱོལ་སྤྱི་ཚོགས་ཁྲོད་གཉེན་ཚན་ཆེས་ཉེ་ཤོས་ཤིག་ཡོད་པ་ནི། དཔལ་ལྡན་ས་སྐྱ་བདག་ཁྲི་རིན་པོ་ཆེ་ཡིན་ལ། བདག་ཁྲི་རིན་པོ་ཆེའི་མ་ཡུམ་དང་རྒན་བསྟན་ཆོས་ཀྱི་ཡབ་གཉིས་ཕ་མ་གཅིག་ལས་མཆེད་པའི་མིང་སྲིང་ཡིན་པ་བཅས་གལ་སྲིད་རིགས་རྒྱུད་དང་རུས་རྒྱུད་ངོམ་སྟོན་བྱེད་པ་ལ་སྤྲོ་སྣང་ཡོད་མཁན་ཞིག་ཡིན་ན་རྒན་ལགས་ལ་ངོམ་རྒྱུ་དང་འཕྱར་རྒྱུ་ཅི་བས་མང་བ་ཡིན་མོད་ཀྱི། རྒན་ཁོང་ཉིད་སྐུ་ཚེ་གང་བོར་ཉམ་ཆུང་ཆུང་གི་ངང་ལ་གསོ་རིག་བསྟན་པ་རྨང་ནས་གསོ་ཐབས་ཁོ་ན་ལ་འབད་བརྩོན་གནང་ཡོད་པ་དེས་ང་ཚོར་གསལ་བཤད་བྱས་པ་ནི། དགེ་རྒན་བསྟན་པ་ཆོས་འཕེལ་ལགས་གང་ཉིད་མི་གཤིས་བརྟན་ཅིང་མིག་རྒྱང་རིང་བ། ལས་ལ་བརྩོན་ཞིང་ཨག་གསར་མེད་པ། གང་བརྩམས་པའི་ལས་ཀྱི་མཐའ་སྐྱེལ་བའི་བཟོད་སྒོམ་དང་བརྩོན་འགྲུས་ཟུང་དུ་སྦྲེལ་བའི་སྐྱེས་བུ་སྙིང་སྟོབས་ཀྱིས་ཕྱུག་པ་དེ་ཡིན།
མཚམས་རེར་སློབ་དགེའི་ཡིག་ཚང་དུ་དགེ་རྒན་བྲག་མཐོན་བྱམས་པ་རྒྱལ་མཚན་དང་དགེ་རྒན་བློ་ཆོས་ལགས་རྣམ་པ་གཉིས་ཁ་འཛིང་ཤོར་ནས་གནས་ཚུལ་ཛ་དྲག་ཆགས་པའི་སྐབས་སུ་རྒན་བསྟན་པ་ཆོས་འཕེལ་མ་གཏོགས་སུ་གཅིག་གིས་ཀྱང་ཁོང་རྣམ་པ་གཉིས་ཀྱི་འཛིང་མཚམས་གཅོད་མི་ཐུབ། དགེ་རྒན་བགྲེས་སོང་རྣམ་གཉིས་ཀྱིས་གསུང་གིན་གསུང་གིན་མདུན་ཅོག་ཐོག་ལ་ཁུ་ཚུར་གཞུས་ཏེ་སྐད་ཤུགས་ཧ་ཅང་ཆེ་བའི་སྒོ་ནས་ངོ་མཚང་འབྲུ་རེས་ཀྱིས་མཚམས་མི་འཇོག་པའི་སྐབས་སུ་རྒན་བསྟན་པ་ཆོས་འཕེལ་ལགས་ཡར་བཞེངས་ནས་ལག་གཉིས་ཐལ་མོར་སྦྱར། དགེ་རྒན་རྣམ་པ་གཉིས་ཀྱིས་དེ་ལྟར་འཛིང་ན་ང་ཚོ་ལོ་ན་གཞོན་པ་དག་ལ་ངོ་ཚ་ཡི་མི་འདུག་གམ་ལབ་ན་ཁོང་རྣམ་པ་གཉིས་ཁུ་སིམ་མེར་གཏོང་ཐུབ་ཀྱིན་ཡོད།
གདེང་འཁེལ་བ་ཞིག་མ་ངེས་ཀྱང་ཧམ་ལམ་ཕྱི་ལོ་༡༩༨༨ ལོ་ནས་ཁོང་ཉིད་བོད་གཞུང་སྨན་རྩིས་ཁང་གི་སྨན་དགེའི་ལས་གནས་སུ་ཞུགས་པ་དང་། ཕྱི་ལོ་༡༩༩༢ ལོ་ནས་ཕྱི་ལོ་༢༠༠༨ ལོའི་བར་ལ་སྨན་དགེ་དང་སློབ་སྤྱི་གཞོན་པ་གཅིག་ལྕོགས་ཀྱི་ཐུགས་འགན་བཞེས་པ་དང་། ཕྱི་ལོ་༢༠༠༩ ལོ་ནས་ཕྱི་ལོ་༢༠༢༢ ལོའི་བར་ལ་སྨན་དགེ་དང་སློབ་སྤྱིའི་ཐུགས་འགན་གཅིག་ལྕོགས་བཞེས་པ་བཅས་མདོར་བསྡུས་ན། དུས་རབས་གོང་མའི་ལོ་རབས་དྲུག་ཅུ་བའི་ནང་སྨན་རྩིས་ཁང་གི་རྨང་གཞི་ཚུགས་པ་ནས་ད་ལྟའི་བར་གྱི་མི་ལོ་༦༠ ལྷག་གི་རིང་ལ་སྨན་རྩིས་མཐོ་སློབ་ཀྱི་སྨན་དགེའི་ཕྱག་ལས་ལོ་ངོ་༣༠ ལྷག་གནང་མཁན་གཅིག་པུ་དེ་རྒན་དམ་པ་ཁོང་ཉིད་ཡིན་པ་དང་། འགྲོ་ཕན་སྨན་རྩིས་དབུ་ཚུགས་པ་ནས་ད་ལྟའི་བར་ལོ་ངོ་༣༠ རིང་སྨན་རྩིས་མཐོ་སློབ་ཁང་གི་སློབ་སྤྱི་གཞོན་པ་དང་སློབ་སྤྱིའི་ཐུགས་འགན་བཞེས་མཁན་གཅིག་རང་བྱུང་བ་དེའང་རྒན་དམ་པ་ཁོང་ཉིད་ཆགས་ཀྱིན་ཡོད།
དེ་འདྲའི་དུས་ཡུན་རིང་མོ་ཞིག་ལ་ཆེ་ས་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་ཚོགས་པ་སྐྱིད་སྡུག་ཏུ་འབོད་པའི་ས་གནས་ཆབ་སྲིད་པའི་ས་ཕྱོགས་ཡུལ་ལུང་འཐེན་འཁྱེར་གྱི་འཐབ་རྩོད་ནང་ཞུགས་མྱོང་མེད་པ་དང་། ཆུང་ས་ནས་སྨན་རྩིས་ཁང་དེའང་ལས་བྱེད་བརྒྱ་ཕྲག་དུ་མ་ཡོད་པའི་སྒྲིག་འཛུགས་གཞི་རྒྱ་ཆེན་པོ་ཞིག་ཡིན་ཕྱིར། དེའང་སྤྱི་ཚོགས་ཐོག་གི་སྒྲིག་འཛུགས་གཞན་དག་དང་འདྲ་བར་ཕྱོགས་གཏོགས་དཔུང་སྒྲིག་དང་། དབང་ཤུགས་འཐབ་རྩོད་མང་བོ་ཞིག་ཡོད་པ་དེ་དག་གང་ལའང་འཇུག་མ་དགོས་པར་བཏང་སྙོམས་བར་གནས་ཀྱི་ངང་ལ་གནས་རྐྱང་ཁོ་ན་གནང་བ་དེའང་ཁོང་གི་སྐུ་གཤིས་སྒམ་ཞིང་བསམ་རྒྱ་ཆེ་བའི་འབྲས་རྟགས་རྨ་མེད་པ་ཞིག་ཡིན།
བདག་སྨན་རྩིས་མཐོ་སློབ་རིག་དགེའི་ལས་གནས་སུ་ཞུགས་པ་ནས་ངོ་ཤེས་ཤིང་ལོ་ཟླ་རིམ་བགྲོད་ཀྱིས་འགྲོས་དང་བསྟུན་ནས་རྒྱུས་མངའ་ཅི་ཙམ་ཆེ་རུ་ཕྱིན་ན་བཟང་སྤྱོད་མང་དུ་མཐོང་བར་འགྱུར་བའི་གྲོགས་དམ་པ་སྨན་རྩིས་མཐོ་སློབ་ཀྱི་སློབ་སྤྱི་ཟུར་བ་དང་དགེ་རྒན་ཆེན་མོ་སྨན་རམས་པ་རྒན་བསྟན་པ་ཆོས་འཕེལ་ལགས་སྐུ་ཞི་བར་གཤེགས་པ་ཐོས་པ་ལ་འགྱོད་གདུང་གི་ངང་སེམས་ལ་དྲན་ཚོད་ཡི་གེར་ཕབ་པའི་དགེ་རྩ་ལ་བརྟེན་ནས་རྒན་དམ་པ་མཆོག་གི་མཛད་འཕྲིན་མུ་མཐུད་ནས་ཁྱབ་བརྡལ་དུ་འགྱུར་བ་དང་། གང་ཉིད་སྐྱེ་སྲིད་གཞན་གྱིས་བར་མ་ཆོད་པར་བདེ་འགྲོ་ལྷ་དང་མི་ཡི་གོ་འཕང་འཐོབ་པར་སྙིང་དབུས་ནས་སྨོན་པ་དང་བཅས་གྲོགས་གྱུར་ཧོར་གཙང་འཇིགས་མེད་ཀྱིས་ཕྱི་ལོ་༢༠༢༣ ལོའི་ཟླ་༡༢ པའི་ཚེས་༢༥ ཉིན་བྱང་ཨ་མི་རི་ཁ་ནས།
ཁ་སང་དྲྭ་ཐོག་ནས་མཐོང་ཡང་ཀློག་ཁོམས་མ་བྱུང་། ཡིན་ནའང་དེ་རིང་ཞོགས་པ་ཁྱིམ་ཀྱི་དཔེ་ཁང་ལ་ཚིགས་ཇ་གཅིག་འཐུང་ཤོར་མྱུར་བར་བཀླགས་པ་ཡིན། བརྗོད་འདོད་པ་ནི། དང་པོ། ཕྲན་གཞི་རིམ་སློབ་གྲྭར་ཡོད་སྐབས་བོད་ཡིག་སྙན་ངག་ཀློག་མི་ཤེས། ཕྲན་གྱིས་དཔེ་མཛོད་དང་ཉལ་ཁང་ནང་གི་སློབ་གྲོགས་ཨ་མདོ་བ་ཚོའི་ལག་ནས་མཐོང་བ་གང་ཡིན་དྲན་གསོ་མ་ཐུབ་ཀྱང་། ཧོར་གཙང་འཇིགས་མེད་ཀྱིས་བྲིས་པའི་སྙན་ངག་དེབ་རེད་ཅེས་པའི་དེབ་ཤོག་གྲངས་མང་མཐར་བརྒྱ་ཙམ་ཡོད་པའི་དེབ་རེ་ཟུང་གི་ཕྱི་པགས་ནག་པོར་ཡིག་དཀར་བྲིས་པ་དེ་འདྲ་མཐོང་མྱོང་། ཡིན་ནའང་བཀླགས་པ་དྲན་གྱི་མི་འདུག དེ་དུས་བཤད་ཐུབ་པ་ནི་ངས་སྙན་ངག་ཀློག་མི་ཤེས་ལ། གོ་བ་དེ་བས་མི་ལོན། དེ་རྗེས་འཛིན་གྲྭ་གང་ཙམ་ཡར་སླེབས་སྐབས་བོད་ཡིག་དེབ་གསར་གཅིག་འཛིན་གྲོགས་ཨ་མདོ་བ་གཅིག་གི་ལག་པ་ནས་མཐོང་་བ་དང་། ཁོས་དེབ་དེ་དཔེ་མཛོད་ཁང་ནས་གཡར་པ་ཡིན་ཟེར་། ཧོར་གཙང་འཇིགས་མེད་ཀྱི་དེབ་གསར་པ་རེད་ཟེར། དེ་རིང་ཕྲན་གྱིས་ཧོར་འཇིགས་ཀྱི་རྩོམ་ཡིག་དེ་ཀློག་སྐབས་ཨ་མདོ་བ་གཞན་ཚོས་བྲིས་པ་ལྟར་མ་ཡིན་པར་། བོད་ཀྱི་བརྡ་སྤྲོད་དང་མཐུན་ལ་ཡུལ་སྐད་མེད་པར་ཡིག་སྐད་རྐྱང་པ། ཁ་གསལ་བ་དང་། ཀློག་ཧ་ཅང་བདེ་པོ་འདུག ད་དུང་གོ་བདེ་པོ་འདུག གཉིས་པ། རྒན་བསྟན་པ་ཆོས་འཕེལ་ལགས་དེ་སྔ་མཇལ་མྱོང་ཡང་བཀའ་མོལ་ཞུ་མྱོང་མེད། དེ་ནས་ཕྲན་ནུབ་ཕྱོགས་སུ་སླེབས་ཚར་རྗེས་དྲྭ་ཐོག་ནས་མཇལ་ཁའི་སྐུ་པར་གཅིག་གི་ནང་ལ་རྒན་ཆོས་འཕེལ་ལགས་དང་། ཨ་མ་ལགས། ཡབ་གཞིས་ལྷན་རྒྱས་དང་བཅས་པ་ཡོད་པ་གཅིག་མཇལ་བས་ཁོང་གི་ཁྱིམ་ཚང་གནས་སྟངས་གང་འདྲ་ཡིན་ནམ་བསམ་པ་དྲན་ཡང་འཚོལ་ཞིབ་བྱས་མེད། དེ་རིང་ཧོར་འཇིགས་ཀྱི་རྩོམ་ཡིག་ནང་ལ། ཁོང་ནི་བན་ཞོད་པའི་ཁྱིམ་ཚང་ནས་ཡིན་པ་དང་། ཁོང་གི་ཡབ་བོད་སྡེ་བ་གཞུང་གི་དམག་དཔོན་ཡིན་པ་མ་ཟད། ༧གོང་ས་མཆོག་དང་ལྷན་དུ་བཙན་བྱོལ་ལ་ཕེབས་པ། ད་དུང་། ཁོང་གི་ཡབ་དང་ས་སྐྱ་བདག་ཁྲི་རིན་པོ་ཆེའི་ཡུམ་ཕ་མ་གཅིག་པ་ཡིན་པ་སོགས་གསར་དུ་ཤེས། ཡིན་ནའང་། ཁོང་དེ་རིགས་ངོམས་མཁན་གཅིག་མིན་པ་ཧོར་འཇིགས་ལ་དོ་སྣང་བྱུང་བ་ལྟར་ཕྲན་གྱིས་དེ་ལྟར་ཡིན་པ་ཤེས། གསུམ་པ། ཁོང་གིས་སྨན་དགེ་ཙམ་མིན་པར་སློབ་སྤྱི་གཞོན་པ་དང་སློབ་སྤྱིའི་ལས་གནས་ཐོག་ལ་ཕྱག་ལས་ལོ་ ༣༠ གནང་བ་དེ་ནི་ཕལ་ཆེར་བོད་ཀྱི་ལོ་རྒྱུས་ཐོག་ལ་སློབ་སྤྱི་རྒན་གཞོན་གྱི་ལས་ཡུན་རིང་ཤོས་གནང་མཁན་དང་། དེ་ཡང་བསྟུད་མར་གནང་མཁན་གཅིག་པུ་ཡིན་ངེས་སྙམ། བཞི་པ། དེ་རིང་ཞོགས་པ་ཧོར་འཇིགས་ཀྱི་རྩོམ་ཡིག་དེ་བཀླགས་པས་ཚིགས་ཇ་ཇི་ལྟར་རྫོགས་མིན་ཀྱང་མི་ཤེས་པར་ཇ་ཡུན་གཅིག་ལ་རྩོམ་ཡིག་བཀླགས་པ་དང་། ཞབས་མཆན་ནམ། བརྗེད་ཐོ་དེ་ཡང་བྲིས་པར་ཐལ།
ཆ་ཚང་བཀླགས་ཚར། ཁ་བརྡ་དྲ་བར་ཀློག་འདོད་ཡོད་པའི་རྩོམ་ཡིག་ཇེ་ཉུང་ཇེ་ཉུང་དུ་འགྲོ་བཞིན་པའི་སྐབས་འདིར། ངས་དེ་རིང་གཞི་ནས་རྩོམ་ཡིག་ཆ་ཚང་བ་ཞིག་བཀླགས་པ་ཡིན། ཐུགས་རྗེ་ཆེ།