སོག་མདའ།
མཁའ་དབྱིངས་སྤྲིན་གྱིས་བསྒྲིབས་པའི་ནངས་མོ་དེ་ལ།
གཞན་ཡུལ་གནས་ལ་བརྫངས་པའི་ཞོགས་པ་དེ་ལ།
མི་འགྲོ་རང་དབང་མེད་པའི་དུས་ཚོད་དེ་ལ།
སྨན་ཤར་བུ་མོ་དེ་ཚོའི་ལས་དབང་སྐྱོ་བ།
ཞེ་མཐུན་ཆུང་དུས་རྩེད་རོགས་རྒྱབ་ཏུ་བཞག་ནས།
མི་ཤེས་ཁྱོ་གའི་རྗེས་སུ་ཁྱི་བཞིན་ཁྲིད་དུས།
དུང་སེམས་སྐྱོ་བའི་མིག་ཆུ་སེམས་ནང་ཉར་དུས།
སྨན་ཤར་བུ་མོ་དེ་ཚོའི་ལས་དབང་སྐྱོ་བ།
ན་མཉམ་ཤེས་བྱ་རིག་པའི་མཁའ་དབྱིངས་འགྲིམ་དུས།
བུ་མོ་བེའུ་རྫིར་མངགས་པའི་ལས་སྐལ་སྤྲད་དུས།
ནོར་ནག་འབྲི་མོ་ལྷན་ཏུ་རྒས་ཉམས་ཐོན་དུས།
སྨན་ཤར་བུ་མོ་དེ་ཚོའི་ལས་དབང་སྐྱོ་བ།
སྐྱིད་ཀྱི་ཁྱིམ་གཞི་དྲོན་མོའི་གདན་ལ་རོལ་དུས།
ཡར་རྒྱུད་མར་རྒྱུད་ཕོ་མཆོག་མོ་དམན་དབང་གིས།
མར་རྒྱུད་མོ་དམན་བུ་མོ་འདུག་གནས་ཡིན་པས།
སྨན་ཤར་བུ་མོ་དེ་ཚོའི་ལས་དབང་སྐྱོ་བ།
ལྷ་གསོལ་ཀླུ་གསོལ་བྱེད་པའི་དུས་ཀྱི་ཉིན་ལ།
ཕོ་རྣམས་དགྲ་ལྷ་མཐོ་བའི་བསང་གསོལ་བྱེད་ཀྱང།
མོ་རྣམས་དགྲ་ལྷ་དམན་པའི་བསང་གསོལ་དབེན་པས།
སྨན་ཤར་བུ་མོ་དེ་ཚོའི་ལས་དབང་སྐྱོ་བ།
བུ་ལ་མཛེས་མས་བསྐོར་ཡང་ངོམས་ཉམས་བྱེད་ཀྱང།
སྨན་ལ་ཁྱོ་གས་བསྐོར་ཡང་འཁྲབ་ཐོ་ཟེར་བས།
གནས་ལུགས་ཡང་ལྗི་ཆེ་བའི་ཁུག་སོ་འདི་ནས།
སྨན་ཤར་བུ་མོ་རྣམས་ཀྱི་ལས་དབང་སྐྱོ་བ།
ཕོ་མཆོག་ལྷ་རུ་བཀུར་བའི་གུར་ཁང་འདི་ནས།
མོ་དམན་འདྲེ་རུ་མཐོང་བའི་འདུ་ར་འདི་ནས།
གནས་ལུགས་ཐོབ་ཐང་ཕོ་མོ་གཅིག་མཚུངས་ཡིན་པས།
མཆོག་དམན་ལྟ་བ་མ་འཛིན་འདྲ་མཉམ་ཡིན་དགོས།
༢༠༡༢་༩་༢༠ཉིན།
སྨན་ཤར་བུ་མོའི་ལུས་ལ་མ་ལྟ། །
སྨན་ཤར་བུ་མོའི་ལས་ལ་ལྟ་དགོས། །
སྨན་ཤར་བུ་མོའི་རྒྱུ་ལ་མ་ལྟ། །
སྨན་ཤར་བུ་མོའི་སྤྱོད་ལམ་ལྟ་དགོས། །
སྨན་ཤར་བུ་མོར་མཚར་སྡུག་ཡོད་ན། །
སྨན་ཤར་བུ་མོར་ཤེས་ཡོན་ཡོད་ན། །
སྨན་ཤར་བུ་མོར་སྤྱོད་བཟང་ཡོད་ན། །
སྨན་ཤར་བུ་མོས་སྐྱོ་དོན་ཅི་ཡོད། །
སྨན་ཤར་བུ་མོའི་་མཚར་སྡུག་སྒང་ལ། །
སྨན་ཤར་བུ་མོའི་ཤེས་ཡོན་ཐོག་ལ། །
སྨན་ཤར་བུ་མོར་སྤྱོད་བཟང་ཡོད་ཐོག །
ཆོས་དད་ཡོད་ན་མཁའ་འགྲོའི་རིགས་ངེས། །
སྨན་ཤར་བུ་མོར་སངས་རྒྱས་རིགས་ཡོད། །
སྨན་ཤར་བུ་མོ་སྐྱོ་དོན་མེད་དོ། །
སྨན་ཤར་བུ་མོ་མཁའ་འགྲོའི་རིགས་ཡིན། །
སྨན་ཤར་བུ་མོ་སྐྱོ་དོན་མེད་དོ། །
བུ་མོ་སྒོར་ལ་བརྗེས་བའི་སྦྲ་འདབ་དེ་ནས།།
སེམས་པ་གྲང་མོ་འཁུར་བའི་ལས་དབང་ཁྲོད་ནས།།
གངས་ཅན་ཨ་མ་ཚང་གི་མི་ཚེ་རི་མོ།།
ནང་གི་ཕ་མའི་འབྲི་བའི་ངང་ཚུལ་སྐྱོ་བ།།
རྒྱུ་ཆེན་སྒོ་ཁ་འགྲིམ་པའི་ལས་དབང་དམོད་པོ།།
ཞེ་མཐུན་གཞུག་ལ་སྐྱུར་བའི་བརྕེ་དུང་དྲོན་མོ།།
རོང་འབྲོག་བོད་པའི་སེམས་ན་རིན་ཐང་ཆུང་བའི།།
གངས་ཅན་བུ་མོ་ཐོབ་ཐང་གང་ན་ཡོད་དམ།།
བུ་མོ་སེམས་པ་མདུན་ལམ་མཐོང་བའི་མ་ཞིག་ཡོད་ན།།
མི་ཚེ་སྐྱ་ཡ་བསམ་པའི་གྲོགས་ཞིག་ཡོད་ན།།
གངས་རིའི་བུ་མོ་ཚང་གི་སྐྱིད་སྡུག་གཉི་ཀ།།
ཕ་དང་ཨ་མ་ཞིག་གི་དབང་གི་མ་འཁྱེར།།
བུ་མོ་ལས་ཅན་ཨ་མའི་རྩིབ་ན་ཡོད།
དགའ་བོ་མེད་རུང་བཟའ་ཟླ་རེག་ཆོག་ཆོག།
འཇིག་རྟེན་ཁྱིམ་ཚང་གཅིག་ནས་སྐྱེལ་ཆོག་ཆོག།
ཁ་ལས་དགེས་ན་བཟང་མའི་མིང་ཡང་རེག་ཆོག་ཆོག།
ལས་ངན་མ་ནི་ཁྲམ་པའི་རྩིབ་ན་ཡོད།
ཁྱོ་ག་ཡོད་རུང་རུམ་ལ་རུམ་ཆོག་ཆོག།
སྣ་སྡུག་བྱུང་དུས་བཟའ་འཐོར་རྒྱག་ཆོག་ཆོག།
ལམ་འགྲོ་མེད་ན་འཕྱོན་མའི་མང་ཡང་རེག་ཆོག་ཆོག།
མ་བུ་མོའི་ལས་འདི་བཤད་མི་ཤེས།།
སོག་མདའ་བ་གསར་བུ་ཆུང་ས་རེད།
བློ་གནད་དུ་མེད་པའི་རྩོམ་འདི་ལ།།
ཕན་ཐོག་པ་མེད་པའི་དོན་ཞིག་གདའ།།
དགེ་སྐྱོན་གནང་རོགས་ཐུགས་རྗེ་ཆེ།སྨད་ན་ཁྲོ་བ་མེད་ལ།བསྟད་ན་དགའ་་བ་མེད།རྩོམ་ཡིག་ཐ་ཐོར་རེ་་འབྲི་ཁུལ་བྱས་པ།དྲ་གྲོགས་་རྣམས་ཀྱི་ལམ་སྟོན་དང་རྒྱབ་སྐྱོར་གནང་རོགས།ཐུགས་རྗེ་ཆེ།ཁ་དྲོ།
སྨན་ཤར་གྱི་བུ་མོ། ལས་ངན་རེད་མ་གསུང་།
སྲིད་པ་ལས་གྲོལ་བའི། སངས་རྒྱས་དང་བྱང་སེམས།
སྨན་ཤར་གྱི་བུ་མོའི། པདྨ་ལས་འཁྲུངས་ཡོད།
སྨན་ཤར་གྱི་བུ་མོ། ལས་ངན་རེད་མ་གསུང་།
འཇིག་རྟེན་ན་གྲགས་ལྡན། བླ་ཆེན་དང་དཔོན་ཆེན།
སྨན་ཤར་གྱི་བུ་མོའི། སྟུ་སྒོ་ནས་བཤར་ཡོད།
དེང་སང་གི་དུས་འདིར། ཕོ་མོ་གཉིས་འདྲ་མཉམ།
སྨན་ཤར་བོུ་ལས་ངན་རེད་མ་གསུངས། ཁྱེད་རང་ཡང་སྨན་ཤར་བུ་མོའི་སྟུ་སྒོ་ནས་ཐོན་སོང། སྨན་ཤར་བོུ་ལས་ངན་རེད་མ་གསུངས། སྨན་ཤར་བོུའི་སྟུ་སྒོ་ལས་དྲིན་ཆེ་མེད་དོ།།
སྨན་བུ་མོ་ངོ་ནས་སྙིང་རྗེ།།
འགྲོ་འདུག་གསུམ་རང་དབང་མེད་པ།།
སྐྱེས་དམན་པའི་ལས་དབང་ཟེར་ནོ།།
དུས་ད་ལྟ་མངོན་སུམ་མཐོང་བ་།།
ཁས་མི་ལེན་རང་དབང་མེད་གི།
སྐྱེས་བུ་ཚའི་མནའ་མ་བསྐྱུར་ནས།།
རོགས་ལོ་ཆུང་ལོ་ཟུར་དུ་བཙལ་ཀྱང་།།
སྐྱོན་མི་མཐོང་འཇོན་འདོགས་བྱེད་པ།།
སྨན་མནའ་མ་གྲོགས་གཞན་འགྲོགས་ཀྱང་།།
སྡིག་སྡང་དགྲ་སྙིང་ནས་སྟོན་གི།
དེ་ནང་བཞིན་མང་པོ་ཡོད་དོ།།
མ་འབྱར་བུ་མོ།
སྨན་ཤར་བུ་མོ།
བུ་མོའི་ཨ་མ།
བུ་ཕོའི་ཨ་མ།
ང་ཡི་ཨ་མ།
ཁྱོད་ཀྱི་ཨ་མ།
ཁོ་ཡི་ཨ་མ།
མོ་ཡི་ཨ་མ།
མིར་སྐྱེས་ཡིན་ཚད།
མི་རུ་སྐྱེས་ཚད།
སྨན་ཤར་བུ་མོའི།
དྲིན་ལས་ཡིན་དགོས།