སྨུག་སྤྲིན་ལས་ནི་སྦྲང་ཆར་དང་།།
སྦྲང་ཆར་ལས་ནི་ལྗང་མདོག་གི།
ཚེ་སྲོག་ལ་ནི་འཛུམ་པ་རྒྱས།།
ནོར་འཛིན་ལ་ནི་སྣུམ་པ་བྱིན།།
རྟ་བདུན་ལས་ནི་འོད་སྣང་དང་།།
དེ་ཡིས་གངས་ཆུ་བཞུར་བར་བྱས།།
ཆུ་རྒྱུན་དེས་ནི་ལོ་ཡག་གི།
ལྗང་པ་ལ་ནི་ནུས་སྟོབས་རྒྱས།།
ཟླ་ཟེར་ལས་ནི་བསིལ་བདེ་བྱིན།།
མུན་པའི་ཚོགས་ལ་སྐྱེངས་པ་སྟེར།།
མཛའ་བོ་བྲལ་བའི་གཉིས་སྐྱེས་འགའ།།
མགྲིན་སྒྲ་སྒྲོག་བཞིན་མཁའ་ལ་ལྡིང་།།
ཆར་ཟིམ་ལས་ནི་ལོ་ལྗང་བཀྲུས།།
སྣུམ་པའི་ལང་ཚོ་ལྗོན་པར་འཁྲིལ།།
འདབ་ལྡན་དག་ནི་རྩེད་འཇོར་རོལ།།
སྙན་པའི་གསུང་གིས་རོལ་མོ་དཀྲོལ།།
བསིལ་རླུང་གིས་ནི་ལོ་ལྗང་སྐུལ།།
ཕྱེ་ལེབ་ལའང་འགྲན་ཟླ་བྱེད།།
སྟག་རིས་བུང་བའི་རྐང་བྲོར་ཡང་།།
ནགས་ཀྱི་ལྷ་མོས་ཕྱིར་ལྟས་བྱེད།།
སྙན་ངག་དང་འདྲ་པར་གཉིས་འདྲ་བོ་འདུག
ཡག་པོ་འདུག
བཀླགས། སྙིང་རྗེ་མོ། མངར་མོ་རེད།
སྙིང་རྗེ་མོ། སྙན་མོ། མངར་མོ་ཚེ་ལྷ་མོ་རང་འདྲ།
མཛའ་བོ་བྲལ་བའི་གཉིས་སྐྱེས་འགའ།།
མགྲིན་སྒྲ་སྒྲོག་བཞིན་མཁའ་ལ་ལྡིང་།།
སྟག་རིས་བུང་བའི་རྐང་བྲོར་ཡང་།།
ནགས་ཀྱི་ལྷ་མོས་ཕྱིར་ལྟས་བྱེད།།
ངས་བསམ་ན་གོང་གི་ཚིག་རྐང་འདི་གཉིས་གཞི་གཅིག་ལ་བཞག་ན་གསལ་ཁ་ཆེ་རུ་འགྲོ་བར་མ་ཟད། ཁ་བྱང་དང་འབྲེལ་བ་ཤིན་ཏུ་ཆེ་རུ་འགྲོ་བའི་སྣང་པ་སྟེར།
ཟླ་མེད་འདིས་བ་བྲིས་སར་པ་བྲིས། པ་བྲིས་སར་བ་བྲིས་འདུག འདིར་སྣང་བ་ཟེར་དགོས་མིན་ནམ། སྣང་པ་ནི་བརྗོད་ཀྱང་མི་བདེ།
མེ་ཏོག་དཀར་པོ་ལགས། ངས་སྔོན་མ་ཡིན་ན་པ་བའི་འཇུག་ཚུལ་དེ་དབྱངས་ཅན་གྲུབ་པའི་རྡོ་རྗེ་ལྟར་འབྲི་བཞིན་ཡོད་ན་ཡང་། མང་པོ་ཞིག་གིས་དེ་ཨ་མདོའི་པ་བའི་འབྲི་ཚུལ་རེད་ཟེར་ནས་དགག་སྒྲུབ་མང་པོ་བྱས་པས། ད་ནི་པ་བའི་འཇུག་ཚུལ་དེར་ང་ལ་སྡོམ་ཐོ་ཞིག་ཡོད། མིང་མཐའི་པ་བ་འདྲེན་ཚུལ་ནི།། རང་རང་སོ་སོས་གང་འདོད་བྲིས།། ཟེར་བ་འདི་ཡིན། ཧཧཧ
དྲ་གྲོགས་རྣམས་པ་ལྷན་རྒྱས་ནས་བཀའ་སློབ་དང་དགོངས་འཆར་གང་མོས་གནང་བར་ཐུགས་རྗེ་ཆེ།
བསིལ་བའི་ལྗོངས་ཀྱི་སྨན་ཤར་ཞིག ཚ་བའི་ཡུལ་གྱི་ནགས་གསེབ་ན། རང་བྱུང་ཁམས་ལ་ཐིམ་པའི་སེམས། བུང་བ་རོལ་བའི་དབྱངས་ལས་མཐོང།
རྒན་ལགས་སུ་འཚམས་འདྲི་དང་། ཕེབས་བསུ་ཞུ།
གངས་རའི་སྨན་ཤ་དར་མ་ཞིག །
གཅིག་པུར་ཉལ་བར་སུན་སྣང་གིས། །
མཛའ་བོར་དྲན་ཞིང་གདུང་བའི་གླུ། །
སྨུག་སྤྲིན་ཕོ་ཉར་བླངས་པ་སྙན། །
སྙན་ངག་དང་འདྲ་པར་འདྲ་འདུག གསུངས་བར་རྒྱུས་ལོན་བྱ་ན་ཕན་ཐོགས་ཡོད་ངེས་སྙམ།
ཟླ་བས་བསིལ་བ་བྱིན་ན་ཡང་། །
བདེ་དྲོད་ཆགས་པ་མ་སེལ་བའི། །
མཛའ་མོ་བྲལ་བའི་ཕོ་གཞོན་འགའ། །
རོགས་ཟླ་འཚོལ་ཕྱིར་ལྡང་ཤིང་བྲེལ། །
ཞེས་ཟེར་འདོད་དམ།
འབྲུག་ལྟར་སྒྲོགས་པའི་སྙན་ཚིག་རྣམས
ལུང་སྐད་ལྕགས་སྒྲོག་གིས་མ་བཅིངས།
སྔོན་དུས་སྙན་དངགས་ཅེས་བྲིས་པ།
སྒྲ་གདངས་ཉམས་པས་སྙན་ངག་འབྲི།།
བོད་ཀྱི་རིག་གཞུང་རིན་ཆེན་དག
སྔར་གྱི་སྒྲ་གདངས་རྒྱ་མཚོར་གནས།
བདག་ཅག་རྒྱན་དུ་འདོགས་འདོད་ན།
སྒྲ་གདངས་ཉམས་མེད་རྒྱ་མཚོར་འཇུག།
སྙན་པའི་ངག་གི་ཚིག་བསྡུས་ལ། །
སྙན་ངག་ཅེས་ཞེས་འབོད་པ་ལ། །
རྒྱན་གྱི་བསྟན་བཅོས་ནང་བཤད་པའི། །
སྙན་དངགས་དེ་དང་མཉམ་བསྲེས་བྱས། །
གངས་ཅན་སྨན་ཤར་མངར་མ་ཞིག།
མཛའ་བོའི་རྗེས་ན་སྐྱོ་བའི་སྒྲས།།
རང་སེམས་དུང་བའི་དབྱངས་རྟ་ཞིག།
སྨུག་སྤྲིན་ཐོད་ལ་བསྐུར་འདི་རྨད།།