མཁོ་གཏོང་བ། གཡུ་སྒང་སྦྱིན་པ།
ང་ཚོ་སྟེ་ཤ་དར་ཁྲག་དར་གྱི་གསར་བུ་འགའ་ལྷན་དུ་འཛོམས་ཏེ་གསར་བུ་སུ་ཡག་མིན་གྱི་རྩོད་པ་བྱས་བྱས་མཐར་ད་གཟོད་སྐད་ཆ་འདི་འདྲ་ཞིག་བཤད་དེ་གསར་བུའི་ཉམས་འགྲན་པར་ཐག་གིས་བཅད་པ་ཡིན། གནའ་བོའི་རོང་འབྲོག་ཕྱོགས་སུ་གསར་བུ་སྐོར་དང་སྐོར་བྱས་ཏེ་ཕོ་ཉུལ་དུ་འགྲོ་སྲོལ་ཡོད་ལ། མ་ཟད་བུ་མོ་གཅིག་དམིགས་འབེན་དུ་བཞག་ཏེ་སུ་ཞིག་གིས་དེའི་རུམ་ཕྱེས་ཤིང་བཙན་གྱིས་ཉལ་ཐུབ་ཚེ་དེ་ནི་གསར་བུ་འབབ་གི གསར་ཡག་རེད། ད་དུང་བུ་མོ་དེའི་ཆེད་དུ་རྡུང་རེས་བྱས་ཤིང་སུ་རྒྱལ་སུ་ཕམ་གྱིས་ཀྱང་གསར་བུའི་ཡག་སྡུག་ལ་ལྟ་སྲོལ་ཡོད་རེད། དེ་དག་གང་རུང་གི་ནུས་པ་ཡོད་ཚེ། གསར་བུ་ཟེར་ནོ་རེད་ཅེས་རོགས་པ་ཚོས་བཀུར་སྲོལ་ཡོད་ལ། དེང་སང་ད་དུང་ཡང་དེ་འདྲ་ཧ་ཅང་གིས་མང་བར་སྐད།
རེད་དེ། ང་ཚོ་ནི་གནའ་བོའི་གསར་བུ་བཞིན་ལུས་ཀྱི་ཤེད་དང་ལག་གི་གྲི་འགྲན་པའི་ཆ་རྐྱེན་ཡེ་ནས་མེད་ནས། ད་ནི་ཐབས་གཞན་ཞིག་མི་བཙལ་རང་བཙལ་རེད་འདུག ང་ཚོས་སྨྱུ་གུ་ལག་ཏུ་བཟུང་སྟེ་རང་གི་ཡོད་ཚད་ལ་སྐྱ་ཐིག་ཕབ་བཞིན་ཤེས་ཡོན་པའི་སྡེ་ལ་བསྙེག་དགོས་ཞེས་ཁ་ཚོད་བསྒྲགས་བཞིན་པའི་གསར་བུ་སྣང་མཐོ་ཏག་ཏག་ཕྱིན། གསར་བུའི་ཡག་བཙོག་ཟེེར་ན་འདྲ། གསར་བུ་བཟང་ངན་ལབ་ན་འགྲིག གང་ལྟར་ང་ཚོས་དེང་གི་སྨྱུ་གུ་ལ་བརྟེན་དེ་ཕོ་ཉུལ་ལ་འགྲོ་རྩིས་ཡིན།
གསར་མོ་སུ་ཞིག་གི་གཤིས་ཀ་ལེགས་ཤིང་འཇོ་སྒེག་གི་ཉམས་ལྡན་ཚེ་དེ་ལ་མཉམ་འུར་གྱི་སྙན་ངག་བྲིས་ཏེ་དགོང་ཚིགས་ཀྱི་ཉལ་རོགས་དང་ཚེ་གཅིག་གི་སྐྱ་ཡ་ལ་གྲོས་བྱ་རྩིས་ཡིན། འོན་ཀྱང་། གློའུ་རྟགས་ལ་ཚད་མེད་པའི་བུ་མོ་སྨྱོན་མ་དག་ལ་ཡི་གེ་ཚིག་ཅིག་གིས་ཀྱང་བསྟོད་པ་བྱ་རྩིས་མེད་མོད། སྨྱོ་རྟགས་མང་དྲགས་ཏེ་ཁོར་ཡུག་ག་གེ་མོ་ལ་ཞབས་འདྲེན་འདྲ་ཞུས་ཚེ་གཤེ་གཤེ་ཡིན་པའི་སྐད་ཆ་འགའ་རེ་གློད་སྲིད། དེ་མིན་སྨྱུག་ཚོན་མིག་ཆུ་འདྲ་ཞིག་ཀྱང་འཕྲོ་བརླག་ཏུ་མི་གཏོང་བ་ཐག་གིས་བཅད་ཡོད།
འདི་ནི་གནའ་བོའི་ཕོ་ཉུལ་དེང་རབས་ལ་ཕྱོགས་སྟངས་ཤིག་ཡིན་ལ། རང་གི་སྨྱུ་གུ་ལ་གཞོགས་འདེགས་ཀྱི་བསྐྱོར་བྱེད་སྟངས་ཤིག་ཀྱང་ཡིན། དེའི་ཕྱིར། ང་ཚོས་རང་རང་གི་ཁམས་དང་མོས་པའི་སྨྱུ་གུ་རེ་ལག་ཏུ་བཟུང་སྟེ་གསར་བུའི་ཡག་བཙོག་དང་བཟང་ངན་ལ་བལྟ་རྩིས་ཡིན། འགྲོ ཕོ་ཉུལ་འགྲོ། སྨྱུ་གུ་ལག་ཏུ་བཟུང་སྟེ་ཕོ་ཉུལ་ལ་འགྲོ།
༢༠༡༥-༡-༡༧ ཉིན། གསར་ཡག བུ་རྒོད་པོ། ཕོ་གསར་སྣང་སྐྱིད ཕོ་གསར་ང་ཡིན་བཅས་ཀྱིས་མཉམ་འུར་གྱིས་གྲོས་སུ་ཕབ་པ་ཡིན།
(གཤམ་ལ་ང་ཚོ་ཐེངས་དང་པོར་འབྲི་མོ་ཐོད་དཀར་ཅེས་པའི་མོ་གསར་དེ་ལ་ཕོ་ཉུལ་དུ་སོང་བའི་སྙན་ངག་འགའ་བཀོད་རྩིས་ཡིན།)
འབྲི་མོ་ཐོད་དཀར།
___གསར་ཡག
གནའ་དང་དེང་གི་ཞབས་བྲོ་སྣ་ཚོགས་གར་སྟེགས་སྟེང་ལ་འཁྲབ་ཀྱིན་གདའ།།
དཀར་དང་དམར་གྱིས་བྱུག་རྫས་བྱུགས་ཏེ་ཡོད་ན་མེད་ན་སྟོན་གྱིན་གདའ། །
ཡར་དང་མར་ལ་ཡན་ལག་གཡུཌ་ཤིང་དཀའ་བ་བཙན་གྱིས་སྤྱོད་ཀྱིན་གདའ།།
ཕར་དང་ཚུར་ལའང་ཨོང་དོ་འགུལ་ཏེ་ཆགས་ཉམས་ཤིག་ཀྱང་ཨེ་འོང་འབད། །
འདི་ཚོ་ཚང་མར་ཞིབ་ཏུ་བལྟས་ན་རིན་ཐང་ཆེས་ཆེར་མ་མཐོང་ཡང་། །
སྦྱར་བྱུང་ཟོལ་མའི་རྒྱན་གྱིས་མ་སྤྲས་རང་བྱུང་མཛེས་ཀྱི་བདག་ཉིད་དེ། །
མ་བཅོས་རང་ཆས་ལྷུན་གྱིས་གྲུབ་པའི་ཞི་འཇམ་ལྷོད་ཀྱི་སྟངས་སྟབས་ཅན། །
འབྲི་མོ་ཐོད་དཀར་སེམས་ཀྱི་ན་ཟུག་ཁྱེད་རང་མིན་ན་སུ་ཞིག་ཡིན། །
སེམས་ཀྱི་རྨ་ཁ་རབ་ཏུ་སྐྱེད་པའི་འབྲི་མོ་ཐོད་དཀར་སེམས་གནག་མ།།
མིག་ཆུའི་ཐིགས་པ་རབ་ཏུ་འབྱིན་བའི་འབྲི་མོ་ཐོད་དཀར་ཙོང་རིལ་མ། །
ལུས་ཀྱི་དབང་བོ་འགག་བར་བྱེད་པའི་འབྲི་མོ་ཐོད་དཀར་སྨྱོ་བྱེད་མ། །
ཡིད་ཀྱི་རྟ་ཕོའི་ཁ་ལོ་འཕྲོག་པའི་འབྲི་མོ་ཐོད་དཀར་ཇག་པ་མ། །
ཁུ་སིམ་འཚོ་བ་བཙན་གྱིས་དཀྲོག་མཁན་འབྲི་མོ་ཐོད་དཀར་དབང་ཤེད་མ། །
དམར་ཆུང་སྙིང་ལ་ཕྱག་གིས་འཚིར་མཁན་འབྲི་མོ་ཐོད་དཀར་སྡུག་རྩུབ་མ། །
མིག་གི་དབང་ཤེས་ཟིལ་གྱིས་དཀྲུག་མཁན་འབྲི་མོ་ཐོད་དཀར་མིག་འཁྲུལ་མ།།
ཡིད་ཀྱི་ཁང་བཟང་བཙན་གྱིས་འཛིན་མཁན་འབྲི་མོ་ཐོད་དཀར་ཨ་ཡག་མ། །
བརྩེ་བའི་མིག་གི་ཅེེར་ས་ཁྱོད་ཡིན་འབྲི་མོ་ཐོད་དཀར་གཤིས་ཡག་མ། །
དུང་བའི་སེམས་ཀྱི་གཅེས་ས་ཁྱོད་ཡིན་འབྲི་མོ་ཐོད་དཀར་གཅེས་ཕྲུག་མ། །
སྐྱོ་བའི་དབུགས་རིང་འབྱིན་ས་ཁྱོད་ཡིན་འབྲི་མོ་ཐོད་དཀར་སྙིང་སྡུག་མ། །
དགའ་བའི་འཛུམ་གྱི་གཏད་ས་ཁྱོད་ཡིན་འབྲི་མོ་ཐོད་དཀར་མེ་ཏོག་མ། །
འཇམ་ཞིང་མཉེན་པའི་མཆུ་སྒྲོས་ཆུང་ཆུང་ལན་གཅིག་སྦྱོར་ན་སྐྱིད་པ་ལ། །
ཕྲ་ཞིང་མཐོ་བའི་སྐེད་པའི་བར་ནས་དཔུང་པས་འཁྱུད་ན་ཚིམ་པ་ལ། །
མཁྲེགས་ཤིང་འཕྱང་བའི་ནུ་འབུར་ཟུང་ལ་ལག་པས་འཇུས་ན་ལང་བ་ལ། །
གོར་ཞིང་འབུར་བའི་ཨོང་དོ་འོག་ནས་ལན་གཅིག་བརྒྱོས་ན་སྤྲོ་བ་ལ། །
བཤད་དང་མ་བཤད་ཁྱད་པར་ཙམ་ལས་རང་སེམས་འཆོར་བའི་མི་དེ་ལ། །
བགྱིད་སྙིང་མི་བྲོ་སུ་ཡང་མེད་ཅེས་ཁོ་བོས་ཕལ་ཆེར་ཁ་ཚོན་བཅད། །
དེ་བས་ཁྱེད་ཀྱིས་ཐུགས་བསམ་བཞེས་ཏེ་ཁྱེད་ལ་དགའ་བའི་མི་ཞིག་གིས། །
སྙིང་གི་སྐད་ཆ་སྲོང་བོ་སྨྲས་པར་ཧམ་སེམས་རེད་ཅེས་མ་གཤེ་ཨ། །
ཁྱོད་དང་ང་ཞེས་ས་མཚམས་བཟོས་སོང་དངོས་ཡོད་འཚོ་བར་སྙིང་རྗེ་དབེན། །
བདག་གི་བདེན་པ་རྡོག་རོལ་བཏང་སོང་དངོས་ཡོད་འཚོ་བར་རྒྱུ་འབྲས་བྲལ།།
བརྩེ་ལྡན་བུ་ཆུང་སྣང་མེད་བཏང་སོང་དངོས་ཡོད་འཚོ་བར་ཁྲེལ་གཞུང་ཡལ།།
ད་ནི་ཅི་བྱ་གཏོལ་བྲལ་གྱུར་སོང་དངོས་ཡོད་འཚོ་བར་ཡི་ག་འགག །
________________
༢༠༡༥/༡/༡༨ ཉིན་གྱི་ཞོགས་པར་ཤར་མར་བྲིས་པ་ཡིན་པས། ཡིག་ནོར་གཡག་དང་མཛོའི་རོ་འདྲ་བོ་ཡོད་ངེས་པས་གསལ་བཤད་དུ་གསར་ཡག་ནས།
འབྲི་མོ་ཐོད་དཀར།
—- བུ་རྒོད་པོ།
འདི་ནས་ཡར་ལ་བརྩིས་པའི་ཟླ་གསུམ་གོང་།།
གྲོགས་པོ་འབྲི་རུ་བ་ཞིག་ཡོད་པ་དེས།།
བུ་མོ་ཐོད་དཀར་མ་ཞིག་ཁྲིད་ནས་བྱུང་།།
ཕ་ཡུལ་གང་ཡིན་ལ་སོགས་དེ་དུས་ཤེས།།
ཆར་བཞུད་ཆད་ཀྱང་ཆར་ཤུལ་མ་ཡལ་བའི།།
ཕྱི་དྲོ་ཞིག་ལ་འཛིན་ཁང་ཕྱི་རོལ་ནས།།
ཤིན་ཏུ་གྲང་ཡང་ཕྱི་ལ་ཡོད་པའི་དུས།།
འབྲི་མོ་ཐོད་དཀར་ལམ་ནས་ཡོང་བ་རིག།
རྒྱང་ཐག་རིང་ཡང་པར་ཞིག་བླངས་པ་ཡིན།།
གསལ་བོ་མེད་ཀྱང་གྲོགས་ལ་སྐུར་བ་ཡིན།།
ཆ་རྒྱུས་མེད་ཀྱང་ཡག་སྣང་བཤད་པ་ཡིན།།
ཉིན་མོ་དེ་ནས་དོ་སྣང་བྱས་པ་ཡིན་པ།།
མཚམས་རེ་ལམ་གྱི་ཟུར་ནས་ཐུག་གི་འདུག།
ཐུག་ཀྱང་བཤད་རྒྱུ་མེད་པ་འགྲོ་ལུགས་རེད།།
བར་རེ་སེམས་པའི་ནང་ལ་འཁོར་གྱི་འདུག།
འཁོར་ཡང་ཅི་བྱེད་མེད་པ་གཞན་དབང་རེད།།
ད་དགོང་གར་གྱི་སྟེགས་ལ་ཐོན་ནས་བྱུང་།།
གར་དེ་ཆ་ཚང་གློག་བརྙན་བྱས་ཤག་ཡོད།།
དེ་རྗེས་ཕར་ཙམ་དེ་ན་བསྡད་ནས་བྱུང་།།
ལྐོག་ནས་རྐུ་པར་ཁ་ཤས་བླངས་པ་ཡིན།།
རོགས་མོ་གསུམ་གྱིས་སྐོར་ར་འཁོར་ས་ནས།།
ཁྱོད་ནི་ལྡེམ་མཉེན་སྨྱུག་མའི་གར་མ་རེད།།
མཚན་དེའི་མུན་པའི་ངམ་ཁ་རུབ་ས་ནས།།
ཁྱོད་ནི་དཀར་གསལ་ཟླ་བའི་འོད་ཅན་རེད།།
དེ་རྗེས་སླར་ཡང་ཟ་ཁང་ཆུང་ཆུང་ནས།།
རོགས་མོ་ཚོ་དང་ལྷན་དུ་འཛུལ་ནས་བྱུང་།།
རོགས་མོ་ཚོ་ལ་བཤད་པའི་ཞར་ཞོར་ནས།།
ཟློས་གར་འཁྲབས་པ་ཡག་ཚུལ་ཞུས་ཤག་ཡོད།།
ཚུར་ལ་འཛུམ་པའི་སོ་དཀར་སྟོན་པའི་ཞོར།།
ཅི་ཡང་མི་བཤད་མགོ་བོ་གུག་སྟངས་དེས།།
བདག་ལ་ཅིས་ཀྱང་གོ་སྐབས་གནང་བ་སྟེ།།
ད་དུང་ཡང་ནི་ཅི་བཤད་རང་དབང་རེད།།
ཁ་ལག་ཁ་སོའི་བར་ལ་རྫོང་བའི་ཞོར།།
ཁ་མཚར་རྩེད་མོ་བརྒྱ་སྟོང་བཤད་པ་ཡིན།།
བཤད་པ་ཤིན་ཏུ་འགྲིག་པ་དཀའ་ན་ཡང་།།
ཡང་ཡང་འཛུམ་པ་དེ་ཡིས་དགའ་ནས་ཡོད།།
ཟོས་ནས་ཉལ་ཁང་ནང་དུ་ཡོང་བ་ཡིན།།
ཡོང་ཞོར་གྲོགས་ལ་ཁ་བརྡ་བྱས་པ་ན།།
ཁོ་ཡང་མོ་ལ་དགའ་ཚུལ་བཤད་ནས་བྱུང་།།
དགའ་ནས་འགུག་ཐབས་བྱས་ཚུལ་བཤད་ཀྱི་འདུག།
ངས་ཀྱང་གྲོགས་ལ་དྲང་མོར་ཞུས་པ་སྟེ།།
བདག་ཀྱང་མོ་ལ་ངེས་པར་དགའ་བ་དང་།།
དགའ་བ་ཙམ་ནི་ཅི་ཡང་མ་ཡིན་ཏེ།།
དགའ་བའི་རྒྱུ་མཚན་མང་བ་བཤད་པ་ཡིན།།
ལྷག་ཏུ་གསར་འབྱོལ་ཕོ་གསར་དགའ་ངེས་ཏེ།།
སྐྱེ་གཟུགས་ཤིན་ཏུ་བདེ་ཞིང་འཛའ་བ་དང་།།
ཁམས་དང་སྣང་བ་སྐྱིད་ཅིང་དྭངས་བ་ཡི།།
མཛེས་མའི་ཡོན་ཏན་འགའ་ནི་ཅིས་ཀྱང་འདུག།
དེ་བས་ཅིས་ཀྱང་དགོས་པར་ངེས་པ་ཡི།།
ཕན་ཚུན་ཁ་སེམས་མཐུན་པའི་རྨངས་གཞི་སྟེ།།
དགའ་ས་མཚར་སའི་འཚོ་བ་གཅིག་པ་དང་།།
མ་འོང་ཕུགས་འདུན་ཡང་ནི་གཅིག་ངེས་རེད།།
ས་མཐའི་མི་ཡི་ཡུལ་དུ་འཁྱམས་པ་དུས།།
ཁ་སེམས་མཐུན་པའི་སྐྱིད་སྡུག་གླེང་ས་དང་།།
རང་ཡུལ་མཉམ་དྲན་བྱེད་པའི་དགའ་མ་ཞིག།
ཡོད་ན་མི་ཡུལ་ས་མཐའི་སེམས་རྟེན་ཡིན།།
ཁ་སང་འཛུམ་ངོ་ཡག་པའི་གཞིས་མོ་ཚོ།།
དེ་རིང་དགའ་སྡུག་སྣང་བ་མི་མཐུན་དུས།།
ས་མཐའི་སྐྱོ་ལ་སྡུག་པའི་འཚོ་བ་ལ།།
ཤིན་ཏུ་སུན་པའི་གདུང་བ་ཁ་སྣོན་རེད།།
ཁ་ངོ་དཀར་དམར་ཙམ་ནི་ཅི་ཡང་མིན།།
སྐྱེ་གཟུགས་བདེ་མིན་ཙམ་ཡང་མ་རེད་དེ།།
སྐྱིད་སྡུག་མི་ཚེ་རིང་མོ་བསྐྱལ་རོགས་ལ།།
དགའ་སྡུག་སྣང་བ་ཅིས་ཀྱང་མཐུན་དགོས་འདུག།
རྒྱ་མོ་བརླ་ཤ་ཤིན་ཏུ་དཀར་དཀར་ཅན།།
དབྱིན་མོ་ནུ་རྐུབ་ཤིན་ཏུ་འབུར་འབུར་ཅན།།
ཧིན་བལ་ཟུར་མིག་ཤིན་ཏུ་གྲུང་མོ་ཚོ།།
ང་ནི་ཆགས་ས་ཙམ་ལས་དགའ་ས་མིན།།
དེ་ཚུལ་གང་དང་གང་ལ་བསམ་ན་ཡང་།།
འབྲི་རུ་ཡུལ་དུ་སྐྱེས་པའི་གསར་འབྱོར་མ།།
བདག་གི་སེམས་ལ་ཤིན་ཏུ་འབབ་པ་ཡིས།།
མིང་ཡང་”འབྲི་མོ་ཐོད་དཀར་”གསོལ་བ་ཡིན།།
འབྲི་མོ་ཐོད་དཀར་མ་ཁྱོད་དགའ་བར་ཤོག།
དགའ་བའི་བགོད་སྒྲ་ཡང་ཡང་ཐོས་པར་ཤོག།
འབྲི་མོ་ཐོད་དཀར་མ་ཁྱོད་སྐྱིད་པར་ཤོག།
སྐྱིད་པའི་འཚོ་བ་མཉམ་དུ་ཡོང་བར་ཤོག།
སློབ་གླིང་ཕོ་བརྒྱ་མོ་སྟོང་ཡོད་ས་ནས།།
ཁྱོད་ཀྱི་དབུ་འཕང་ཇེ་མཐོ་ཇེ་དར་ཤོག།
རིག་གནས་མེ་ཏོག་འདྲ་བོ་ལེན་ས་ནས།།
ཁྱེད་ལ་གེ་སར་མང་དུ་ཐོབ་པར་ཤོག།
ནམ་ཞིག་ལས་དང་བསྐལ་བ་བཟང་བའི་དུས།།
དགའ་དང་སྤྲོ་བ་ཁྲི་འབུམ་ཁུར་བྱས་ནས།།
ཕ་ཡུལ་འབྲི་རུ་ཕྱོགས་སུ་འགྲོ་བའི་དུས།།
འགྲོ་རོགས་ང་རང་ཡིན་པའི་སྨོན་ལམ་འདེབས།།
ད་ནི་མང་དུ་མི་འབྲི་མཚམས་འདི་ཡིན།།
བྲིས་ན་ཚར་རྒྱུ་མེད་པའི་སེམས་གཏམ་ནི།།
འབྲི་མོ་ཁྱོད་ཀྱིས་གནང་བའི་ལེགས་སྐྱེས་དེ།།
བདག་གི་ཁོག་ལ་ཤར་བའི་འཇའ་རིས་ཡིན།།
ད་ནི་ནམ་ཞིག་ཁོམ་པའི་སྐབས་ཡོད་ན།།
བདག་ནི་ཅིས་ཀྱང་མི་དལ་འདུར་དགོས་སྟེ།།
འབྲི་མོ་ཐོད་དཀར་མ་འདི་བདག་མེད་རེད།།
བདག་ལ་ཅིས་ཀྱང་བདག་པར་བྱེད་དགོས་ཡོད།།
ཆུ་ཚོད་གཅིག་གི་ནང་ཤར་སེ་བྲིས་པ་ཡིན།
འབྲི་མོ་ཐོད་དཀར།
___ཕོ་གསར་སྣང་སྐྱིད།
ཝུ་ཆུང་བཞིན་བཏུང་ན་འདོད་ཅིང
ཐ་མག་བཞིན་འཐེན་ན་འདོད
ཡིག་འབྲུ་གསུམ་མིད་པ་ནས་འགུལ་གྱིན
ཁ་ལྕེ་གཉིས་ཀྱི་བར་ན་འཁོར་ཏེ་ཡུན་རིང་ལྷག
ཅི་ཡང་མི་སྨྲ་བའི་ལམ་ཟུར་གྱི་འཛུམ་མདངས་དེས
ཡང་སྙིང་སུ་ཞིག་ལ་ན་ཟུག་གིས་མེ་སྟག་གཙུབ་ཡོད།
དྲོ་སྣང་མེད་པའི་དགུང་གཞུང་གི་སེམས་པ
གྲང་འདར་ཁོ་ནས་རང་ཉིད་བོར་འགྲོ་དུས
ཁོར་ཡུག་འདིས་ན་ཟུག་དམར་པོ་དེ་ཁྱེད་ཉིད་ཡིན་པ་ཤེས།
ཧ་ཅང་བ ཏུང་འདོད་པའི་ཝུ་ཆང་བཞིན
ཧ་ཅང་འཐེན་འདོད་པའི་ཐ་མ་བཞིན
མིད་པ་འགུལ་འགུལ་དང་མིག་ཟུང་ཅེར་ཅེར་གྱིས
ད་དུང་ག་ཚོད་ཅིག་བསྒུག་དགོས་སམ
_____________________________
2015/1/19
འབྲི་མོ་ཐོད་དཀར།
—–མགལ་དུམ།
ལོ་ངོ་འགའ་ཤས་སིལ་བུར་འདས་པའི་དབྱར་གཞུང་ཞིག་གི་དུས་སྐབས་སུ།།
བོད་ནས་སླེབས་ཞེས་ཕོ་མོ་སྐོར་ཞིག་སུ་ཇཱ་སློབ་གྲྭར་འབྱོར་ནས་ཐལ།།
ང་རང་ཐེ་བའི་ཕོ་གསར་རེ་ཞིག་ལྷན་དུ་འཛོམས་ཤིང་གྲོས་བྱས་ཏེ།།
བུ་མོ་དེ་ཚོ་བལྟ་རུ་སོང་སྟེ་མཛེས་མ་སུ་རེད་དཔྱད་པ་ཡིན།།
ཞོགས་པ་ཚང་འཛོམས་གནང་ཐེངས་རེ་རེར་ཟུར་མིག་ལྐོག་ནས་འཕངས་པ་ཡིན།།
བལྟས་ཀྱིན་བལྟས་ཀྱིན་མིག་ལ་རན་པའི་འབྲེལ་བ་བྱ་རྒྱུར་འབད་པ་ཡིན།།
ཉལ་གྲོགས་ཡིན་པའི་ཕོ་གསར་ཞིག་གིས་བོད་ཡིག་ཡག་རབས་བཀྲལ་བ་ནས།།
སྨྱུག་གྲོགས་ཨེ་བསྒྲིགས་བལྟ་དགོས་སྙམ་མོད་གོ་སྐབས་ཡེ་ནས་མ་བྱུང་ཐལ།།
ལས་དབང་ཡིན་ནམ་ལྟེས་དབང་ཡིན་ནམ་ང་ཚོ་འདྲིས་ཤིང་ལོབས་པ་རེད། །
ཁང་ཚན་གཅིག་གི་ཞེན་ཁོག་ཁུར་ཏེ་ང་ཚོ་ཟེར་བཞིན་བཞུད་པ་ཡིན།།
དགའ་ཞེས་ལབ་ན་དེ་ཡང་མི་འགྲིག་ཇི་ལྟར་འགྲེལ་དགོས་མི་ཤེས་མོད།།
སྣང་བའི་ཡུལ་དུ་ཟུག་ནས་འགྲོ་བའི་ཐུག་དུས་འཛོམས་དུས་སྤྲོ་བོ་འདུག།
སློབ་གྲྭའི་གླུ་གཞས་འགྲན་བསྡུར་ཤིག་ལ་ང་ཚོས་མཉམ་དུ་བརྩོན་པ་ཡིས།།
འུ་ཚོ་རྒྱལ་བའི་འཛུམ་མདངས་ངོགས་ནས་ཡང་ཡང་དགོད་སྒྲ་གློད་པ་ཡིན།།
སྟབས་ཁ་དེ་དུས་ཧ་ཅང་བདེ་བས་མཉམ་དུ་པར་ཞིག་བཏབ་པ་ཡིན།།
ད་ལྟ་ད་དུང་ཉར་ཚགས་བྱེད་བཞིན་ལན་རེ་ཡང་ཡང་ཅེེར་བཞིན་ཡོད།།
མི་ཁ་མང་ཞིང་ཇུས་གཏོགས་རྒོད་པའི་སུ་ཇཱའི་ར་བ་ཆུང་ཆུང་ནས།།
འདོད་པ་ཆགས་པ་སྲེད་པ་སོགས་ཀྱི་ཚིག་ཅིག་བཤད་དབང་མ་ཡོད་པར།།
རང་རང་གནས་སུ་ཁ་ཁར་གྱེས་ཏེ་བགྲང་བྱ་ཡ་གཅིག་ཟད་མོད་ཀྱང་།
སླར་ཡང་སློབ་གྲྭ་གཅིག་ཏུ་མཇལ་ཏེ་དགའ་བའི་འཛུམ་གྱིས་བསུས་པ་ཡིན།།
ཁྱེད་རང་དེ་གར་འབྱོར་བའི་ཉིན་མོར་ཁོ་བོ་ལམ་ལ་ཆས་པ་ཡིན།།
ལས་དབང་ཟེར་ཡ་འཁོར་ལོ་འདྲ་བས་གང་ལ་ཐོན་འགྲོ་ངེས་མེད་རེད།།
མཇལ་འཛོམས་འདི་ཀོ་བསླུ་བྲིད་འདྲ་ལེ་ནམ་ཞིག་སྙིང་འདིའི་ལན་ཆགས་རེད།།
ཚེ་འདིར་ཤེད་མཐུན་ཉེ་བོ་ཞིག་ལས་དགའ་རོགས་ལ་སོགས་ཁག་ལེ་འདྲ།།
འབྲི་མོ་ཐོད་དཀར་ཤིན་ཏུ་མཛེས་ཞེས་གྲོགས་པོ་དག་གིས་གླེང་གིན་གདའ།།
དེ་ནི་སུ་ཡིན་འདི་ཡིན་མ་ཤེས་རེ་ཞིག་ང་ཡང་ཧད་དེ་ཡོད།།
ཉིན་འགའི་སྔོན་གྱི་མཚན་མོ་ཞིག་ལ་ཁོ་མོའི་འདྲ་ཞིག་བཏང་རྗེས་སུ།།
འབྲི་མོ་ཐོད་དཀར་འདི་རེད་ཟེར་བཞིན་མཛངས་མའི་ཆ་འགའ་བརྩིས་ནས་ཐལ།།
ཧོབ་ཏུ་ཐོས་པའི་སྐད་ཆ་དེ་གས་ཁོ་བོ་ཡང་ཡང་སྦྲིད་དགོས་བྱུང་།།
ཁོར་ཡུག་དེ་གའི་ལབ་གླེང་ཁྲོད་དུ་ཁྱེད་ཀྱི་སྙན་པ་འབར་གྱིན་འདུག །
སྐྱ་སེར་གསར་བུ་རྒན་གཞོན་དག་གིས་འབྲི་མོ་ཟེར་དུས་ཧད་དེ་འདུག།
གོ་ལ་འདི་ཡི་ཕར་ཕྱོགས་ཤིག་ཏུ་ངས་ཀྱང་དྲན་པར་གསོས་ནས་ཡོད།།
སང་ལོར་དེ་གར་འབྱོར་དུས་ཤིག་ལ་འཇམ་པོའི་འོ་ཞིག་མ་བརྗེད་རོགས།།
༢༠༡༥-༡-༡༨ མཚན་མོར་མལ་ས་རུ་གཉིད་མ་ཁུག་པའི་སྔ་རོལ་ཏག་ཏག་ལ།
གོ་རྟོགས་དཀའ་འདུག་།
ཡག་མོ་འགའ་ཡིན་ལེ་འདའ་།
བོད་པའི་སྙན་ངག་ཚང་མ་བུ་མོ་ལ་སྦྱར་དགོས་ཀྱི་ཡོད་པ་ཡིན་ནམ་།
ཕོ་ཉུལ་ ཟེར་ན་ ག་རེ་ རེད།
ཕོ་ཉུལ་ཟེར་ན་ཁྱི་ནང་བཞིན་རེད་
ཁྱི་ནང་བཞིན་ཟེར་ན། འཆལ་པོ་རེད་ཟེར་འདོད་དམ། ལགས།
ལགས་རེད་
ཕོ་ཉུལ་ཞེས་པ་ནི་ཨ་མདོའི་ཁ་སྐད་དུ་ཧོ་ཉུག་ཀྱང་ཟེར། མདོར་ན་བུ་མོ་བཙལ་དུ་སོང་བའི་དོན་རེད།
ཕོ་ཉུལ་དང་ཧོ་ཉུག་ཁྱི་འཁྱྱམས་འཆལ་པོ་དོན་གཅིག་རེད་
ལགས། ལགས་སོ།།
ཕོ་ཉུལ་ཟེར་ན་ཁྱི་ཕོ་ནང་བཞིན་མཚན་ལ་མི་ཉལ་ནས་གང་ས་ག་ལ་བུ་མོ་འཚོལ་བར་ཉུལ་ནས་འགྲོ་མཁན་ལ་ཟེར་་་་ཡུལ་ལུང་འགའ་རེར་ཁྱི་བརྡུང་ཟེར་་་་བུ་མོའི་སྒོ་ཙར་འགྲོ་དུས་ཁྱི་ཧབ་དུས་ཁྱི་ལ་བརྡུང་ནས་ནང་དུ་འགྲོ་བ་ལ་ཟེར། ཧ་ཧ་ཧ་དེང་ས་ཁྱི་དེ་འདྲ་ཡོད་པ་མ་རེད། cctv ཡོད་རེད་སི་ཏྲི་འགེབ་གཡོགས་ཟེར་ན་འགྲིག