སྤོབས་པ་མཐའ་ཡས།
མི་ཡི་དབང་པོ་པཎ་ཆེན་བླ་མའི་དྲུང༌། །
མི་བྱེད་དགུ་བྱེད་ཚངས་དབྱངས་རྒྱ་མཚོ་ཡིས། །
མི་བསྲུང་མི་བསྲུང་སྡོམ་པ་མི་བསྲུང་ཞེས། །
མི་ཁར་མ་འཛེམས་བརྟུལ་ཞུགས་སྤྱོད་པ་བསྐྱངས། །
མི་སྡུག་ཧོར་སོག་སྲིན་པོའི་མཚོན་ཆའི་འོག །
མི་ཡི་བདག་པོ་སངས་རྒྱས་རྒྱ་མཚོ་ཡིས། །
མི་གཏོང་མི་གཏོང་རྒྱལ་སྲིད་མི་གཏོང་ཞེས། །
མི་མགོ་ཧོར་ལ་ཤོར་ཡང་ཕངས་པ་བྲལ། །
མི་ཡི་རིགས་ཀྱི་དགོས་མཁོ་སྐོང་སླད་དུ། །
མི་ཡི་ཡང་རབ་དགེ་འདུན་ཆོས་འཕེལ་གྱིས། །
མི་གསང་མི་གསང་ཉམས་མྱོང་མི་གསང་ཞེས། །
མི་ལ་ལེགས་སྐྱེས་འདོད་པའི་བསྟན་བཅོས་བཞག །
མི་རིགས་ཤིག་གི་ཤི་གསོན་འགག་རྩ་རུ། །
མི་ཡི་སྔོན་ཐོན་ཞོགས་དུང་བཀྲ་རྒྱལ་གྱིས། །
མི་དད་མི་དད་ཆོས་ལ་མི་དད་ཅེས། །
མི་འཇིགས་སེངྒེའི་ང་རོ་བོད་ལ་བསྒྲགས། །
མི་རྐྱང་འཁྱམས་པོ་སྤྲུལ་སྐུ་ཡེ་རྒྱམ་གྱིས། །
མི་བསྲུན་དགེ་བསྐོས་བཙན་པོའི་དྲག་སྤྱོད་འདི། །
མི་མཐུན་མི་མཐུན་ཆོས་དང་མི་མཐུན་ཞེས།
མི་ལ་མཁོ་བའི་དྲང་གཏམ་ཐོག་མར་སྤེལ། །
མཇུག་འདིར་རང་ལ་སྦྱར་བའི་ཤོ་ལོ་ཀ་གཅིག་ཡོད་ཀྱང་གནས་སྐབས་དགོས་དབང་གི་མ་བཀོད།