དོལ་སྨྱོན།
༡༽
སེམས་སོང་བུ་མོའི་བཞིན་རས་མཐོང་དུས་སྨྱོན་པ་མི་སྨྱོ་རང་སྨྱོ་རེད།།
སེམས་ཀྱི་ཕྱི་ནང་སྨུག་པས་བཏུམས་དུས་སྙན་ངག་མི་འབྲི་རང་འབྲི་རེད།།
ཡོད་ཚད་མུན་པའི་ཟབ་སར་འཐིམ་དུས་རྒུན་ཆང་མི་འཐུང་རང་འཐུང་རེད།།
ཐམས་ཅད་ཐལ་བའི་རྡུལ་དང་འདྲེས་དུས་སྨྱོན་པ་མི་ངུ་རང་ངུ་རེད།།
༢༽
མེ་ཏོག་ལྟ་བུའི་འཇིག་རྟེན་འདི་ཉིད་མྱ་ངམ་བྱེ་མའི་ཐང་དང་མཚུངས།།
འཚོར་ཤུགས་སྐྱེན་པའི་རྣམ་དཔྱོད་འདི་ཉིད་རྡོ་ཡིས་རྨས་པའི་བྱ་དང་མཚུངས།།
མཛེས་ཉམས་དོད་པའི་འཁོར་ཡུག་འདི་ཉིད་མི་སྡུག་གཤིན་རྗེའི་གླིང་དང་མཚུངས།།
ཡོད་ཚད་སུན་པའི་རྒྱུ་རུ་གྱུར་དུས་སྨྱོན་པའི་རྣམ་ཐར་འཁྲབ་འགོ་ཚུགས།།
༣༽
བྱེ་བ་ས་ཡའི་ཉི་འོད་འཕྲོས་ཀྱང་སྨྱོན་པའི་འཇིག་རྟེན་ནག་འཐུམ་འཐུམ།།
བརྒྱ་རྩ་བརྒྱད་ཀྱི་ཟས་རིགས་བཤམས་རུང་སྨྱོན་པའི་ཡི་ག་ཞེ་མེར་མེར།།
འཁྲི་མ་འབུམ་གྱི་རྒུན་ཆང་བསྒྲིག་རུང་སྨྱོན་པའི་སེམས་ཁམས་གྲང་ཤུར་ཤུར།།
ཡོད་ཚད་ཁྱོད་ལ་ཤོར་བའི་ཉིན་ནས་སྨྱོན་པའི་རྣམ་ཐར་འཁྲབ་འགོ་ཚུགས།།
༤༽
ཕྱི་ཚུལ་མཛེས་པོའི་འཛུམ་ཞིག་ཤོར་རུང་འཛུམ་དེའི་ཁོངས་ན་ན་ཟུག་ཅིག།
མཐོང་སྣང་ཡོད་ཚད་ཁྱོད་ཀྱིས་ཁྱབ་རུང་ཁྱོད་ཀྱི་མིག་ཟུང་གཞན་པ་ཞིག།
རང་གིས་རང་ལ་ཇི་ཙམ་བཅུན་རུང་ཞེ་ཐང་ཆད་པའི་བྱ་བཞག་ཅིག།
ཡོད་ཚད་ཁྱོད་ལ་འཆས་པའི་ཉིན་ནས་སྨྱོན་པའི་རྣམ་ཐར་འཁྲབ་འགོ་ཚུགས།།
༥༽
ཞོགས་པ་མིག་ཟུང་ཐོག་མར་ཕྱེ་དུས་དང་པོར་མཐོང་བ་ཁྱོད་རང་ཉིད།།
ཕྱི་དྲོ་མིག་ཟུང་དལ་གྱིས་བཙུམས་དུས་སེམས་ནང་དྲན་པ་ཁྱོད་རང་ཉིད།།
སེམས་དང་ཀླད་པའི་འཁོར་ཡུག་ཀུན་ལ་རིམ་གྱིས་ཁྱབ་པ་ཁྱོད་རང་ཉིད།།
ཡོད་ཚད་ཁྱོད་ལ་འཐིམ་པའི་ཉིན་ནས་སྨྱོན་པའི་རྣམ་ཐར་འཁྲབ་འགོ་ཚུགས།།
༦༽
རྒུན་ཆང་མངར་མོའི་བཟི་ཁའི་ཁྲོད་ན་སྙིང་སྡུག་ཞལ་རས་འཛུམ་དམུལ་དམུལ།།
ཚོར་འདུ་སྐྱེན་པོའི་སྙན་ཚིག་ཁོངས་ན་སྙིང་སྡུག་ལང་ཚོ་འཕྲ་ཆེམས་ཆེམ།།
ང་ཡི་སེམས་ཀྱི་འཆར་སྒོ་ཡོད་ཚད་ཁྱོད་ལ་འཆས་པའི་ཉིན་མོ་ནས།།
སྨྱོན་པའི་སྨྱོ་ལུགས་བཅོ་བརྒྱད་མི་ཚད་བརྒྱ་དང་བརྒྱད་ཅུའི་རྣམ་ཐར་ཡོད།།
༧༽
ཐང་ཕྱེ་རིལ་བུའི་སྨན་གྱིས་མ་ཕན་སྨྱོན་པའི་ན་ཟུག་ཇེ་ཆེ་རེད།།
ཉི་མ་ཟླ་བ་འོད་ཀྱིས་མི་སེལ་སྨྱོན་པའི་འཇིག་རྟེན་མུན་ནག་རེད།།
སེམས་དང་སེམས་ཀྱི་འཆར་སྒོ་ཡོད་ཚད་ཁྱོད་ལ་འཐིམ་པའི་ཉིན་མོ་ནས།།
སྨྱོན་པའི་སྨྱོ་ལུགས་བཅོ་བརྒྱད་མི་ཚད་བརྒྱ་དང་བརྒྱད་ཅུའི་རྣམ་ཐར་ཡོད།།
༨༽
རྒུན་ཆང་མངར་མོའི་བཟི་ཁ་མངར་རུང་སེམས་ཀྱི་འཕར་ལྡིང་ཇེ་ཆེ་རེད།།
སྙན་ཚིག་སྙན་མོའི་དྲོ་ཁ་ལྕི་རུང་དབང་པོ་སྒོ་ལྔ་མུན་ནག་རེད།།
ང་དང་ང་ཡི་འཁོར་ཡུག་ཡོད་ཚད་ཁྱོད་ཀྱིས་ཁྱབ་པའི་ཉིན་མོ་ནས།།
སྨྱོན་པའི་སྨྱོ་ལུགས་བཅོ་བརྒྱད་མི་ཚད་བརྒྱ་དང་བརྒྱད་ཅུའི་རྣམ་ཐར་ཡོད།།
༩༽
རྒུན་ཆང་མངར་མོའི་བཟི་ཁ་ཞིམ་རུང་ལུས་ཟུངས་ཟད་པའི་གཞི་རྩ་རེད།།
སེམས་སོང་བུ་མོའི་བཞིན་རས་མཛེས་རུང་སེམས་པ་སྐྱོ་བའི་མ་རྩ་རེད།།
མཛུབ་རྩེས་བཞུར་བའི་སྙན་ཚིག་སྙན་རུང་ཡིད་ཐང་ཆད་པའི་འོ་འདོད་རེད།།
སྨྱོན་པའི་སྨྱོ་ལུགས་བཅོ་བརྒྱད་མི་ཚད་བརྒྱ་དང་བརྒྱད་ཅུའི་རྣམ་ཐར་ཡོད།།
༡༠༽
སྟོན་ལོ་སེར་པོའི་ལྗིད་ལས་སྙི་བའི་ཁེར་རྐྱང་སེམས་པ་གྲང་མོ་འདི།།
དཔྱིད་རླུང་བསིལ་མོའི་དཔལ་དང་བསྡོངས་ནས་གྲུ་ཁ་གང་ན་གཡོ་བཞིན་འདུག།
དབྱར་གྱི་ཕོ་ཉའི་མགྲིན་དབྱངས་སྙན་མོ་རྣ་བའི་བུ་གར་སིམ་ན་ཡང་།།
དགུན་གསུམ་བཞུར་བའི་ཆུ་འཁྱགས་གསེབ་ན་སྨྱོན་པའི་སེམས་པ་གྲང་ཤུར་ཤུར།།
༡༡༽
སེམས་ཀྱི་གཏིང་ན་ནད་ཅིག་ཕོག་དུས་སྨྱོན་པའི་འཇིག་རྟེན་མུན་པས་བསྒྲིབས།།
ཀླད་པའི་དབང་པོར་གདོན་ཞིག་འཛུལ་དུས་སྨྱོན་པའི་འཁོར་ཡུག་མུ་གེས་བཅོམས།།
སེམས་དང་བསམ་པའི་ཁྱེར་གསོ་ཡོད་ཚད་ཁྱོད་ལ་འཆས་པའི་ཉིན་མོ་ནས།།
སྨྱོན་པའི་འཇིག་རྟེན་མཛེས་པོ་དེ་ཡང་སད་ཀྱིས་བཅོམས་པའི་མེ་ཏོག་བཞིན།།
༡༢༽
ཁེར་རྐྱང་ངུས་པའི་མིག་ཆུའི་ཐིགས་པ་ཡར་ཀླུང་གཙང་པོའི་རྒྱུན་ལ་འདྲེས།།
སེམས་ཀྱི་གཏིང་ནས་ཤོར་བའི་དབུགས་རིང་སྟོན་འཇུག་དྲག་པོའི་རླུང་ལ་འགྲན།།
ཁུ་སིམ་ཞིང་ནས་གཏོར་བའི་སྐྱོ་གདུང་དགུང་སྔོན་ཐོན་པོའི་དབྱིངས་ལ་འཐིམ།།
སེམས་ཀྱི་སྐྱོ་བ་གཟུགས་སུ་གྲུབ་ན་སྟོང་གསུམ་འདི་ཡང་སྣོད་དུ་ཆུང་།།
༡༣༽
སེམས་ཀྱི་ཕྱི་ནང་ཁྱོད་ཀྱིས་ཁྱབ་དུས་ང་ནི་འདབ་ཆགས་གཤོག་ཟད་ཅིག།
ཀླད་པའི་འཁོར་ཡུག་ཁྱོད་ཀྱིས་གཏམས་དུས་ང་ནི་སྐམ་སའི་ཉ་མོ་ཞིག།
ཕུགས་འདུན་ཡོད་ཚད་ཁྱོད་ལ་བཅོལ་དུས་ང་ནི་བསམ་མེད་བྱིས་པ་ཞིག།
བྱ་བཞག་ཐམས་ཅད་རྡུལ་དང་འདྲེས་དུས་ང་ནི་སྨྱོན་པ་ངོ་མ་ཞིག།
༡༤༽
ང་ཡི་མཐོང་ཚད་ཁྱོད་རང་ཡིན་ཡང་ཁྱོད་ཀྱི་མཐོང་ཚད་གཞན་པ་ཞིག།
ང་ཡི་བསམ་ཚད་ཁྱོད་རང་ཡིན་ཡང་ཁྱོད་ཀྱི་བསམ་ཚད་གཞན་པ་ཞིག།
ང་ཡི་རེ་ལྟོས་ཁྱོད་རང་ཡིན་ཡང་ཁྱོད་ཀྱི་རེ་ལྟོས་གཞན་པ་ཞིག།
ང་ཡི་ཡོད་ཚད་ཁྱོད་རང་ཡིན་ཡང་ཁྱོད་ཀྱི་ཡོད་ཚད་གཞན་པ་ཞིག།
༡༥༽
འུ་གཉིས་བར་གྱི་འབྲེལ་བ་འདི་ཉིད་རྒྱུ་འབྲས་མེད་པའི་བྱ་བཞག་ཅིག།།
ང་དང་ཁྱོད་ཅེས་ཐ་སྙད་འདི་ཡང་དོན་གྱིས་སྟོང་པའི་ཆུ་ཤིང་ཞིག།།
ནམ་ཡང་དགོད་སྒྲའི་ཁྲོད་ན་འཚོ་བ་སྙིང་སྡུག་ཁྱོད་ཀྱི་རྒྱལ་ཁ་ཞིག།།
ཡོད་ཚད་མིག་ཆུའི་གཏིང་ན་འཐིམ་པ་སྨྱོན་པ་ང་ཡི་ལས་དབང་ཞིག།།
སྨྱོས་པའི་སྨྱོས་ལུགས་བཅོ་བརྒྱད་གསལ་བར་ཤེས་པ་ན།
སྨྱོས་པའི་རྒྱུ་རྐྱེན་ཇི་ཡིན་གཏིང་ནས་རྩད་དཔྱད་ནས།
སྨྱོ་བྱེད་དུག་རྩ་ཡིན་པར་རང་གིས་ཤེས་འགྱུར་ན
དེ་དང་འདྲ་བར་དམིགས་པ་སྤོ་བཞིན་སྟོང་པ་བསྒོམ།
སྟོང་པའི་ངོ་བོ་ཇི་ཡིན་ཤེས་པར་འགྱུར་བ་ན།
དགའ་དང་མི་དགའི་ལེགས་ཉེས་ཐམས་ཅད་རོ་སྙོམས་འགྱུར།
སྨྱོས་པའི་གཞི་འགྲམ་འཛུམ་དཀར་ལྷ་མོའི་ཞལ་རས་དེ།
མི་སྡུག་གདོང་དམར་ཁྲག་རལ་ཤིག་ཤིག་སྲིན་མོར་བསྒོམ།
སླར་ཡང་སྔར་སེམས་སྨྱོས་པ་སངས་པར་མ་གྱུར་ན།
ལན་གཅིག་ལས་ཀྱི་བག་ཆགས་འཐུག་པོའི་རྒྱར་ཚུད་པས།
སྐྱེ་ལུས་འདི་བཞིན་བྱི་ཆུང་ཚང་བཞིན་བརྗེ་གྱུར་ནས།
ཕྱི་མར་སྟངས་དབྱལ་གཅིག་ཏུ་འཛོམས་པའི་སྨོན་ལམ་ཐོབ།