བསང་ཆུ་འབྲུག་བྷེ།
___བོད་ཀྱི་ལོ་རྒྱུས་སྨྲ་བའི་མཁས་པ་ཨ་ཁུ་རྔོག་རྒྱུད་འཇམ་དབྱངས་འཕྲིན་ལས་ཚང་སྐུ་གཤེགས་པར།
དེ་རིང་ནས་བརྩིས་པའི་ལོ་ངོ་བཅུ་ཕྲག་གཅིག་གི་ཡར་སྔོན་ཞིག་ལ། ཕྲན་ཁོ་བོ་བོད་ཁམས་འགྲུལ་བཞུད་ལ་ཉུལ་པའི་སྐལ་བ་ལྡན་ཞིང་དུས་དེར་བོད་ནང་གི་སྐྱེས་བུ་མང་བོ་ཞིག་དང་ལྷན་དུ་མཇལ་འཛོམས་ཀྱི་གོ་སྐབས་བཟང་པོ་རེ་ཐོབ་མྱོང་བ་ལས། བགོ་སྐལ་དེ་དག་གི་ཁྲོད་ནས་བོད་ཀྱི་ལོ་རྒྱུས་སྨྲ་བ་རྔོག་རྒྱུད་འཇམ་དབྱངས་འཕྲིན་ལས་ཚང་ནི་ནམ་ཡང་ངའི་སེམས་ཀྱི་རྩིག་ལྡེབས་ངོས་སུ་དྲིན་ཆེན་དུ་ཚོར་དགོས་པའི་མི་སྣ་རླབས་ཆེན་ཞིག་ཡིན།
སྔོན་མར་ངས་རྒན་རྔོག་རྒྱུད་འཇམ་དབྱངས་འཕྲིན་ལས་ཚང་ཁོང་ངོ་ཙམ་ཡང་མི་ཤེས་མོད། འོན་ཀྱང་རྒན་ཧོར་གཙང་འཇིགས་མེད་ཀྱིས་ངོ་སྤྲོད་བྱས་པ་བཞིན་ཉིན་ཞིག་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཁོང་གི་གཟིམ་ཤག་ཏུ་མཇལ་བར་བཅར། སྐབས་དེར་ཁོང་ཚང་གིས་ཆེ་འདོད་དྲག་འདོད་དང་མི་ཆེན་མཁས་ཆེན་ཚོའི་ངང་ཚུལ་ལས་རིང་ལས་བརྒལ་ཏེ་ཕན་ཚུན་འཚམས་འདྲིའི་ནང་མོ་ལྷུག་པོ་གནང་བ་དང་། བློ་ཁོག་ཡངས་པོ་དང་སྙིང་སྟོབས་ཆེན་པོས་བཀའ་མོལ་ལམ་སྟོན་རྩ་ཆེན་སྨན་ངེས་ཡང་གནང་བྱུང་།
དེ་ནས་ཕྲན་རང་རང་གི་ལས་དོན་དང་ཁ་བརྡ་ཆེད་ཁོང་ཚང་ལ་ཐེངས་མང་བོ་བཅར་མྱོང་བ་དང་། ཨ་ཁུ་རྔོག་རྒྱུད་འཇམ་དབྱངས་འཕྲིན་ལས་ཚང་ནི་འདྲིས་ཀྱིན་འདྲིས་ཀྱིན་ཞིབ་བདེ་བ་དང་ཡོན་ཏན་གྱི་ཁྱད་ཆོས་ཧ་ཅང་མང་བོ་ཞིག་མཐོང་ངེས་པའི་སྐྱེས་བུ་ཞིག་ཡིན།
ཁོང་གིས་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་དུ་སྐྱ་སེར་སློབ་བུ་མང་བོར་ཆོས་རིག་དང་ལོ་རྒྱུས་དཔེ་ཁྲིད་ཡུན་དུ་གནང་ནས་རིག་གནས་ཡར་དར་གྱི་ལག་རྗེས་རྨད་དུ་བྱུང་བ་བཞག་ཡོད་ལ། ལྷག་ཏུ་བོད་མི་རིགས་ཀྱི་སློབ་གསོའི་ལས་དོན་ཐད་ཐུགས་ཁུར་བརྩེ་སེམས་ཀྱིས་སྒོ་ཀུན་བསླངས་ཏེ་བསམ་བློ་ཡང་དག་གིས་ལག་ལེན་དངོས་ཀྱི་བྱ་གཞག་ཀྱང་མང་བོ་བསྒྲུབས་ཡོད།
ཁོང་ཚང་གིས་སྐྱ་ཟད་སྔོ་སྡུག་གི་དུས་འདིར་བོད་ཀྱི་ལོ་རྒྱུས་ཀྱི་ནང་སྙིང་རིན་ཐང་བྲལ་བ་མང་བོ་ཞིག་ཁོང་དུ་ཆུབ་པ་སྟེ། ཁོང་གིས་བོད་ཁུལ་གྱི་ཚོ་བ་ཁག་ལ་རྒྱ་ནག་མན་ཇི་གཞུང་དང་། དེའི་རྗེས་མ་པོ་ཧྥང་། ད་ལྟའི་གུང་ཁྲན་སྲིད་གཞུང་སོགས་ཀྱིས་ལོ་རྒྱུས་རིམ་པའི་ནང་བཅད་བགོས་བྱས་ནས་ཆབ་སྲིད་ཀྱི་ཐོག་ནས་བོད་མིའི་གོང་བུའི་ནུས་པ་གཏོར་བཤིག་དང་ནུས་མེད་གཏོང་འཆར་གྱི་བསམ་བློའི་སྔ་རིམ་བཞིན་ཡོད་པའི་འཚོལ་ཞིབ་འབྲས་རྟགས་ཀྱི་རྩོམ་ཡིག་མང་དུ་མཆིས་པ་དང་། དཔེར་ན་ད་ལྟའི་རྒྱ་ནག་གཞུང་གིས་སྲིད་འཛིན་ས་ཁོངས་ཀྱི་བཅད་དགོས་འོག་གི་ཀན་སུའུ་ཞིང་ཆེན་ཟེར་བའི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ལ། ཀན་ལྷོ་ལས་མདོ་ལྷོ་བོད་རིགས་ས་ཁུལ་ཞེས་འདོགས་དགོས་པའི་བློ་འདོན་དང་གསར་གཏོད་པ་དེ་ཡང་ཁོ་ཚང་ཡིན། གཞན་ད་ལྟ་བོད་ཕྱི་ནང་གི་སྐྱེས་པོ་ཚང་མའི་ཁ་འདོན་དུ་བཏོན་བཞིན་པའི་ཞལ་འདོན་ཕྱོགས་བསྒྲིགས་ཞེས་པ་དེ་ཐེངས་དང་བོ་ཁོང་ཚང་གིས་བློ་འདོན་གནང་ནས་བོད་ཁམས་ཡོངས་ལ་གྲགས་པར་སྐད།
ཁོང་ནི་གཞན་ཕན་གྱི་ལྷག་བསམ་ཀུན་ནས་ཕྱུག་པའི་སྐྱེས་བུ་ཞིག་ཡིན་རྐྱེན། བོད་ཀྱི་མཁས་པ་འགའ་ལྟར་བདག་འཛིན་ལ་དགའ་ནས་ལོ་རྒྱུས་རྒྱུ་ཆ་དང་དཔེ་རྙིང་དཀོན་པོ་རེ་ཡོད་ཚེ་ཡི་དྭགས་བཞིན་རང་ཉིད་ལ་རྔམ་ནས་ནས་མི་འདུག་པར་རང་ཉིད་ལ་གང་ཡོད་པའི་རྒྱུ་ཆ་དང་ཡོན་ཏན་དེ་རྣམས་ཕྱི་རབས་པར་སྤྲོད་འདོད་ཀྱི་ཀུན་སློང་རྨང་ནས་ཡོད་མཁན་ཞིག་ཡིན། ཉིན་ཞིག་བླ་བྲང་བཀྲ་ཤིས་འཁྱིལ་དུ་སློབ་གཉེར་གནང་བཞིན་པའི་དཔལ་འབར་སྤྲུལ་སྐུ་བསྟན་འཛིན་ངག་དབང་རྒྱལ་མཚན་མཆོག་གིས<<གངས་ལྗོངས་ཀུན་གསལ་མེ་ལོང་།>>ཞེས་པའི་ལོ་རྒྱུས་དེབ་ཅིག་བརྩམས་ཡོད་པར་ཁོང་ཚང་གིས་དགྱེས་ཚོར་ཆེན་པོས་ལམ་སྟོན་དང་བསྔགས་བརྗོད་ཚད་མེད་གནང་བ་དང་། ཕྱིས་སུ་ཡང་བོད་ཀྱི་སྤྲུལ་སྐུ་ཆུང་ཆུང་ཚོས་བོད་ཀྱི་ལོ་རྒྱུས་ཐད་ལ་སློབ་གཉེར་གནང་ན་དགེ་མཚན་ཆེ་བའི་བཀའ་མོལ་ཟབ་མོ་གནང་བ་དངོས་སུ་གོ་ཐོས་བྱུང་།
ཡང་མཚམས་རེར་ཁོང་གིས་རྩོམ་བྲིས་གནང་བའི་དཔྱད་རྩོམ་དུས་དེབ་ལ་འཁོད་པ་དེ་དག་ཁོང་རང་གིས་ཚོར་ཤུགས་དྲག་པོས་བཀླགས་ཏེ་ང་ཚོར་ཉན་གི་བཅུག་པ་དང་། ཁོང་གིས་བྲིས་གནང་བ་དེ་དག་གི་རྒྱབ་ལྗོངས་རྣམས་འགྲེལ་བཤད་ཟབ་མོ་རེ་ཡང་རྒྱག་ངེས། ཉིན་ཞིག་ལ་མདོ་སྨད་རྨ་ཆུ་ཡུལ་གྱི་དུས་དེབ་<<རིག་གནས་ཡར་སྤེལ>>ཟེར་བ་ཞིག་གི་ནང་དུ་ཁོང་ཚང་གིས་བོད་ཡུལ་དུ་སོག་པོ་རྣམས་གཞིས་ཆགས་ཚུལ་གྱི་ལོ་རྒྱུས་དཔྱད་རྩོམ་རིང་མོ་ཞིག་བྲིས་འདུག་པ་དེ་ཉིན་གུང་ཁོང་ཚང་གི་གཟིམ་ཤག་གི་འཁྱམ་རྭ་ནས་ངེད་གཉིས་ཀྱི་གསོལ་ཚིགས་མཉམ་དུ་རོལ་སྐབས་ཤིག་ལ། ཁོང་ཚང་གིས་དཔྱད་རྩོམ་དེ་ཆ་ཚང་བཀླགས་ཤིང་རྒྱབ་ལྗོངས་ཀྱི་འགྲེལ་བཤད་མང་བོ་ཞིག་ང་ལ་བརྒྱབ་བྱུང་།
དུས་དེར་ཁོང་ཚང་གིས་སོག་པོ་བོད་ལ་གཞིས་ཆགས་ཚུལ་གྱི་དཔྱད་རྩོམ་འདི་གནད་འགག་ཙམ་དུ་མ་ཟད། ད་དུང་ཁོང་གིས་ཁ་ཆེ་དག་བོད་ལ་གཞིས་ཆགས་ཚུལ་གྱི་དཔྱད་རྩོམ་ཡག་པོ་ཞིག་འབྲི་ཨེ་ཐོབ་ལ་སྟ་གོན་གནང་གི་ཡོད་ཟེར། དེ་ཙམ་མ་ཟད་ཁོང་གིས་གྲགས་ཆེན་ལས་གྲགས་ཆུང་བའི་བོད་ཀྱི་ས་གནས་ལོ་རྒྱུས་མང་བོར་འཚོལ་ཞིབ་དང་དོ་སྣང་དཔྱད་ཞིབ་ཤིན་ཏུ་ཞིབ་ཚགས་གནང་ནས་དེའི་ཐད་ལོ་རྒྱུས་རིག་པའི་ལྟ་བུའི་ཐོག་ནས་དཔྱད་དེ་བཏོན་པའི་ལྟ་ཚུལ་གང་མང་ནི་ཕྱི་རབས་པའི་བསམ་བློའི་བློ་འབྱེད་ཐད་ཕན་ཐོགས་བླ་མེད་བྱུང་གི་ཡོད་སྙམ།
གཞན་ཁོང་ཚང་གིས་བླ་བྲང་བཀྲ་ཤིས་འཁྱིལ་དུ་རིག་གནས་སློབ་ཁྲིད་ཀྱི་དཀའ་བ་སྤྱད་དེ་སློབ་རྒྱུན་མང་བོ་སྐྱེད་བསྲིངས་བྱས་པ་དང་། བོད་ཁུལ་གྱི་དུས་དེབ་དང་ཚགས་པར་ཁག་ཏུ་སྙན་རྩོམ་དང་དཔྱད་རྩོམ་མང་བོ་སྤེལ་ནས་རིག་གནས་ཡར་དར་གྱི་མཛད་རྗེས་མངོན་དུ་མཐོང་བ་གནང་པའི་བཀའ་དྲིན་ནི་དྲན་འོས་པ་ཞིག་ཡིན།
བོད་ནས་ཕྲན་ལ་རྩ་ཆེན་ཡིག་ཆ་མཁོ་འདོན་དང་། ནང་མོལ་ལམ་སྟོན་ཟབ་མོ། དངོས་ཤུགས་གང་རུང་ནས་རྒྱབ་སྐྱོར་བླ་མེད་གནང་བའི་བཀའ་དྲིན་དེ་ངས་མི་ཚེ་འདིར་ནམ་ཡང་བརྗེད་ཐབས་མེད།
ཉིན་ཞིག་ཕྲན་ཁོ་བོ་གློ་བུར་དུ་ཕ་ཡུལ་དང་གྱེས་ཁ་འཇོག་པའི་མཚན་མོ་ཞིག་ལ་ཨ་ཁུ་རྔོག་རྒྱུད་འཇམ་དབྱངས་འཕྲིན་ལས་ཚང་ལ་གྱེས་ཁའི་ཐོན་ཕྱག་བྱས་པར་བཅར། དུས་དེར་ཁོང་ཚང་གིས་དགོང་ཟས་གྲ་རྒྱས་པོ་ཞིག་གྲ་སྒྲིག་གནང་ཡོད་པ་མ་ཟད། སྒོ་ཐོན་ཁར་ཁོང་ཚང་གཟིམ་སྒོའི་ཕྱི་ལ་བུད་ནས་ང་ལ་ཁ་དོག་དཀར་བོ་ཞིག་འཐེན་བཞིན་ཕན་ཚུན་གྱེས་མཚམས་འཇོག་དུས་ཀྱི་ཡིད་སེམས་སྐྱོ་ལྷང་ལྷང་གི་ཚོར་བ་དང་མིག་ཆུ་དེ་དུས་ནམ་ཡང་བརྗེད་དེ་བས་ཐབས་བྲལ།
དེ་ནི་ངེད་གཉིས་ཀྱི་མཐའ་མའི་གྱེས་མཚམས་ཞིག་ཡིན་པ་དྲན་མ་མྱོང་། ཕྲན་རང་ཕྱི་ཡུལ་དུ་ཡོང་ནས་བོད་ནང་དུ་དམ་པ་གང་གི་མཛད་འཕྲིན་དང་བདེ་འཇགས་ལྟ་བུའི་ཕྱིར་ཁ་པར་ཞིག་ཀྱང་གཏོང་ལོང་མེད་པར་དུས་འདིར་ཁོང་གློ་བུར་དུ་སྐུ་གཤེགས་པའི་གནས་ཚུལ་མི་སྙན་པ་དེ་ཐོས་འཕྲལ་ཕངས་སེམས་དང་འཁང་ར་མི་མནོན་པ་ཞིག་ལས་གཞན་ཅི་ཞིག་ཨང་།
ཉེ་བའི་འཆར་ཟླའི་ནང་དུ་བོད་ཀྱི་ལོ་རྒྱུས་སྨྲ་བའི་མཁས་པ་རྔོག་རྒྱུད་འཇམ་དབྱངས་འཕྲིན་ལས་ཁོང་ཚང་(2015.6.2)<<བོད་ཟླ་4 ཚེས་15 >>དང་། བོད་ཀྱི་ཤེར་རྟོགས་རིག་པ་སྨྲ་བ་འབྲོང་བུ་ཚེ་རིང་རྡོ་རྗེ།(2015.6.18) བོད་ཀྱི་ལོ་རྒྱུས་རིག་པའི་མཁས་པ་གུ་གེ་ཚེ་རིང་རྒྱལ་བོ་(2015.6.29)བཅས་གློ་བུར་རེ་སྐུ་གཤེགས་པའི་སྐྱོ་གར་འདི་དག་ནི་བོད་ཀྱི་ཤེས་རིག་ངོས་ནས་ལྟོས་ཚེ་ཧ་ཅང་གྱོན་གུན་དང་རྨ་ཁ་སུབ་ཐབས་བྲལ་བ་ཞིག་ཡིན་པ་སྨྲོས་ཅི་ལ་དགོས་སོ།
བསང་ཆུ་འབྲུག་བྷེ་འབོད་པས། 2015.7.14ཉིན་ཨོ་སི་ཁྲི་ལི་ཡ་ནས་བྲིས།
འདས་མཆོད་ལ་དགའ་བའི་བོད་པ་དག ཟླ་བ་གཅིག་གི་ནང་དུ་གཤེགས་པའི་མི་འདི་དག་གྲོངས་རྐྱེན་ལ་དོགས་པ་ཡོད།
ཡག་པོ་དཔེ་འདྲ་བ་ཞིག་བྲིས་གདའ། ངས་དེ་སྔོན་དྷ་སར་ནོར་འཁྱིལ་ཟ་ཁང་དུ་ཇ་འཐུང་གིན་རྟག་ཏུ་མཐོང་མྱོང་བས་ཕོ་གསར་ཉམས་དོད་པ་ཞིག་ཙམ་ལས་ཤེས་བྱ་ལ་དོ་སྣང་ཡོད་པ་ཞིག་ཡིན་པ་ལར་ནས་མི་ཤེས། ད་བྱས་དུས་ཕ་བཟང་བུ་ཞིག་ཡིན་འདུག་པར་ཤེས། མི་ཡི་རི་མོ་ནང་ཟེར་བ་ཅིས་མ་བདེན། རྒན་འབྲུག་བྷེ་རྒྱལ་ལོ།
རྩོམ་བཟང་གི ཁ་བྱང་མི་བཟང་གི ནུབ་རིར་ཡོལ་བའི་སྐབས་སུ་ཉི་མ་དང་ཟླ་བ་སོགས་འབྲི་དགོས། སེང་གེ་ནུབ་རིར་ཡོལ་བ་ཟེར་བ་ཞིག་འབྲི་སྲོལ་མེད་ལ་གོ་རྒྱུ་ཡང་དེ་ཙམ་མེད། སེང་གེ་ཤར་རི་ནུབ་རི་གང་དུ་ཡོལ་ཡང་དེས་སེང་གེའི་མི་ཚེ་དང་ང་ཚོའི་འབྲེལ་བར་གནོད་རྒྱུ་གང་ཡང་མེད། ཉི་མ་དང་ཟླ་མ་ནུབ་རིར་ཡོལ་དུས་ཉི་ཟླས་ང་ཚོས་བཀྱེས་པའི་འོད་ཟེར་དེ་ཡང་མཐོང་རྒྱུ་མེད་པར་འཇིག་རྟེན་འདི་མུན་པས་བཟུང་འགྲོ་གིན་ཡོད་པ་རེད།
ང་ཚོར་
ཡང་ན་ཀླུ་སྨྱོན་ལྟར་ན་སྨྲ་བའི་སེང་ཆེན་ཞིག་ཐང་ལ་བབས་པ་ཞེས་འབྲི་དགོས་པ་འདྲ།
བོད་ནང་གི་མཁས་པ་འདི་ཚོ་གློ་བུར་གཤེགས་པར་བཙན་བྱོལ་བོད་གཞུང་ཁུ་སིམ་མེར་བསྡད་ཡོད་པ་ཅུང་ཡ་མཚན་སོང་།
སེང་ཆེན་ཐང་ལ་བབས་པ་ཞེས་པ་འདིར་ཡང་དམིགས་བསལ་སེང་ཆེན་ལ་ཉམས་ཉེས་བྱུང་བའི་དོན་གང་ཡང་སྟོན་རྒྱུ་མེད། དེང་སང་ཨ་ཧྥེ་རི་ཁའི་སེང་གེ་ངར་མ་དེ་ཚོ་ཚང་མ་རི་མགོ་རྫ་གསེང་ན་མེད་པར་ཟ་རྒྱུ་འབེལ་སའི་རྩྭ་ཐང་ཆུ་འགྲམ་ན་ཁུག་སོགས་ཐང་ཡངས་ས་ན་འཚོ་བཞིན་འདུག དེ་བས་སྨྲ་བའི་སེང་ཆེན་ཞིག་དུས་གཏན་དུ་ས་ལ་འགྱེལ་བ་ཞེས་བྲིས་ན་ལེགས། དུས་གཏན་དུ་མ་བྲིས་ན་ས་ལ་འགྱེལ་བ་ཙམ་ཞིག་གིས་ཀྱང་སེང་ཆེན་དེ་ཤི་ཟིན་པའི་དོན་མི་སྟོན། གང་ལྟར་རྩོམ་འབྲི་དུས་ཁ་བྱང་འདི་འདོག་རྒྱུ་ངོ་མ་ཅིག་དཀའ། ཐ་ན་རང་གིས་འདོགས་མི་ཤེས་པར་མི་གཞན་ལ་འདོག་ཏུ་འཇུག་དགོས་པ་དེ་འདྲ་ཡང་ང་ལ་མཚོན་ན་ལན་འགར་བྱུང་མྱོང་། ད་བདེ་མོ་བྱོས། ང་ཉི་མར་ལྡེ་དགོས། ལུས་དྲོ་ན་སེམས་སྐྱིད་ཀི
འོ། བཙན་བྱོལ་གཞུང་དང་བོད་ནང་གི་མཁས་པའི་བར་དུ་འབྲེལ་བ་གང་ཡང་ཡོད་པ་མ་རེད། རྒྱུ་མཚན་ནི་བཙལ་བྱོལ་གཞུང་གི་དཀྱིལ་འཁོར་ན་མཁས་པ་ཡོད་ནི་མ་རེད། མཁས་པ་མེད་ས་ན་མཁས་པ་འདས་པ་དང་མ་འདས་པ་གང་ཡང་དོ་སྣང་གི་ཡུལ་དུ་འགྱུར་མི་སྲིད། ད་བདེ་མོ་བྱོས། ང་ངོ་མ་ཉི་མར་ལྡེ་དགོས། ལུས་དྲོ་ན་ཁ་ནང་ལ་མ་ཎི་རྡོག་ཏེ་ཡང་ཡོང་གི
རྡོག་རེ་ཡང་
ཧེ་ཧེ། དངོས་གནས་དོགས་པ་ཁྱད་མཚར་འོངས་འདུག རྩོམ་པ་པོས་སྐུ་གཤེགས་ཁོང་ལ་སྨྲ་བའི་སེང་གེ་ཟེར་དོན། སྐུ་གཤེགས་ཁོང་ལོ་རྒྱུས་སྨྲ་བར་མཁས་པའི་རྒྱལ་བོ་ལྟ་བུ་ཡིན་པར་འདོད་ཙང་། དེ་ལྟར་ལབ་པ་གཤམ་གྱི་རྩོམ་ལུས་ལ་བལྟས་པ་ཙམ་གྱིས་ཀྱང་ཤེས་མོད། ནུབ་རིར་ཡོལ་ཟེར་བའང་ཚིག་དེ་གའི་ཤུགས་ཀྱིས་ཀྱང་། ཉི་མ་ནུབ་རིར་ཡོལ་བ་འདྲ་བ་གང་དེ་སྐུ་གཤེགས་པར་བཤད་པ་ཤེས་སླ། གཞན་སྨྲ་བའི་ཉི་མ་ཞིག་ནུབ་རིར་ཡོལ་བ་ཟེར་བ་ཇི་བཞིན་འདང་བརྒྱབ་ན། རྩོམ་འདིའི་ཁ་བྱང་དེ་ཡག་པོ་ཞིག་ཀློག་མ་ཤེས་པ་དང་། ཡང་ན། ཁ་བྱང་དེའི་ནང་གི་ཚིག་འབྲུ་ཚོར་གོ་བ་མ་རག་ཅིང་གཅོད་མཚམས་མ་ཤེས་པ་གསལ་པོ་རེད་འདོད།
ཀླུ་སྨྱོན་བདེན་ཀི། འོན་ཀྱང་སེང་ཆེན་ཐང་ལ་བབས་ཟེར་བ་ཉམས་ཉེས་བྱུང་བའི་དོན་མིན་ཅིང་སེང་གེ་འདུག་ས་གངས་ལ་ཡིན་ཀྱང་སེང་གེ་ཐང་ལ་བབས་ཟེར་དུས་སེང་གེ་འཚོ་བཞུགས་མ་བྱུང་བའི་དོན་རེད། བོད་ཀྱི་གཏམ་དཔེ་ལའང། སེང་གེ་ཐང་ལ་འབབ་མི་ནུས། གླང་ཆེན་ལ་འཛེགས་མི་ནུས། ཟེར་བ་ལྟར་རེད། འོ་ཉི་མ་ལ་འདུག་པ་དང་ལྡེ་བ་ནི་ཤེས་རབ་ཅན་གྱི་སྤང་བྱ་ཡིན་པར་ལོས་གོ། གང་ཡིན་ཟེར་ན་ཉི་མ་དང་མེ་ཉེ་སར་བསྡད་ན་ལུས་ཀྱི་ཁྲག་ཤེད་འཕེལ་བ་དང་རིག་པ་རྨོངས་པ་དང་འདོད་ཆགས་འཕེལ་བ་སོགས་འབྱུང་བས་རེད། ཨ་ཁུ་འདོད་ཆགས་འཕེལ་འདོད་ན་ཉི་མར་མང་ཙམ་བཞུགས་གནང་རོགས། ད་བདེ་མོ། ཉལ་རན་སོང། ཉལ་ས་དྲོན་མོའི་ནང་དུ་སྐྱིད་ཉལ་བྱེད་པ་ལས་སྐྱིད་པ་ཞིག་འཇིག་རྟེན་འདི་ན་མེད་ཀི།
གླང་ཆེན་གྱེན་ལ་ཞེས་བཅོས་རོགས
ད་ཡང་ཉི་མར་ལྡེ་གི་མ་བཅུག་ཐལ། གངས་རིའི་ཁྲོད་དུ་སེང་གེ་ཞིག་ཐུན་མོང་བའི་སྣང་ངོར་མེད། སེང་གེ་འགྲོ་བ་མི་ཐུན་མོང་ལ་སྣང་བ་འདི་དག་དེང་སང་གི་ཨ་ཧྥེ་རི་ཁའི་སེང་གེ་ལྟ་བུ་རྩྭ་ཐང་ན་ཁུག་ཆུ་འགྲམ་དུ་གླང་གོག་དང་བོང་ཁྲ་སོགས་བསད་ནས་བཟའ་མཁན་འདི་རིགས་རེད། ལོ་ངོ་ས་ཡ་བརྒྱ་སྟོང་གི་སྔོན་དུ་གངས་གསེང་དུ་སྡོད་པའི་སེང་གེ་རེ་ཡོད་སྲིད་ཀྱང་དེང་སང་དེ་ཚོའི་རྒྱུད་པ་རྩ་སྟོང་དུ་ཕྱིན་ནས་མཐོང་ཡུལ་དུ་བསྡད་མེད། བོད་པའི་སེང་གེ་དང་རྒྱ་མིའི་གཡུ་འབྲུག་འདི་ཚོ་གཏན་ནས་མེད་པའམ་ཡོད་ཀྱང་དེང་སྐབས་རྒྱུད་པ་ཆད་ཟིན་པ་ཤ་སྟག་རེད། དེས་ན་སེང་གེའི་སྐོར་འབྲི་དུས་དེང་སང་གི་འདམ་སེང་ངམ་རྩྭ་སེང་འདི་ཚོའི་གཟུགས་རིས་དང་འཚོ་བ་འབྲི་རྒྱུ་ཧ་ཅང་གལ་ཆེ། ད་ང་འདུག་གི་ཆུགས། ཇི་མར་ལྡེ་གི་ཆུགས། ངས་ཆོས་སྐྱོང་སྦལ་མགོ་ཅན་རྦད་སྲིད། དེ་དུས་འགྱོད་ཀྱང་འཕྱི་དྲགས་པ་རེད།
ཉི་མར་
ཨ་ཁུ་འདི་ཀ་ངོ་མ་ཞལ་བགྲེས་སོང་བ་འདྲ། ད་ཉི་མར་ལྡེ་བ་ལས་massage བྱེད་སར་ཕེབས་ན་དགའ། འོ་ན་བོད་ཀྱི་རྒྱལ་དར་དང་བོད་ཀྱི་ཡི་དམ་གྱི་ལྷ་དང་བོད་ཀྱི་བླ་མའི་བཞུགས་ཁྲི་སོགས་སུ་ཡོད་པའི་གངས་སེང་གི་རི་མོ་རྣམས་ཀྱང་འགྱུར་བ་གཏོང་དགོས་པ་འདྲ། ཨ་ཁུ་རི་མོ་བ་ཞིག་ཡིིན་པས་ཕྱིན་ཆད་སེང་ཁྲི་ཉི་ཟླ་པདྨའི་གདན་སྟེང་ན། ཞེས་པའི་སེང་གེ་འབྲི་སྐབས་ཨབ་རི་ཀའི་འདམ་སེང་སྤུ་མེད་གཅེར་བུ་རྔ་མ་དབྱུག་པ་འདྲ་བ་དེ་འདྲ་འབྲི་རོགས། ད་ངོ་མ་ང་སྐྱིད་ཉལ་བྱེད་དུ་བཅུག་མ་སོང། ད་བདེ་མོ།
སྨྲ་བའི་སེང་ཆེན་ཞིག་དུས་ཀྱི་གླང་ཆེན་གྱིས་དགྲོངས་བ་ཟེར་ན་དོན་ལ་གནས།
ཨ་ཁུ་ཀླུ་སྨྱོན་ལགས། འདིར་སྐུ་དངོས་སུ་ཕེབས་ནས་ལམ་སྟོན་གནང་བཀའ་དྲིན་ཆེ་ཞུ། རྩོམ་འཁྱོག་གམ་དྲན་ཐོ་ལྟ་བུ་འདིར་ཁོང་གཤེགས་པའི་གནས་ཚུལ་མི་སྙན་པ་ཞིག་ཐོས་འཕྲལ་ནས་བྲིས་ཟིན་ན་ཡང་། ཁ་བྱང་འདོགས་སྟངས་ལ་ཅུང་སྨྲ་བསམ་བརྗོད་འདས་ཀྱིས་མནར།
བོད་ཕྱི་ནང་གི་སྤྱི་ཚོགས་ལ་མཁས་པ་རེ་སྐུ་གཤེགས་པར་ཕངས་སེམས་མེད་པ་འདྲ། དེ་ནི་བོད་མི་རིགས་ཀྱི་ཤེས་ཡོན་ལ་དོ་སྣང་གནང་གི་མེད་པའི་རྟགས་རེད་བསམ།