ནམ་མཁའ།
ང་ཚོའི་བོད་མི་རིགས་འདི་ལ་འདས་བའི་ལོ་རྒྱུས་དང་དེ་རིང་གི་བསམ་བློའི་གོ་རྟོགས་ལ་གཞིགས་ཚེ།བོད་མི་རིགས་ཀྱི་ཕུགས་རྒྱང་མཐོང་བའི་མི་རྣམ་དཔྱོད་ཅན་དག་དགོས་བར་མཐོང་མ་སོང་། འདས་བའི་བོད་ཀྱི་བཙན་པོ་སྐབས་ནས་བཟུང་དེ་རིང་བར་དུ་མི་རྣམ་དཔྱོད་ཅན་དང་ལྷག་བསམ་ཡོད་མཁན་ཚོར་དཀའ་ངལ་རིམ་པ་མང་པོར་སྤྲད་ཡོད། དཔེར་ན་བཙན་པོ་གླང་དར་མ་ལ་ཆོས་ལུགས་པ་དང་ཕུགས་རྒྱང་རིང་པོ་མི་མཐོང་བའི་མི་ཚོས་དཀྲོགས་གཏམ་འདྲ་མིན་སྤེལ་ཏེ་བདུད་རྒྱལ་ཞིག་ཡིན་པ་མ་ཟད།མགོ་ལ་རྭ་སྐྱེས་ཡོད་ཚུལ་སོགས་བཤད་ཐ་མར་སྐུ་དཀྲོངས་པ་རེད།གསོད་མཁན་གྱི་ལག་དམར་གསང་བདག་ཕྱག་ན་རྡོ་རྗེ་ཡི་སྤྲུལ་བ་ཡིན་ཚུལ་སོགས་བསྟད་ནས་གནམ་འཕངས་བསྟོད།དེ་ནས་བཟུང་དེ་རིང་གི་སྡུག་བསྔལ་འདིའི་འགོ་བརྩམས་པ་རེད། གླང་དར་མའི་མགོ་ལ་རྭ་ཞིག་སྐྱེས་ཡོད་པ་སུས་ཀྱང་མཐོང་མྱོངས་མེད་ལ། སྲོང་བཙན་སྒམ་པོའི་མགོ་ལ་འོད་དཔག་མེད་ཀྱི་སྐུ་ཞིག་ཡོད་པ་ཡང་སུས་ཀྱང་མཐོང་མྱོངས་ཡོད་པར་མི་འདོད།རྒྱ་བཟའ་ཀོང་ཇོ་དང་བལ་བཟའ་གཉིས་བཞུགས་ཡོད་ཚེ་ང་ཚོས་སྐད་ཆ་དྲིས་ཀྱང་ཁོང་གཉིས་ཀྱིས་ཀྱང་མཐོང་ཡོད་པར་མི་འདོད།ཡིན་ཡང་འདི་ཚང་མ་ནི་དགའ་ས་ཞིག་ལ་བསྟད་ནས་དགུང་ལ་བཞག་འཇོག་པ་དང་།མི་དགའ་ས་ཞིག་ལ་སྨད་ནས་བདུད་རྒན་ཞིག་ཏུ་བཟོ་བ་འདི་ང་ཚོའི་བོད་མི་རིགས་ཀྱི་གོམས་སྲོལ་ངན་པ་ཞིག་ཏུ་གྱུར་ཡོད། བོད་གཞུང་དགའ་ལྡན་ཕོ་བྲང་གི་འགོ་བཙུགས་ཏེ་ཡུན་རིང་མ་ལོན་པར་༧གོང་ས༧ལྔ་བ་ཆེན་པོ་དགོངས་པ་རྫོགས་པ་དང་།དེའི་རྗེས་མུ་མཐུད་ནས་སྡེ་སྲིད་ཀྱིས་བོད་ཀྱི་སྲིད་དབང་བཟུང་སྟེ་རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་ངོས་འཛིན་གནང་བ་སོགས་ཀྱིས་མཛད་རྗེས་བླ་ན་མེད་པ་བྱུང་ན་ཡང་། སོག་པོ་ལྷ་བཟང་གིས་དཀྲོགས་གཏམ་འདྲ་མིན་སྤེལ་བ་ལ་རྟེན་མི་དམངས་དང་བླ་མ་སྤྲུལ་སྐུ་སྐོར་ཞིག་གིས་ཀྱང་སོག་པོ་ལྷ་བཟང་ལ་རྒྱབ་སྐྱོར་བྱས་ཏེ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་དཀྲོངས་པ་མ་ཟད།༧གོང་ས༧དྲུག་པ་ཚངས་དབྱངས་རྒྱ་མཚོ་ཡང་ཁྲི་ཐོག་ནས་ཕབ་སྟེ་བྱིས་པ་གཞན་ཞིག་ངོས་འཛིན་བྱས་བ་ང་ཚོས་ཚང་མས་མཐོང་གསལ་གྱི་ལོ་རྒྱུས་དག་ན་གསལ་བོ་ཡོད།
དུས་རབས་ཉི་ཤུའི་ནང་ལ་ཡང་ད་རུང་མདུན་གྱི་ཕོར་བའི་ནང་མ་གཏོགས་མ་མཐོང་སྟབས།རྣམ་དཔྱོད་ཀྱི་འོད་སྣང་འཕྲོ་བའི་རྩིས་དཔོན་ལུང་ཤར་རྡོ་རྗེ་རྒྱལ་མཚན་མཆོག་ཀྱང་བཙོན་འཇུག་བྱས་བ་མ་ཟད།སྤྱན་རིལ་གཉིས་ཀྱང་བཏོན་པ་དང་།མི་དམངས་ནང་ལ་དཀྲོགས་གཏམ་འདྲ་མིན་སྤེལ་ཏེ།ལུང་ཤར་རྡོ་རྗེ་ལ་མཇུག་མ་སྐྱེས་ཏེ་ལྷ་སའི་ཁྲོམ་ན་དྲུད་ནས་འགྲོ་གི་འདུག་ཅེས་བཤད་པ་སོགས་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་ཆོས་སྲིད་ཟུང་འབྲེལ་ན་གསལ། ང་ཚོ་ཆ་ཚང་གི་དགའ་ས་དང་དད་སའི་དགེ་ཆོས་ཀྱང་མི་དཀར་བོའི་མགོ་ལ་ཞྭ་མོ་ནག་པོ་གཡོགས་སྟེ་བཙོན་འཇུག་བྱས་།ཁོང་གི་གསུང་རྩོམ་མང་པོ་ཡང་ཤུལ་མེད་དུ་གྱུར་བ་ང་ཚོས་མིག་གིས་མཐོང་གསལ་ཡིན། དེ་རིང་རྗེས་ནས་དགེ་ཆོས་དང་རྩིས་དཔོན་རྗོ་རྗེ་རྒྱལ་མཚན་སོགས་དྲན་བཞིན་འགྱོད་པ་སྐྱེས་བཞིན་ཡོད་ཀྱང་བྱ་ཐབས་བྲལ་བའི་གནས་སུ་ལྷུང་ཡོད། འདི་འདྲའི་སྐྱོ་གར་གྱི་ཞབས་བྲོ་རྒྱབ་སྟེ་ཐང་ལ་ཐེངས་མང་འགྱེལ་ན་ཡང་།ད་རུང་བསམ་གཞིགས་སྤུ་ཙམ་ཡང་བྱེད་མི་ཐུབ་པར་ཕུགས་རྒྱངས་རིང་པོ་ཅན་དང་།རྣམ་དཔྱོད་ཅན་ཚོས་བསམ་བློའི་གོ་རྟོགས་ལ་དཔྱད་ཞིབ་ཙམ་ཡང་མི་བྱེད་པར་གཞུང་དམངས་གཉིས་ཀྱིས་བཀག་འགོག་བྱེད་རྐྱང་དང་། མི་དཀར་བོའི་མགོ་ལ་ཞྭ་མོ་ནག་པོ་ཞིག་གཡོགས་རྐྱང་བྱེད་དོན་ཅི་ཡིན་ནམ། ཕྱོགས་གཅིག་ནས་དམངས་གཙོའི་ཀ་བ་གསུམ་ལྡན་ལོངས་སུ་སྤྱོད་བཞིན་ཡོད་ཚུལ་དང་།ཕྱོགས་གཞན་ཞིག་ནས་བཀའ་སྤྱི་གཉིས་ཀྱི་ཆབ་སྲིད་ལངས་ཕྱོགས་དང་མ་མཐུན་ཚེ།དེར་མི་ཡི་མི་འཁྱོགས་པའི་ཞྭ་མོ་ནག་པོ་ཞིག་དང་བོད་མི་རིགས་ཀྱི་སེམས་དང་མིག་ནས་མི་མཛེས་བའི་སྐད་ཆ་ཞིག་ཁྱེར་འོང་ནས་མགོ་ལ་གཡོགས་རྐྱང་བྱེད་དོན་ཅི་ཡིན་ནམ།
ང་ཚོ་ཆ་ཚང་གིས་ཤེས་གསལ་ལྟར་དམངས་གཙོ་རྒྱལ་ཁབ་ཡོངས་ལ་ཆབ་སྲིད་ཁ་གཏད་ཚོགས་པ་རེ་ཡོད་པ་མཁྱེན་ཡོད། ཡིན་ཡང་ང་ཚོའི་གཞུང་ལ་ཆབ་སྲིད་ཁ་གཏད་ཚོགས་པ་མེད་པའི་རྐྱེན་གྱིས་གཞུང་གི་ཆབ་སྲིད་ལྟ་གྲུབ་དང་མི་མཐུན་པའི་ལྟ་གྲུབ་ཅིག་བཤད་པའི་སྐབས།ལམ་སེང་༧གོང་ས༧་མཆོག་གི་དགོངས་པ་འགལ་ཚུལ་དང་མཚན་སྨད་བྱེད་ཀྱི་འདུག་ཅེས་ནག་རྩི་ཞིག་ཆེ་ས་ནས་བྱུགས་གང་ཐུབ་བྱེད་ཀྱི་ཡོད། བྱེད་སྟངས་འདི་ལ་གཞིགས་ཚེ་ད་རུང་དམངས་གཙོ་ཞེས་བའི་ཐ་སྙད་འདི་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་ཅུང་ཟད་རྒྱང་ཐག་རིང་བར་མཐོང་སོང་། དཔེར་ན་གཞོན་ནུ་དང་སྐུ་ཞབས་འཇམ་ནོར་ལྷ་བཟང་ཚེ་རིང་སོགས་ཀྱིས་རང་བཙན་རྩོད་ལེན་གྱི་འཐབ་རྩོད་དང་བཙན་བྱོལ་བོད་གཞུང་ཞེས་བའི་ཐ་སྙད་འདོག་སྟངས་ཀྱི་སྐོར་ལ་བསམ་ཚུལ་རེ་བཤད་པ་ཙམ་གྱིས་༧གོང་ས༧་མཆོག་ལ་མཚན་སྨད་ཞིག་བྱས་བར་ནམ་ཡང་ཕྲན་གྱིས་མི་འདོད།
ཡིན་ཡང་ཁ་སང་ཚོགས་སྐྱིད་༡༡་གིས་གློ་བུར་དུ་ཚོགས་འདུ་སྐོང་སྟེ་གྲོས་ཆོད་བཞག་པ་འདི་ནི་དངོས་གནས་རི་བོང་ཅལ་འདྲོགས་ཀྱི་གྲོས་ཆོད་རང་རེད་བསམ། ཉི་མ་གཅིག་སྐུ་ཞབས་འཇམ་ནོར་དང་ལྷ་བཟང་ཚེ་རིང་ལྟ་བུའི་མི་རྣམ་དཔྱོད་ཅན་དག་འདས་དཀྲོངས་སུ་ཕྱིན་པའི་ཉིན་མོ་ད་གཟོད་ཁོང་ཚོའི་བསམ་ཚུལ་ལ་ཡིད་སྨོན་སྐྱེ་སྲིད་པ་མ་ཟད།དེ་རིང་ང་ཚོས་དགེ་ཆོས་དང་རྩིས་དཔོན་ལུང་ཤར་རྡོ་རྗེ་སོགས་དྲན་པ་གཅིག་མཚུངས་ཡོང་ངེས་ཡིན། དེ་དུས་ནི་བློ་འགྱོད་རྟ་ཡིས་མི་ཟིན་ཀྱང་བྱ་ཐབས་མེད། དང་པོ་ཚོགས་སྐྱིད༡༡་དང་བཀའ་སྤྱི་གཉིས་ཀྱིས་ཁོང་ཚོའི་བསམ་ཚུལ་དེ་ལ་གནས་ལུགས་དང་བོད་མི་རིགས་ལ་སྙིང་ནས་དུངས་བའི་གཏམ་ཞིག་དང་འཐབ་རྩོད་ཡིན་མིན་ལ་དཔྱད་པ་བྱེད་དགོས། ཁོང་ཚོ་ཡང་གཏམ་བརྗོད་ཀྱི་རང་དབང་ཡོད་ཚེ།ཁོ་རང་ཚོའི་ཆབ་སྲིད་ཀྱི་ལྟ་གྲུབ་ཞིག་བཟུང་མ་ཆོག་པ་གང་ཡིན་ནམ།ལམ་སེང་༧གོང་ས༧མཆོག་ལ་ཐུགས་ཕམ་བཟོས་སོང་ཞེས་བཀའ་སྤྱིའི་གཏམ་བཤད་ལ།ཚོགས་སྐྱིད་༡༡གིས་རྒྱབ་སྐྱོར་རྣམ་པས་གྲོས་ཆོད་བཞག་སྟེ།༧གོང་ས༧མཆོག་ལ་མཚན་སྨད་བྱེད་མཁན་ཡོད་ན་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡིན་ཟེར་བའི་གྲོས་ཆོད་འདི་རྒྱུ་མཚན་གང་ཞིག་ལ་བསྙད་པ་རེད། ཁོང་ཚོའི་གཏམ་ཞིག་ན་མཚན་སྨད་བྱེད་པའི་ཚོར་བ་ཞིག་ང་ལ་ནམ་ཡང་བྱུང་མ་སོང་། འདི་ནི་མི་དཀར་བོའི་མགོ་ལ་ཞྭ་མོ་ནག་པོ་ཞིག་གཡོགས་པ་རང་རེད།ཁོང་ཚོས་དངོས་གནས་༧གོང་ས༧་མཆོག་ལ་མཚན་སྨད་བྱས་ཡོད་ཚེ།གུས་བ་ལྟ་བུའི་བླུན་པོ་མང་པོ་ཞིག་ཀྱང་གཞོན་ནུ་དང་འཇམ་ནོར་ལྷ་བཟང་ཚེ་རིང་སོགས་ཀྱི་ལྡོག་ཕྱོགས་ནས་འབུད་གང་ཐུབ་བྱེད་ངེས་ཡིན། ཡིན་ཡང་གནས་ལུགས་རྒྱུ་མཚན་མེད་པར་ཆབ་སྲིད་ཀྱི་ལྟ་གྲུབ་མ་མཐུན་དབང་གིས་ཁ་གཞན་ཞིག་ལ་གཡར་སྟེ་གཏམ་བརྗོད་ཀྱི་རང་དབང་འགོག་འདོད་པའི་གྲོས་ཆོད་འདི་ནི་ཆེས་མི་འཐད་པ་ཞིག་ཏུ་མཐོང་སོང་། མཚམས་འདིར་ངས་ཡིད་ལ་དྲན་པ་ཞིག་ནི། རྒྱ་དཔོན་ཞིག་གིས་བོད་ཀྱི་གོམས་གཤིས་ལ་དཔགས་པའི་སྡོམ་ཚིག་གཅིག་བཞག་ཡོད་པ་དྲན་སོང་།
དེ་ནི།བོད་མི་རིགས་ལ་ཤེས་འཇོན་ནུས་གསུམ་ལྡན་པ་མི་བྱུང་ཚེ།ཁོང་ཚོས་ནང་ཁུལ་ནས་རྩ་མེད་བཟོ་གི་རེད་ཟེར་བའི་གཏམ་འདི་ནི།འདས་མ་ད་གསུམ་གྱི་བོད་རང་གི་གོམས་གཤིས་ངན་པ་ལས་མཐོང་ཐུབ། གང་ལྟར་ཕྲན་གྱིས་གང་ཞིག་བཤད་པ་དག་གིས་ཚོགས་སྐྱིད་༡༡་ལ་ཕོགས་ཐུག་མི་འགྲོ་བའི་རེ་བ་ཡོད་། ༢༠༡༢/ལོའི་ཕྱི་ཟླ་༩བའི་ཚེས༧ཉིན་ཡོ་རུབ་ནས་བྲིས།
སྐུ་ཞབས་གནམ་མཁའ་ལགས། ཁྱེད་ཀྱི་བརྒྱ་བཤད་སྟོང་བཤད་ཀྱི་མདོ་རྩ་ནི་རྒྱ་དཔོན་དེའི་སྡོམ་ཚིག །<>ཟེར་བ་འདི་རེད། འདི་ད་ངོ་མ་སངས་རྒྱས་ཀྱི་གསུང་རང་རེད། འོ་ད་ ང་ལས་ཀ་འགྲོ་རན་སོང་དགོངས་འགལ་མེད་པར་ཞུ།།
ནམ་མཁའ་ལ་ནམ་མཁའ་འདྲ་བའི་མཁྱེན་རྒྱ་འདུག། དངོས་ཡོད་རེད་། ད་ནི་ཁ་བརྡ་ཡང་གུང་ཁྲན་ཏང་གི་ཁ་བརྡར་འགྱུར་རྒྱུ་ཡིན་འདྲ་།
ཡག་པོ་གསུངས་འདུག་པས་དགེ་ཆོས་མཆོག་གི་ཚིག་ཞིག་དྲན་བྱུང་།
དགེ་ཆོས་མཆོག་གིས།
ཤེས་བརྩོན་ཐོས་པ་ཅན་གྱི་ཉམ་ཆུང་གི་ཁ་གཏམ།
བླུན་པོ་ནོར་སྐྱ་ཁུར་བའི་དབང་ཤེད་ཀྱིས་བཅོམ་སྟེ།
ཆོས་མཐུན་བཀུར་སྟི་བཞུགས་གྲལ་མགོ་སྟིང་དུ་ལྡོག་ནས།
སེང་གེ་ཁྱི་ཡི་གཡུལ་འོག་གྱུར་བའི་ངོ་ཚུལ་འདིར་སྐྱོ་བ།། ཞེས་གསུངས་འདུག
ཚོགས་སྐྱིད་༡༡ གིས་གྲོད་ཆོད་བཞག་པ་དེ་འཇམ་དབྱངས་དང་ལྷ་བཟང་སོགས་ལ་དམིགས་ནས་རེད་དམ། དེ་འདྲ་ཨེ་ཡིན། ང་དེ་ལ་ད་རུང་ཡིད་ཆེས་ཐུབ་ཀྱི་མི་འདུག
ང་ཚོའི་ནང་བསམ་ཚུལ་མི་མཐུན་པ་ག་ཚོད་ཀྱིས་མང་ན་དེ་ནི་ལེགས་པོར་མཐོང་། དེ་ཚང་མ་མཉམ་དུ་བཞུར་སའི་ཆུ་རྐ་ཞིག་ཡོད་རྒྱུ་རེད། ཡིན་ནའང་། འགའ་རེས་དམངས་གཙོ་དང་དབུ་མ་ཁ་ལ་ཁྱེར་ནས་འཇམ་དབྱངས་དང་ལྷ་བཟང་སོགས་ལ་ངན་སྨྲས་གང་མང་བྱེད་བཞིན་པ་དེ་ནི་བྱ་སྤྱོད་ཡག་པོ་ཞིག་མིན་པར་བོད་མིའི་ནང་ཁུལ་གྱི་མཐུན་སྒྲིལ་དང་་ཆིག་སྒྲིལ་ལ་གནོད་པའི་དགྲ་དགའ་གཉེན་སྡུག་གི་བྱ་བ་ཞིག་རེད། ཡང་ཁོང་ཚོས་ཀྱང་རང་གི་ལྟ་ཚུལ་བཤད་པར་དགའ་བསུ་ཞུས་འོས་ཀྱང་༧རྒྱལ་བ་རིན་པོ་ཆེར་ཟུར་ས་བྱེད་པར་གཟབ་ན་བཟང་། ༧རྒྱལ་བ་རིན་པོ་ཆེ་བོད་མི་ས་ཡ་དྲུག་གི་ཡ་ཁོག་གི་སྙིང་དང་ཡ་ཐོད་ཀྱི་མིག་རེད་མོད། མི་མང་དད་ལྡན་རྣམས་ཀྱི་དད་པ་ལ་ཕོག་ཐུག་གཏོང་བ་དེའང་སྤྱོད་པ་ཡག་པོ་ཞིག་མ་རེད་ན།
ད་ཉེན་ཁ་ཞིག་ནི་དམངས་གཙོ་དང་དབུ་མ་ཁ་ལ་ཁྱེར་ནས་མི་མང་ནང་དཀྲུག་ཤིང་བྱེད་མཁན་ཡོད་པའི་བཟོ་འདུག གཟབ་དགོས་ས་དེ་དེ་དག་རེད།
དང་པོ་བཀའ་ཁྲི་བློ་བཟང་སེང་གེས་གཙོ་བོ་གསར་འགྱུར་བརྒྱུད་ལམ་ཁག་ལ་འབྲེལ་བ་བྱེད་རྒྱུ་གལ་གནད་ཆེ་ཤོས་སུ་བརྩི་གི་མེད་འགྲོ་བསམ་བསམ་བྱུང་། འདི་ནི་ཕྱོགས་གཅིག་ནས་རེ་སྟོང་གི་ཆེད་དུ་བཀའ་ཤག་གི་རྩ་ཆེའི་ཆུ་ཚོད་ཚད་ལས་བརྒལ་བ་འཕྲོ་བརླག་ཏུ་མི་འགྲོ་བའི་ངེས་མེད། གཉིས་པ་བཀའ་ཁྲིས་བོད་མི་ནང་ཁུལ་ལ་ཆིལ་སྒྲིག་བྱེད་རྒྱུ་གལ་ཆེ་ཚུལ་ཡང་ཡང་གསུངས་པ་ལས། ཆིལ་སྒྲིག་བྱས་ནས་ལས་འགུལ་གང་དང་གང་སྤེལ་དགོས་མིན་ཞིབ་ཚགས་པོ་གསུངས་རྒྱུ་མི་འདུག འོ་ན་ལས་འགུལ་ཅི་ཡང་མ་སྤེལ་པར་བོད་རིགས་ཚང་མ་ཆིལ་སྒྲིག་བྱས་ནས་ཁུ་སིམ་པོར་བསྡད་བསྡད་ན་འགྲིག་གི་རེད་དམ།
དངོས་ཡོད་ཐོག་བོད་མི་ཚོ་ཆིལ་སྒྲིལ་ཆེ་ཤོས་ཀྱི་དུས་རབས་ཅིག་ཡིན་ཙང་། ཡང་ཡང་ཆིལ་སྒྲིལ་གསུངས་བསྡད་པ་ལས་ང་ཚོས་བསྒྲུབ་འོས་པའི་ལས་དོན་དང་། དམིགས་བསལ་བོད་མི་རང་ངོས་ནས་བསྒྲུབ་ཐུབ་པ་ཅི་ཡོད་ཞིབ་འཇུག་ཡག་པོ་བྱས་ནས་བང་སྒྲིག་ན་ཕན་ཐོགས་ཆེན་པོ་རེད། དེ་མིན་རྒྱ་མིས་སྙིང་རྗེ་ལ་མ་ལྟོས་པའམ་ཡང་ན་ཕྱིའི་རྒྱལ་ཁབ་ཅིག་གིས་རོགས་པ་མ་བྱས་ན། བོད་པ་རང་ངོས་ནས་བྱེད་ཐུབ་ཡ་གཅིག་ཀྱང་མེད་པར་རྩིས་ན་ཉེན་ཁ་ཆེན་པོ་རེད། ཁ་ཐུག་བཤད་ན་དེ་ནི་ཤི་སྒུག་བརྒྱབ་བསྡད་པ་རེད།
དཔེར་ན། རྒྱ་མའི་སྲིད་ཇུས་དངོས་ཤུགས་བརྒྱུད་གསུམ་ནས་བོད་མི་དང་བོད་ཀྱི་རིགས་གཞུང་གི་ངོ་བོ་རྩ་བརླག་ཏུ་བཏང་སྟེ། ས་ཆ་ཚང་མ་འཕྲོག་ནས་བོད་རྒྱ་ཡུལ་དུ་བསྒྱུར་རྒྱུ་དེ་རེད། དེ་ལ་ཐབས་ལམ་ཞི་དྲག་གཉིས་ཀ་བེད་སྤྱོད་གཏོང་གི་ཡོད་རེད། དང་པོ་དྲག་པོའི་དམག་དཔུང་གིས་བོད་མིའི་གཉའ་མནན་རྗེས། གཉིས་པ་རྒྱ་མིའི་མི་སེར་དཀྱུས་མ་ཚོང་པ་དང་ལས་ཀ་བྱེད་མཁན་དང་སྤྲང་པོ་སོགས། ཞི་བའི་རྣམ་པ་འདྲ་མིན་གྱི་ཐོག་ནས་བོད་ལ་འཛུལ་བཅུག་གི་ཡོད་རེད། བོད་ལ་མཚོན་ན་བོད་ཀྱི་ས་ཐོག་ཏུ་གོམ་པ་སྤོ་མཁན་རྒྱ་མི་ཞི་དྲག་གཉིས་ཀ་དགྲ་བོ་རེད།
དྲག་ཆས་སྤྲས་པའི་དམག་དཔུང་ནི་བོད་མི་ཚོའི་གཉའ་གནོན་བྱེད་དང་ཧ་ལམ་འཕྲལ་སེལ་གྱི་ཐབས་ལམ་ཞིག་རེད། དེ་ལས་ལྡོག་ཏེ་བོད་དུ་ཡོང་བཞིན་པའི་རྒྱ་མི་ཚོང་པ་དང་ལས་ཀ་བྱེད་མཁན་སོགས་རྒྱའི་མེ་སེར་དཀྱུས་མ་རྣམས། ང་ཚོའི་ཁྱིམ་ཕུགས་བཤིག་མཁན་གྱི་ཙི་ཙི་ནང་བཞིན་ཉེན་ཁ་ཆེན་པོ་རེད། མཐར་ཐུག་བོད་ཀྱི་རིགས་རྒྱུད་དང་སྐད་ཡིག་སོགས་རྩད་རྫོགས་བྱེད་རྒྱུར་རྒྱའི་མི་སེར་དཀྱུས་མ་རྣམས་བདེ་སྤྱོད་གཏོང་གི་ཡོད་པ་རེད། རྒྱའི་མི་སེར་དཀྱུས་མ་མང་པོ་བོད་དུ་གཏན་བསྡོད་བྱས་ཏེ་རྒྱུན་ཆད་མེད་པར་བོད་མིའི་སྤྱི་ཚོགས་དང་སྐད་ཡིག་ལ་གཏོར་བཤིག་གཏོང་གི་ཡོད་རེད། འདི་ཚོས་བོད་ཀྱི་ངོ་བོ་སྣུབ་རྒྱུར་དམག་དཔུང་ལས་ཀྱང་ཉེན་ཚབས་ཆེ་ཞིང་རྒྱུན་ཆད་མེད་པར་ནུས་པ་འདོན་གི་ཡོད་རེད།
དེའི་ཕྱིར་ང་ཚོས་རང་ལུས་མེར་བསྲེགས་པའི་བོད་ཀྱི་དཔའ་པོ་དཔའ་མོ་རྣམས་དང་། རྒྱ་དམར་གྱི་བཙོན་འོག་ན་ལུས་སེམས་ལ་མནར་གཅོད་ཚད་མེད་མྱོང་བཞིན་པའི་ཆབ་སྲིད་བཙོན་པ་སོགས། བོད་སྤྱི་བའི་ཐོབ་ཐང་གི་ཆེད་དུ་ལུས་ལོངས་སྤྱོད་ཡོངས་རྫོགས་བློས་བཏང་ནས་དཀའ་ལས་བརྒྱག་མཁན་རྣམས་ལ་རྒྱབ་སྐྱོར་དང་། ཁོང་ཚོའི་བློ་གཏོང་བྱས་ཚད་འབྲས་མེད་དུ་མི་འགྲོ་ཆེད། ཤུལ་ལུས་བོད་མི་ཚང་མ་རྡོག་རྩ་སྒྲིལ་གྱིས་བོད་ཀྱིས། བོད་ཀྱི་ས་ཁུལ་དུ་ནད་འབུ་ནང་བཞིན་ཁྱབ་བརྡལ་དུ་འགྲོ་བཞིན་པའི་རྒྱ་མི་ཚོར་དཔལ་འབྱོར་ཉེས་ཆེད་དུ་གཅོད་དགོས་རེད། དེ་ནི་ང་ཚོས་བྱེད་ཐུབ་པ་མ་ཟད་ནུས་པ་ཡོད་བསྡད་པ་ཞིག་མ་རེད་དམ། དཔེརན་ན་བོད་པ་སུ་གཅིག་གིས་ཀྱང་བོད་ཀྱི་ས་ཐོག་གི་རྒྱ་མའི་ཟ་ཁང་ནས་ཟ་མ་ཁ་བཀང་ནམ་ཡང་མི་ཟ་བའི་དམ་བཅའ་འཇོག་ཐུབ་ན། སྲིད་འབྱོར་རིག་གསུམ་གང་ཐད་ནས་དོན་སྙིང་ཆེན་པོ་ལྡན་ཡོད་པར་སྣང་། སདེ་བཞིན་རྒྱའི་ཚོང་ཁང་དང་བཟོ་ལས་ཁང་ཚང་མར་དཔེ་བཞིན་རེད། ང་ཚོས་ཁོང་ཚོའི་ཟ་སོགས་ལ་རྡོ་བརྒྱག་པའང་མེ་སྤར་བ་སོགས་དྲག་ལས་ལ་རྟེན་ནས་མེད་པ་བཟོ་དགོས་ཀི་མ་རེད། དེ་ལས་ང་ཚོས་ཚོང་འབྲེལ་བཅད་བཞག་ན་མེ་སྤར་བ་དང་གཅིག་པ་རེད། ལས་འགུལ་འདི་ལག་ལེན་འཁེལ་རྒྱུ་དཀའ་ལས་ཁག་པོ་དང་། དྲན་ན་ཐང་ཆད་ཡོང་བའི་སྣང་བ་སྟེར་སྲིད་ཀྱང་། བསམ་བློ་ཡག་པོ་བཏང་ན་དེ་ཙམ་གྱིས་ཁག་པ་ཞིག་ཀྱང་མ་ཡིན་པར། ང་ཚོས་རྒྱུས་སྤྲོས་ཀྱི་གོམས་གཤིས་ངན་པ་ཞིག་སྤངས་རྒྱུ་དེ་རེད།
རྒྱལ་སྤྱིའི་ཆབ་སྲིད་ཀྱང་དེ་འདྲ་རེད། གལ་སྲིད་རྒྱལ་ཁབ་དང་མི་རིགས་གཉིས་བར་ཆབ་སྲིད་ཀྱི་འགལ་ཟླ་བྱུང་ན། འཕྲལ་དུ་དཔལ་འབྱོར་གྱི་ཉེས་ཆད་གཅོད་པ་དང་། ཡང་ན་ཅ་དངོས་མི་ཉོ་བ་སོགས་ཀྱི་ལམ་ནས་ལན་སློག་གི་ཡོད་པ་རེད། ལན་སློག་སྟངས་འདི་ནུས་པ་ཧ་ཅང་ཆེན་པོ་རེད། དེ་བཞིན་རྒྱ་དམར་གཞུང་གི་མནར་གཅོད་འོག་ཡོད་པའི་གྲངས་ཉུང་མི་རིགས་ཚོས་རྒྱ་དམར་དབུས་གཞུང་ལ་ཉེས་ཆད་གཅོད་རྒྱུའི་ནུས་པ་མེད་ནའང་། བོད་ཀྱི་ས་ཐོག་ཏུ་གཞིས་ཆགས་ཤིང་བོད་མི་རང་ལ་རྟེན་པའི་རྒྱ་མི་ཚོང་ལས་དང་ལས་ཀ་བྱེད་མཁན་ཚོར་དཔལ་འབྱོར་གྱི་ཉེས་ཆད་དང་གྱོང་སྤྲོད་ཐུབ་ཀི་རེད། འདི་ནི་ཕྱོགས་གཅིག་ནས་རྒྱ་ནག་དབུས་གཞུང་གི་ཕུགས་བསམ་དང་བོད་འབྲེལ་གྱི་སྲིད་ཇུས་ལ་ཉེས་ཆད་བཅད་པ་ཞིག་ཀྱང་མ་རེད་དམ། ང་ཚོ་རང་གི་ས་ཐོག་ཏུ་སྡོད་བཞིན་དུ་རྒྱ་མིའི་ཟ་ཁང་ནང་མ་སོང་ན་དཀའ་ངལ་ག་རེ་འཕྲད་ཀྱི་འདུག་གམ།
བོད་ནང་གི་རྒྱ་མི་ཚོང་པ་ཚོ་ཚོང་པ་མ་རེད། ས་ལས་རྡོ་ལས་བྱེད་མཁན་ཚོ་གླ་བ་དཀྱུས་མ་མ་རེད། སྤྲང་པོ་དེ་ཚོ་ཡང་སྤྲང་པོ་དཀྱུས་མ་མ་རེད། སྤྲོ་འཆམ་པ་ཚོའང་སྤྲོ་འཆམ་ངོ་ནས་མ་རེད། འདི་ཚོ་ཚང་མ་ཕྱིའི་རྣམ་པ་མི་འདྲ་བ་ཙམ་ལས་དོན་གྱིས་བོད་མིའི་སྐད་ཡིག་དང་ཡུལ་སྲོལ་རྩ་གཏོར་གཏོང་མཁན་དང་། བོད་མིའི་ལས་ཀ་དང་ས་ཆ་སོགས་རྒྱུ་དངོས་འཕྲོག་མཁན་རེད། བོད་ཟ་བྱེད་ཀྱི་རྒྱ་མིའི་ལག་དང་ལག་པ་རེད།
བོད་པས་འཇོན་གི་མེད་ས་མང་པོ་མཐོང་གི་འདུག ང་ཚོར་རྒྱ་མིའི་དམག་དཔུང་ལ་ཁ་གཏད་གཅོག་རྒྱུའི་བློ་ཁོག་ཡོད་ཀྱང་ནུས་པ་འདང་གི་མ་རེད། འོན་ཀྱང་མནར་གཅོད་ཚད་མེད་བཟོད་སྒོམ་གྱིས་བོད་པ་ཚོས་རྒྱ་དམག་ལ་གདོང་ལེན་བྱེད་ཀྱི་འདུག འོ་ན་ང་རང་ཚོའི་ལག་འོག་ན་ཡོད་པའི་རྒྱ་རིགས་ཚོར་དཔལ་འབྱོར་གྱི་ཉེས་ཆད་གཅོད་ཐུབ་བཞིན་དུ། ང་ཚོས་ག་རེ་བྱས་ནས་བསམ་བློ་འཁོར་གི་མེད་པ་རེད་དམ།
ད་དུང་བོད་ཀྱི་ལོ་སར་དང་ཆོས་ཕྱོགས་ཀྱི་མཛད་སྒོ་སོགས་དུས་ཆེན་ཚང་མ་བོད་རང་ཉིད་ཕམ་ཉེས་སུ་འགྲོ་བྱེད་ཀྱི་རྒྱ་མིའི་ལག་ཆ་ཆགས་འགྲོ་གི་འདུག རྒྱ་མིའི་ཟ་ཁང་སོགས་སྒོ་བརྒྱབ་པ་ཡིན་ན་བོད་ཀྱི་ཁྲོམ་རར་སྟོང་ཆ་ཆེན་པོ་ཞིག་ལྷག་རྒྱུ་ཡིན་ཤེས་གསལ་རེད། འོན་ཀྱང་སྟོང་ཆ་དེ་བོད་པ་རང་ངོས་ནས་བསྐང་ཐུབ་དགོས་པ་རེད། འདི་སྟོང་ཆ་ཞིག་ཡིན་པ་མ་ཟད་གོ་སྐབས་ཤིག་ཀྱང་རེད།
དཔེ་མཚོན་གཞན་ཞིག་ནི་བོད་ནི་མར་ཕྱུར་འོ་མ་སོགས་ཀྱི་ཐོན་ཁུངས་ཆེན་པོ་ཞིག་ཡིན་བཞིན་དུ། རྒྱ་ནང་ནས་ཡོང་བའི་ཤིང་མར་སོགས་ཉོ་བ་དང་བེད་སྤྱོད་བྱེད་དོན་གང་ཡིན་ནམ། རྒྱུས་སྤུས་དང་འཕྲོད་བསྟེན་གང་ཐད་ནས་བོད་ཀྱི་ཐོན་རྫས་རྣམས་སླད་མེད་དྭངས་གཙང་ཡིན་བཞིན་དུ། རྒྱ་མིའི་བཟོས་པའི་སླད་མ་རྣམས་སྤྱད་ནས་བོད་རང་གི་ཐོན་རྫས་རྣམས་གད་སྙིགས་སུ་བསྒྱུར་དོན་ཅི་ཡིན་ནམ། ང་ཚོས་སྲོག་བཏང་ནས་རྒྱ་ལ་འཐབ། དངུལ་བཏང་ནས་རྒྱ་མི་མང་པོ་གསོས་བསྡད་ན་སྙིང་བོ་འདུག་གམ།
ཕྱི་རྒྱལ་ཁབ་སུ་འདྲ་ཞིག་ཡིན་ནའང་མི་རིགས་རང་གི་ཐོན་རྫས་ལ་དུང་ཞེན་དང་རྩ་ཆེན་པོ་བརྩི་གི་འདུག རྒྱ་ནག་གི་ཐོན་དངོས་ནི་གད་སྙིགས་ནང་བཞིན་གོང་ཁེ་བོ་རེད། གོམས་གཤིས་ཀྱི་ཐོག་ནས་བཤད་ན་རྒྱ་མིའི་ལྟ་སྤྱོད་རྣམས་མཛེས་ཉམས་མེད་པའི་ཆེས་སྐྱུགས་བྲོ་བོ་ཞིག་ཏུ་བརྩི་བ་ལས། རྒྱ་མིའི་ལྟ་སྤྱོད་ལ་དགའ་མོས་བྱེད་མཁན་ཡོད་མ་རེད། མ་ཟད་སྔ་མོའི་བོད་རྒན་གནད་མ་ཚོས་ཀྱང་རྒྱ་ལྟ་ཟེར་ནས་དམོད་དང་མཐོང་ཆུང་བྱེད་ས་ཞིག་ལས། རྒྱ་མིའི་བསམ་བློ་དང་སྤྱོད་པ་ལ་ལད་ཟློས་དང་སློབ་སྦྱོང་བྱེད་མཁན་ཡོད་པ་མ་རེད། འོན་ཀྱང་དེང་སང་གི་ན་གཞོས་ཚོས་དེང་རབས་ཡིན་མདོག་གིས་རྒྱ་མིའི་ལྟ་སྤྱོད་ལ་ལད་ཟློས་བྱེད་པ་དང་། རྒྱ་མིའི་ཅ་དངོས་རྩ་ཆེན་པོ་བརྩི་བ་དང་། ད་དུང་བློ་མ་སྨིན་པ་མང་པོ་ཞིག་གིས་རྒྱ་སྐད་བཤད་ན་བསམ་བློ་སྔོན་ཐོན་ཡིན་མདོག་མདོག་བྱེད་ནི། ངོ་ཚ་མ་ཤེས་པའི་བྱེད་སྟོངས་མཐོང་ན་ངུ་ཤོར་བ་ཞིག་རེད།
ཆེས་མང་པོ་འབྲི་འདོད་ཀྱང་མི་སྒེར་བ་ཞིག་གིས་ཞོར་ལ་སྤུས་དག་པོ་དང་ཆ་ཚང་བ་ཞིག་འབྲི་མི་ནུས་པས། གཞུང་གིས་གསར་འགྱུར་བརྒྱུད་ལམ་ཁོ་ན་ལས། བོད་མིའི་བསྒྲུབ་ཐུབ་པ་དང་བསྒྲུབ་འོས་པའི་དོན་དག་ག་རེ་ཡོད་མེད་ལ་ཞིབ་འཇུག་ཙམ་ཡང་མི་བྱེད་པ་ནི། བོད་མིའི་ནུས་པར་བདག་པོ་མ་བརྒྱབ་པར་ཆུད་ཟོས་སུ་བཏང་བ་ཞིག་མ་རེད་དམ། འདི་འདྲ་དྲན་དུས་རང་བཞིན་གྱིས་འགན་ཡོད་བཀའ་ཁྲི་སོགས་ལ་ཞེ་འཁོན་ལངས་ཡོང་གི་འདུག གཙོ་བོ་ཕྱི་མི་ལ་ཐུག་འཕྲད་དང་གསར་ཁང་སོགས་ལ་སྐད་ཆ་རེ་བཤད་ནས་ལས་འགུལ་སྤེལ་གྱི་ཡོད་ཁུལ་བྱེད་པ་ནི། བཀའ་ཁྲི་བློ་བཟང་སེང་གེས་མི་ཚེའི་རྒྱུས་སྤྲོད་བྱེད་སྟངས་ཤིག་ཡིན་པ་རེད། མ་ཟད་འདི་ནི་མི་མངོན་པའི་ཐོག་ནས་བཀའ་ཁྲིས་བོད་དོན་འཐུས་ཤོར་དང་བོད་མིར་མགོ་སྐོར་གཏོང་སྟངས་ཤིག་ཀྱང་མ་རེད་དམ།
ཧུ་ཅིན་ཐོ་ཡི་འཆམ་མཐུན་གྱི་སྤྱི་ཚོགས་ཟེར་དེའང་། ཡང་སྙིང་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་ཏུ་གནས་སྤོར་མཁན་གྱི་རྒྱ་མི་ཚོར། ས་གནས་གྲངས་ཉུང་མི་རིགས་ཚོས་རྣམ་འགྱུར་དང་སྣེ་ལེན་ཡག་པོ་ཐོབ་ཆེད་མགོ་སྐོར་གྱི་སྲིད་ཇུས་ཤིག་ལས། དོན་དག་རྡོག་རྡོག་ཞི་འཇམ་གྱི་ངང་ནས་གྲངས་ཉུང་མི་རིགས་ས་ཁུལ་དུ་རྒྱ་མི་གང་མང་མང་བཀྲམས་རྒྱུའི་གཡོ་སྒྱུའི་སྲིད་ཇུས་ཤིག་རེད། ང་ཚོས་མཆོང་ནས་ཡོང་བའི་གཅན་གཟན་དང་། འཇབ་ནས་ཡོང་བའི་ཙི་ཙི་གཉིས་ངོ་ཤེས་དགོས། ལྷག་པར་བོད་མའི་དུས་ཆེན་རེ་རེ་སླེབས་པ་དང་རྒྱ་མི་ཚོའི་རྒྱ་ཚོང་ལངས་པ་རེད།
རྒྱ་མིའི་དམིགས་ཡུལ་ལྟེ་བ་རྒྱ་མི་གང་མང་མང་བོད་སོགས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་དུ་ནད་འབུ་ནང་བཞིན་གཏོང་རྒྱུ་དེ་རེད། བོད་ལ་མཚོན་ནའང་གཞུང་གི་དམག་མི་དང་ལས་བྱེད་པ་མ་རྩིས་པའི་ཚོང་པ་དང་ལས་ཀ་བྱེད་མཁན་དང་སློང་མོ་བ་སོགས། རྒྱ་མི་སྒེར་བ་མང་པོ་ནང་མི་དང་བཅས་པ་བོད་ལ་བླུགས་ཡོང་གི་ཡོད་པ་རེད། ཁོ་ཚོར་བོད་དུ་གཞིས་ཆགས་རྒྱུར་སྣེ་ལེན་དང་གོ་སྐབས་སྤྲོད་མཁན་ཤུགས་ཆེ་ཤོས་བོད་མི་རང་ཉིད་ཆགས་ཡོད་པ་རེད་སྙམ།
རྒྱ་མིའི་ཟ་ཁང་དང་ཚོང་ཁང་སོགས་སྒོ་བརྒྱབ་པ་ཡིན་ན་བོད་ནང་གི་ཁྲོམ་རར་རང་བཞིན་གྱིས་སྟོང་ཆ་ཞིག་ཀྱང་ལྷག་གི་རེད། སྟོང་ཆ་དེ་བོད་མི་རང་གིས་བསྐང་ཐུབ་པ་བྱེད་རྒྱུ་དཔལ་འབྱོར་དང་ཆབ་སྲིད་གཉིས་ཐད་དོན་སྙིང་ཆེན་པོ་ལྡན་ཡོད་པ་རེད། བོད་མི་ཚོས་ཁ་ཟང་དང་ཚོང་ཁང་། ལག་ཤེས་ཆུང་ཚགས་རིགས་ཀྱི་ཚོང་ལས་གཉེར་སྟངས་ལ་སློབ་སྦྱོང་དང་ཉམས་མྱོང་བསགས་རྒྱུར་འབད་བརྩོན་བྱེད་དགོས་ཀྱི་འདུག
སྟབས་ཉེས་པ་ཞིག་ལ་བོད་པ་རང་གི་དཔལ་འབྱོར་གྱི་སྟོབས་ཤུགས་ཀྱང་རྒྱ་མིའི་ཆབ་སྲིད་ལག་ཆ་ཆགས་འགྲོ་གི་ཡོད་པ་རེད། དེི་མིན་ང་ཚོས་རང་གི་ཤ་ཁྲག་གཅིག་པའི་བོད་མི་ཉེས་མེད་འབུམ་མང་པོ་དམར་གསོད་བཏང་། མང་པོ་བཙོན་དུ་བཅུག མཐའ་མ་བོད་མི་རིགས་དང་དེའི་རིགས་གཞུང་རྩ་མེད་བཟོས་ཤུལ་དུ། བོད་ས་ཡོངས་རྫོགས་རྒྱ་མིས་ཁེངས་ཐབས་མཐར་ཐུག་གི་ལག་དམར་རྒྱ་མིའི་ལག་པས་བཟོས་པའི་ཟ་མ་ཟ་རྒྱུར་བློ་བདེ་བོ་འདུག་གམ།
རྒན་་་མགོན་པོ་ཕྱག་གཉིས་མཆོག་ལ། གནམ་མཁས་བཤད་ཀྱིན་པའི་སྐད་ཆའི་ནང་ན་ཚོགས་སྐྱིད་༡༡གི་གྲོས་ཆོད་འདི་འཇམ་ནོར་སོགས་ལ་དམིགས་ནས་བཞག་པ་ཡིན་ཚུལ་གང་ཡང་བཤད་མི་འདུག ཁ་གསལ་བོ་བྱས་ན་མ་གཏོགས་གོ་བ་ལོག་འགྲོ་ན་ཐང་། ཚོགས་པ་སྐྱིད་སྡུག་བཅུ་གཅིག་གིས་བཞག་བའི་གྲོས་ཆོད་དང་འབྲེལ་བའི་གླེང་སློང་མཁན་ཚོའི་བསམ་ཚུལ་ལ་དམིགས་ནས་དཔྱད་བརྗོད་བྱས་འདུག དེ་མིན་བསམ་བྱ་གཞན་གང་ཡང་མེད། ཐུགས་རྗེ་ཆེ།
མ་གཞི་ནས་ཁ་སང་དེ་རིང་གནས་བབ་རིགས་གནས་གསར་བརྗེ་སྐབས་ཀྱི་སྒྲོ་འདོགས་ཚོགས་ཆེན་དང་འདྲ་སེ་འདུག
ངས་བལྟས་ན། རྩོམ་པ་པོ་རྒྱལ་བོ་གླང་དར་མ་དང་། ཚངས་དབྱངས་རྒྱ་མཚོ། རྩིས་དཔོན་བློ་ཤར། དགེ་ཆོས་བཅས་དཔེ་གཞིའི་མི་སྣར་འདེམས་ནས་རྩོམ་འདིའི་བརྗོད་བྱའི་མ་རྐང་བྱས་འདུག ཀློག་པ་པོ་ཞིག་གི་ངོས་ནས་དབྱེ་ཞིབ་བྱེད་ཁུལ་བྱས་ན། དཔེ་གཞི་འདི་དག་ལས་གླང་དར་གྱི་ལོ་རྒྱུས་ལ་ཕྱིར་རྟོགས་བྱེད་སྟངས་མི་འདྲ་བ་གཉིས་རེད། སྲོལ་རྒྱུན་གྱི་བདུད་རྒྱལ་དང་། དེང་རབས་ཀྱི་མི་བུའོ།། སྐབས་དེའི་དོན་རྐྱེན་གྱི་རྒྱབ་ལྗོངས་ནི་བན་བོན་འགལ་ཟླ་དང་། ཆོས་སྲིད་ཀྱི་ལངས་ཕྱོགས་གཉིས་ཅུང་ཟད་ཡོངས་གྲགས་ཀྱི་བཤད་སྟངས་རེད། རིག་འཛིན་ཚངས་དབྱངས་རྒྱ་མཚོ་ནི་ལྷ་བཟང་ཁཱང་གིས་བོད་དབང་སྒྱུར་བྱེད་པ་ལ་རང་གི་མགོ་ཐོག་ན་གནམ་ལས་གཞན་ཡོད་ན་འགལ་རྐྱེན་དུ་འགྱུར་ཕྱིར་དབང་ཤུགས་ཀྱི་སྟེང་ལ་གཡོ་ཇུས་བསྣན་ཏེ་ཕྱིར་འབུད་བཏང་བར་བོད་མི་དམངས་ནས་རྒྱབ་སྐྱོར་གྱི་མགོ་བོ་ནང་ལ་མ་གུག་པར་ངོ་རྒོལ་གྱི་མགོ་བོ་འཕྲེད་དུ་གཡུགས་པའི་ལོ་རྒྱུས་གསལ་བོ་ཡོད། རྩིས་དཔོན་བློ་ཤར་ལ་ཕུགས་རྒྱང་གི་བསམ་བློ་ཡོད་པར་སྨྲ་བ་ནི་གསར་བརྗེ་སྨྲ་བ་ཁ་ཅིག་གི་དཔེ་གཞིར་དྲངས་བས་རེད། འདི་དག་གིས”བོད་ལ་མི་རྣམ་དཔྱོད་ཅན་མི་དགོས་པ”མ་བརྟགས་མ་དཔྱད་པའི་སྣང་ངོར་སྒྲུབ་ཐུབ་ནའང་། དཔེ་གཞི་དེ་དག་གི་ལོ་རྒྱུས་དང་སྐབས་དེའི་སྤྱི་ཚོགས་ཀྱི་གནས་བབ་བཅས་ལ་གཞིགས་ན་དེ་ཙམ་སྒྲུབ་མི་ཐུབ་པ་གསལ་ནས་གསལ་དུ་འགྲོ་ངེས། བོད་ལ་མི་རྣམ་དཔྱོད་ཅན་མི་དགོས་པའི་དཔེ་གཞིར་འོས་ལ། སྐབས་དོན་བདེ་བླག་ངང་སྒྲུབ་ཐུབ་པའི་མི་ཚེ་བྱུང་བ་ཅན་ནི་དགེ་ཆོས་རེད།
ད་ལྟའི་དངོས་ཡོད་གནས་སྟངས་སུ་ཚོགས་སྐྱིད་༡༡་དང་བཀའ་སྤྱི་གཉིས་ཀྱི་བྱ་བྱེད་འགའ་བརྗོད་བྱར་འདེམས་ཏེ་དམངས་གཙོའི་ལམ་ལུགས་གྱི་རིག་པས་གཤིབ་བསྡུར་དང་སུན་འབྱིན་བྱས་ཏེ་རང་དབང་གི་ལམ་ཆེན་འགོག་མི་འོས་པའི་བསམ་བློའི་ཁ་དོག་དམར་རྗེན་དུ་བསྟན་འདུག
འདས་པའི་དཔེ་གཞི་དག་དང་། ད་ལྟའི་དངོས་ཡོད་གནས་སྟངས་གཉིས་ཀྱི་འབྲེལ་ཐག་གམ་རྒྱུན་སྐུད་ནི”བོད་ལ་མི་རྣམ་དཔྱོད་ཅན་མི་དགོས”ཞེས་པ་འདི་རེད།
རྩོམ་ཡིག་འདིའི་སྒྲུབ་དགོས་པའི་དོན་སྙིང་ནི་འཇམ་ནོར་དང་ལྷ་བཟང་ཚེ་རིང་སོགས་ནི་བོད་མི་རྣམ་དཔྱོད་ཅན་ཡིན་པ་ངོ་སྤྲོད་བདེན་དཔང་དང་། དེ་དག་གི་ཁ་གཏད་དུ་ཡོད་པ་རྣམས་ནི་ནོར་འཛོལ་དང་། བྱས་ཉེས་ཤིག་གི་གཡང་འཆོང་བཞིན་པ་གསལ་འདེབས་བྱས་པ་མ་ཡིན་ནམ།
དམངས་གཙོའི་སྤྱི་ཚོགས་ནང་ལ་ཡོད་པ་གསུམ་དང་མེད་པ་གསུམ་ཚང་ན། ད་གཟོད་ང་ཚོའི་རྙོག་གྲ་མང་པོ་ཞིག་མེད་པར་བཟོ་ཐུབ། ད་བར་ང་ཚོའི་སྤྱི་ཚོགས་ནང་གི་འགལ་ཟླ། ནང་དམེ། གསོད་རེས། དེ་བཞིན་སྡིག་རྭ་སོགས་མང་པོ་བྱུང་བ་འདི། གཞི་རྩའི་དམངས་གཙོའི་སྤྱི་ཚོགས་ཀྱི་ཆ་རྐྱེན་འགའ་ཤས་ཚང་གི་མིན་འདུག
ཡོད་པ་གསུམ།
དང་པོ། སྤྱི་ཚོགས་ཀྱི་བདེ་རྩ་དང་འབྲེལ་ཡོད་སྐད་ཆ་བཤད་དུས་ངེས་པར་དུ་འགན་འཁུར་ཡོད་དགོས། གཟུར་ཟ་དང་། དམའ་འབེས། སྡིག་རྭ་རྣམས་འགན་འཁུར་མེད་པའི་རྟགས་རེད། ཨེ་རེད།
གཉིས་པ། དངོས་ཡོད་དང་ཡོངས་སུ་མཐུན་པ་ཡིན་དགོས། སྤྱི་ཚོགས་ཀྱི་བདེ་དོན་བཤད་དུས། དངོས་ཡོད་ལས། ལྷ་བླ་མ། རིགས་པའི་གཞུང་ལུགས། མེས་པོའི་མོ་ལུང་བསྟན། དེ་བཞིན་རྨི་ལམ་ལྟ་བུའི་གནས་ཚུལ་བསམ་བློ་གཏང་ཡུལ་དུ་འཇོག་རྒྱུ་མེད།
གསུམ་པ། གཞན་ལ་གཏམ་བརྗོད་རང་དབང་དང་བསམ་བློ་གཏོང་བའི་རང་དབང་ལ་ཡོངས་སུ་ཁས་ལེན་བྱ་དགོས། མི་གཞན་གྱི་ལྟ་བ་ལ་འགག་སྒྲུབ་བྱས་ན་ཆོག། ཡིན་ནའང་། ལྟ་བ་འཁུར་མཁན་དེའི་སྲོག་དང་བདེ་ཐང་ལ་རྩ་བ་ནས་གནོད་པ་བྱེད་མི་ཆོག། ལྟ་བ་ལ་རྒོལ་དགོས། ཁོ་པའི་སྲོག་ལ་བརྩི་དགོས།
མེད་པ་གསུམ།
དམངས་གཙོའི་སྤྱི་ཚོགས་ནང་ལ་མེད་པ་གསུམ་ནི།
དང་པོ། ང་བདེན་ཁོ་རྫུན་གྱི་ལྟ་བ་མེད་པ་བཟོ་དགོས། རྙོག་གྲ་གཙོ་བོ་ཡོངས་ས་གཅིག་ནི། ངའི་ལྟ་བ་དང་བསམ་བློ་དེ་འགྲིགས་ཡོད། ཁྱོད་ཀྱི་དེ་དག་ནོར་བ་ཡིན་པའི་ལྟ་བ་དེ་དོར་དགོས། དེ་མེད་པ་བཟོ་དགོས།
གཉིས་པ། གཞན་གཏོར་བའི་སེམས་པ་མེད་པ་བཟོ་དགོས། དམངས་གཙོའི་སྤྱི་ཚོགས་ནང་། ལྟ་བ་མ་མཐུན་ན། གཞན་རྩ་གཏོར་གཏོང་བའི་བསམ་པ་དེ་མེད་པ་བཟོ་དགོས། གཞན་གྱི་ལྟ་བ་ག་ཚོད་ནོར་རུང་། གནམ་འདིའི་འོག་ལ་མི་སུ་གཅིག་ལ་ཡང་མི་དེ་མེད་པ་བཟོ་བའི་ཐོབ་ཐང་མེད།
གསུམ་པ། དམངས་གཙོའི་སྤྱི་ཚོགས་ནང་ལ། འདྲ་མཉམ་གྱི་བསམ་བློ་དེ་ངེས་པར་དུ་ཡོད་དགོས། མི་ཚང་མ་འདྲ་མཉམ་ཡིན་པའི་འདུ་ཤེས་དེ་ཡོངས་སུ་སྤེལ་དགོས།
ད་རེས་བོད་གཞུང་སྒོ་བརྒྱབ་པའི་དཀྲོག་གཏམ་སྤེལ་མཁན་དེ་དག་གིས། གོང་གི་གཞི་རྩའི་ཆ་རྐྱེན་ཁག་གཅིག་ལ་བརྩི་བཀུར་བྱས་མེད་པ་ལྟ་བུ་འདུག། ང་ནོར་སྲིད།
དང་པོ། སྤྱི་ཚོགས་ལ་འགན་འཁུར་མེད་པ་མཚོན་འདུག། གཞུང་སྒོ་བརྒྱབ་མེད་པ་དེ་བདེན་པ་རེད། ཤེས་བཞིན་དུ་རྙོག་གྲ་བཟོས་པ་དེ་སྤྱི་ཚོགས་ལ་འགན་འཁུར་མིན་འདུག
གཉིས་པ། དངོས་ཡོད་དང་ཡོངས་སུ་མི་མཐུན་པའི་སྐད་ཆ་བཤད་པ། དཔེར་ན། རྒྱལ་བ་རིན་པོ་ཆེས་བོད་གཞུང་སྒོ་བརྒྱབ་ཟེར་བ་ནི་སྐབས་འདིར་དངོས་ཡོད་དང་མི་མཐུན། བོད་གཞུང་གི་མིང་གསར་པ་འདོགས་མཁན་དེ་དམིགས་བསལ་གྱི་ཚོགས་འདུ་དེའི་འཐུས་མི་ཚོ་རེད།
ད་རྒྱལ་བ་རིན་པོ་ཆེར་སྤྲེལ་ལད་ལྟ་བུས། མི་འགའ་ཤས་ཀྱི་མིང་བཏོན་ནས་ཁོང་ཚོར་སྡིག་རྭ་བྱེད་པ་ནི། དམངས་གཙོ་དང་མི་མཐུན། རབ་བྱུང་ན། ཁྲིམས་ཁང་བེད་སྤྱད་ནས། ཁྲིམས་གཏུགས་བྱས་ན། བདེན་རྫུན་བཤེར་ཐུབ། ཚགས་པར་དང་གསར་འགྱུར་འགོག་ཐབས་བྱེད་པ་འདི། ངོ་མ་དམངས་གཙོའི་རྩ་བ་དང་ཁྱོན་ནས་མི་མཐུན།
དེ་བཞིན་རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་གི་དགོངས་པ་བཞེས་སྟངས་ནོར་བའི་བསམ་ཆར་ཡོད་ན། ངེས་པར་དུ་བཤད་དགོས། དེ་ཡང་འགན་འཁུར་ཡོད་པ། དངོས་ཡོད་དང་མཐུན་པ། གཞན་གྱི་ལྟ་བ་བརྩི་བཀུར་ཡོད་པའི་ཐོག་ནས་བཏོན་ན། སྤྱི་ཚོགས་ལ་དགོས་པ་དེ་རེད། ད་ེམིན་པར། ཟུར་ཟ་དང་ཁ་བརྡུང་ལྟ་བུའི་ཐོག་ནས་བསམ་འཆར་བཏོན་ན། སྤྱི་ཚོགས་ཕུང་དཀྲུག་བྱེད་པའི་ནོར་འཁྲུལ་བྱུང་སྲིད་སྟབས། དེ་དག་སྤོང་དགོས། ལྷག་པར་དུ། དངོས་ཡོད་དང་མི་མཐུན་པའི་སྐྱོན་བརྗོད་དེ་རིགས་ངེས་པར་དུ་སྤོང་དགོས།
ངའི་རེ་བ་ལ། རྩོམ་འདི་ཁ་བརྡའི་མ་རྩོམ་སྟེང་ལ་བཀོལ་མཁན་ཞིག་བྱུང་ན། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
གསར་སྐྱེས་ཚོས་ཤེས་ཆེད་དུ་༧གོང་ས་མཆོག་གི་གསུམ་བཅུའི་དུས་དྲན་གྱི་བཀའ་ཁག་ནས་ཟུར་བཏོན་བྱས་པ་ཡིན།།
༧གོས་ས་མཆོག་གི་༡༩༧༡ལོའི་གསུམ་བཅུ་དུས་དྲན་གྱི་གསུང་འཕྲིན།
༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་ལྷ་སར་བོད་མི་མང་ནས་རང་དབང་སྒེར་ལངས་ཀྱི་ལས་འགུལ་བྱས་པར་རྒྱ་མི་གུང་བྲན་གྱིས་བཙན་དབང་གདུག་རྩུབ་དྲག་པོས་འགྲོ་བ་མིས་རྩ་ཆེར་འཛིན་པའི་གནས་ལ་ཇི་མི་སྙམ་པར་བོད་མི་སྟོང་ཕྲག་མང་པོ་དམར་གསོད་དྲག་གནོན་བྱས་པ་རེད། དེ་འདྲའི་ཉིན་མོ་དེ་ལ་ང་ཚོས་རྗེས་དྲན་གང་གི་དོན་དུ་བྱེད་ཀྱི་ཡོད་དམ་ཟེར་ན། ང་ཚོས་བོད་རང་དབང་གི་དོན་དུ་ལུས་སྲོག་གཏོང་མཁན་བོད་མི་ཚོར་རྗེས་དྲན་བྱེད་པ་ཙམ་དུ་མ་ཟད། དེ་ཉིན་རྒྱལ་ཁ་ཐོབ་པའི་ཉིན་མོ་ཞིག་ཏུ་ངོས་འཛིན་བྱས་ནས་ཀྱང་རྗེས་དྲན་བྱེད་ཀྱི་ཡོད། ཅིའི་ཕྱིར་ཞེ་ན། དེའི་ཉིན་རྒྱ་མི་གུང་བྲན་གྱིས་བཙན་དབང་གིས་འཛིན་སྐྱོང་བྱེད་པའི་སྲིད་བྱུས་ལ་ཕམ་ཉེས་ཕྱིན་པ་གསལ་པོར་བསྟན་པའི་ཐོག ཁོང་ཚོ་འུ་ཐུག་ཐབས་ཟད་ཀྱིས་དྲག་པོའི་ལམ་ནས་གུང་བྲན་ལྟ་སྤྱོད་ཀྱི་ལྡོག་ཕྱོགས་མི་སེར་སྤེལ་སྲོལ་འཛིན་ཐབས་བྱེད་དགོས་པར་ཐུག་པ་དང༌། ང་ཚོའི་ཕྱོགས་སུ་ཕམ་ཉེས་མིན་པའི་ཁར། ཕྱི་རྒྱལ་བཙན་དབང་གི་འོག་ཏུ་ནམ་ཡང་སྡོད་འདོད་མེད་པའི་རྣམ་འགྱུར་དཔའ་གདེངས་སྤོབས་པ་ཆེན་པོའི་ངང་ནས་བསྟན་ཡོད། དེ་ལྟ་བུའི་རང་དབང་གྱེན་ལངས་ལན་གྲངས་སྟོང་ཕྲག་བྱེད་སྲིད་ལ། དེ་འདྲའི་དྲག་གནོན་ཡང་སྟོང་ཕྲག་བྱེད་སྲིད་ནའང༌། སྐྱེ་བོ་སོ་སོ་རང་ཉིད་ཀྱི་ནང་གི་སྙིང་སྟོབས་དང་རང་དབང་གི་འདོད་པ་ནི་དུས་ནམ་ཡང་གཏོར་བརླག་གཏོང་མི་ཐུབ་པས། བོད་ལ་ཐོབ་ཐང་ཡོད་ངེས་རང་བཙན་རྒྱལ་ཁབ་ཀྱི་གྲས་སུ་མ་ཚུད་བར་ངའི་མི་མང་གིས་འཐབ་རྩོད་མུ་མཐུད་ནས་བྱེད་ངེས་ཡིན།
༡༩༧༢ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
བོད་རང་དབང་རང་བཙན་སྐོར་ལ་མ་འོངས་ལུང་བསྟན་ལྟ་བུ་བརྗོད་མི་ཐུབ་ཀྱང་འགྱུར་བ་ངེས་པར་དུ་ཡོང་གི་རེད། རྒྱལ་སྤྱིའི་གནས་སྟངས་ལ་མཚོན་ན་ཡང༌། ལོ་བཅུའི་གོང་དུ་མི་སྲིད་པར་ངོས་འཛིན་བྱེད་པའི་འགྱུར་བ་ཆེན་པོ་བྱུང་ཡོད་ཅིང༌། རྒྱ་ནག་རང་ལ་མཚོན་ན་ཡང་རྒྱ་ནག་མཉམ་འབྲེལ་རྒྱལ་ཚོགས་ནང་འགན་འཁུར་ཡོད་པའི་འཐུས་མིའི་གྲས་ཡིན་པས་འགྲོ་བ་མིའི་ཞི་བདེའི་ཆེད་དུ་ལས་དོན་སྒྲུབ་ཐུབ་མཁན་ཞིག་ཏུ་གྱུར་ཡོད་པ་ལྟར་རྒྱ་ནག་ནས་དེ་བཞིན་བྱེད་པའི་རེ་བ་ཡོད་པ་མ་ཟད། ཉིན་གཅིག་རྒྱ་ནག་ནས་བོད་ཀྱི་གནས་སྟངས་ངོ་མ་དེ་དང༌། བོད་མིའི་སེམས་ཤུགས་ནམ་ཡང་ཉམས་མི་ཐུབ་པ་དེ་ཡང་ཁས་ལེན་ངོས་འཛིན་བྱེད་པའི་རེ་བ་ཡོད།
ང་ཚོའི་མི་མང་གི་སེམས་ཤུགས་དང༌། གཞོན་ནུའི་ནང་རྒྱལ་གཅེས་གོ་རྟོགས་འཕར་ཚད། བོད་དོན་ལ་རྒྱབ་སྐྱོར་ཇེ་ཆེར་འགྲོ་བ་བཅས་ཀྱི་གནས་ལུགས་འདི་དག་ལ་བརྟེན་ནས་བོད་ཀྱི་མ་འོངས་པའི་མདུན་ལམ་མུན་ནག་མིན་པ་དེ་མཐོང་ཐུབ་ཅིང༌། དེ་འདྲའི་སེམས་ཤུགས་དང༌། རྒྱལ་གཅེས། རྒྱབ་སྐྱོར་བཅས་ཇི་སྲིད་ཡོད་པ་དེ་སྲིད་དུ་བོད་དོན་གྱི་རེ་བའང་ཡོད་ངེས་ཡིན།།
༡༩༧༣ལོའི་གསུམ་བཅུ་དུས་དྲན་གྱི་གསུང་འཕྲིན།།
ད་ལོའི་ཆུ་གླང་ལོ་འདི་བོད་རྗེའི་ཐོག་མ་གཉའ་ཁྲི་བཙན་པོ་བྱོན་ཏེ་བོད་རྒྱལ་ཁབ་ཀྱི་ཆབ་སྲིད་དབུ་བརྙེས་ནས་ལོ་ཉིས་སྟོང་ཆིག་བརྒྱ་འཁོར་བའི་ལོ་ཡིན་པ་དང༌། ད་རིང་གི་དུས་ཚེས་འདི་བོད་རྒྱ་ཆེའི་མི་མང་ནས་ཕྱི་རྒྱལ་བཙན་འཛུལ་ལ་ངོ་རྒོལ་རང་དབང་སྒེར་ལངས་ཀྱི་ལས་འགུལ་བརྩམས་ནས་ལོ་བཅུ་བཞི་སོང་བའི་དུས་ཚེས་ཡིན་པས་དེ་གཉིས་ཀྱི་དྲན་གསོ་བྱེད་པ་དང་ཆབས་ཅིག ངེད་ནས་གཞིས་བྱེས་བོད་མི་རྣམས་ལ་ལྷག་བསམ་མཛའ་བརྩེས་དྲངས་པའི་འཚམས་འདྲི་ཞུ་རྒྱུ་ཡིན།
བོད་རྒྱལ་ལོ་ཉིས་སྟོང་ཆིག་བརྒྱ་ཐམ་པ་སོང་རིང་གི་གནས་ལུགས་ཉུང་བསྡུས་ཤིག་བརྗོད་ན། བོད་རྗེ་ཁྲི་བདུན་དང༌། སྟེང་གཉིས། ལེགས་དྲུག སྡེ་བརྒྱད། བཙན་ལྔ་སྟེ་རྒྱལ་རབས་ཉེར་བརྒྱད་རིང་བོད་ཀྱི་སྤྱི་ཚོགས་དང༌། ལག་རྩལ་ཤེས་རིག་གི་རྣམ་པ་ཁག་རིམ་བཞིན་འཕེལ་རྒྱས་བྱུང་ཞིང༌། ཉེར་བརྒྱད་པ་ལྷ་ཐོ་རི་གཉའ་བཙན་སྐབས་དམ་པའི་ཆོས་ཀྱི་དབུ་གསར་དུ་བརྙེས། སོ་གསུམ་པ་སྲོང་བཙན་སྒམ་པོ་དང༌། སོ་བདུན་པ་ཁྲི་སྲོང་ལྡེ་བཙན། བཞི་བཅུ་པ་ཁྲི་རལ་པ་ཅན་བཅས་མེས་དབོན་རྣམ་གསུམ་གྱི་སྐུ་རིང་ལ་བོད་རྒྱལ་ཁབ་ཀྱི་ཆབ་སྲིད་སྟོབས་འབྱོར་མངའ་ཐང་ཕུན་སུམ་ཚོགས་པ་བྱུང་སྟེ། དེ་ཡང་ཆོས་ཕྱོགས་ནས། སངས་རྒྱས་ཀྱི་བཀའ་དང་དེའི་དགོངས་འགྲེལ་བསྟན་བཅོས་མང་པོ་བོད་སྐད་དུ་བསྒྱུར། ལྷ་ཆོས་མི་ཆོས་ཀྱི་སྲོལ་བཟང་པོ་བཙུགས་ཏེ་མངོན་མཐོ་ངེས་ལེགས་ཀྱི་ལམ་གསལ་བར་མཛད། སྲིད་ཕྱོགས་ནས། མངའ་འབངས་ལ་ས་ཞིང་བགོས་སྙོམས་དང༌། མང་མོས་བློ་ལྡན་གྱི་མི་སྣ་བསྡུས་ནས་དབྱར་དགུན་གྱི་གྲོས་ཚོགས་བྱེད་པ་སོགས་དེང་དུས་སྤྱི་ཚོགས་དམངས་གཙོའི་ལྟ་སྤྱོད་དང་མཐུན་པའི་ཆབ་སྲིད་ཕུལ་དུ་བྱུང་བ་བསྐྱངས། དགྲ་སྡེ་རྣམ་པར་འཇོམས་པའི་དཔའ་གྲགས་ཆེ་བ་སོགས་དེ་དུས་བོད་རྒྱལ་ཁབ་ཀྱི་སྙན་གྲགས་འཛམ་གླིང་ཤར་ཕྱོགས་ཀྱི་ཁྱོན་དུ་ཁྱབ་པར་གྱུར།
རྒྱལ་རབས་ཞེ་གཅིག་པ་གླང་དར་མས་དམ་པའི་ཆོས་ལ་ལོག་པར་བལྟས་པས་བསྟན་པ་ལ་གེགས་ཆག་ཆེན་པོ་བྱུང༌། གླང་དར་གྱི་སྲས་ངོ་འདྲ་གཉིས་མ་མཐུན་པར་མངའ་རིས་སོ་སོར་ཕྱེ་བ་ནས་བཟུངས་བོད་སིལ་བུར་སོང་སྟེ་སྤྱི་མཐུན་གྱི་སྟོབས་ཤུགས་ཉམས་པས། བོད་ཀྱི་མཐའ་མཚམས་ས་སྡེ་མང་པོ་རིམ་བཞིན་ཟུར་གྱེས་གཞན་སྡེར་ཚུད་ཤོར་སོགས་ཆོས་སྲིད་གཉིས་ཕྱོགས་ནས་ཉམས་ཆག་འཐུས་ཤོར་ཆེན་པོ་བྱུང༌།
དེ་རྗེས་ས་སྐྱ་ཆོས་རྒྱལ་འཕགས་པའི་སྐུ་དུས་ནས་བཟུངས། ས་སྐྱ་པ་དང༌། ཕག་གྲུ་པ། རིན་སྤུངས་པ། གཙང་པ་སོགས་ནས་བོད་ཀྱི་ཆབ་སྲིད་རིམ་བཞིན་བསྐྱངས་པའི་རིང་བོད་སིལ་བུའི་སྐབས་དང་མི་འདྲ་བའི་གཞི་རྩའི་ཆོས་སྲིད་དར་རྒྱས་གང་ལེགས་བྱུང་ན་ཡང༌། མེས་དབོན་རྣམ་གསུམ་སྐུ་རིང་གི་བོད་ཀྱི་ས་སྡེ་མཐའ་དག་སྔ་སོར་ཆུད་མ་ཐུབ་པ་མ་ཟད། བོད་ནང་ཁུལ་ལའང་མི་བདེ་བའི་འཁྲུག་རྩོད་སྔ་རྗེས་སུ་བྱུང༌།
ྋརྒྱལ་དབང་རྗེ་སྐུ་ཕྲེང་ལྔ་པ་ནས་བཟུངས་དགའ་ལྡན་ཕོ་བྲང་པའི་ཆབ་སྲིད་དར་བའི་རིང་བོད་ནང་ཆོས་འབྱོར་བདེ་སྐྱིད་མི་དམན་ཙམ་བྱུང་ན་ཡང༌། ཕྱི་ལོ་ ༡༩༥༠ ལོ་རྒྱ་མི་དམར་པོས་བོད་དུ་བཙན་འཛུལ་བྱས་རྗེས་བདེ་སྡུག་ཇི་བྱུང་ཚང་མའི་བློ་གསལ་ལྟར་ཡིན།
དེ་ལྟར་བོད་རྒྱལ་ལོ་ཉིས་སྟོང་ཆིག་བརྒྱ་ཐམ་པ་སོང་བའི་ལོ་རྒྱུས་ལ་ཕྱི་མིག་བལྟས་ཚེ། སྔ་དུས་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐུ་རིང་ལ་བོད་རིགས་མཆིས་སོ་ཅོག་གོང་བུ་གཅིག་གྱུར་ལ་བརྟེན་བོད་ཀྱི་ཆབ་སྲིད་སྟོབས་འབྱོར་མངའ་ཐང་ཕུན་སུམ་ཚོགས་པ་བྱུང་ཞིང༌། དེ་རྗེས་བོད་སིལ་བུར་སོང་སྟེ་རང་རང་སྡེ་ཁག་མང་པོ་ཟུར་གྱེས་སྤྱི་འདུས་ཀྱི་སྟོབས་ཤུགས་ཉམས་པའི་རྐྱེན་གྱིས་ཆབ་སྲིད་མངའ་ཐང་ཉམས་ཆག་ཆེན་པོ་བྱུང༌། ཉེ་བའི་ཆར་ཡང་བོད་མི་རང་ཉིད་ཀྱི་ཕྱི་ནང་སྟོབས་ཤུགས་འདུ་འགོད་དང་སྐབས་བསྟུན་ཐབས་ཤེས་ཇི་བཞིན་མ་ཐུབ་པའི་དབང་གིས་རྒྱ་དམར་བོད་དུ་བཙན་འཛུལ་བྱ་རྒྱུའི་གོ་སྐབས་ཅི་བདེར་ཐོབ་སྟེ་བོད་མི་མང་གི་བདེ་སྡུག་གནས་སྟངས་འདི་ལྟ་བུར་གྱར་བ་བཅས་སྒྲོ་བཏགས་བརྗོད་མཁས་མིན་པར་ལོ་རྒྱུས་དངོས་ཡོད་གནས་ཚུལ་ཐོག་ནས་ར་སྤྲོད་མཛུབ་སྟོན་གསལ་པོར་བྱུང་བ་འདི་ག་ཡིན་པས། ཚུལ་འདི་དག་ལ་རང་ཅག་བོད་མི་རྣམས་ནས་བསམ་གཞིགས་རྗེས་དྲན་གྱིས་བོད་རིགས་སུ་གཏོགས་པ་མཆིས་སོ་ཅོག་ཀུན་སིལ་བུར་མི་འགྲོ་བར་གོང་བུ་གཅིག་ཏུ་གནས་དགོས་པ་དང༌། རང་བདེ་རང་ས་ནས་མ་འཕྱུག་པ་ཞིག་ཅིས་ཀྱང་བྱ་དགོས།
དེ་ལ་བོད་སིལ་བུར་གྱུར་པའི་མཇུག་དང༌། ས་སྐྱ་པའི་དུས་སྐབས་བཅས་པར་བོད་ནང་སོག་རིགས་གོང་མའི་བཀའ་བཀོད་སླེབས། དེ་རྗེས་མན་ཇུ་གོང་མའི་དུས་བོད་ཀྱི་ལས་དོན་ལ་མན་ཇུས་ཐེ་བྱུས་བྱེད་པའི་དུས་སྐབས་བྱུང་ཡོད་ཀྱང༌། སྐབས་དེར་རྒྱ་ནག་ཧན་མི་རིགས་རང་ཉིད་སོག་པོ་དང་མན་ཇུའི་དབང་བསྒྱུར་འོག་གནསཤིང༌། སོག་པོའི་དབང་ཤུགས་མཇུག་རྫོགས། མན་ཇུའི་དབང་ཆར་རྒྱ་མིས་ངོ་རྒོལ་གྱེན་ལངས་བྱས་ནས་རྒྱ་ནག་དམངས་གཙོའི་སྲོལ་ལུགས་སུ་ཕྱོགས་པའི་སྐབས། མན་ཇུའི་བཙན་ཤུགས་མཐར་སྐྲོད་ཀྱིས་བོད་རང་བཙན་གཙང་མར་གནས་སྡོད་བྱས། དེ་འབྲེལ་རྒྱལ་ཁབ་འགས་ཕན་ཚུན་འདོད་རྔམས་ཁེ་དབང་སླད་བོད་རྒྱ་ཁོངས་ཡིན་པའི་སྐོར་ཡིག་འཇོག་འགའ་ཤས་ཡོད་ཀྱང༌། དེ་དག་ཁུངས་འབྲེལ་དྲང་བདེན་དོན་གནས་མིན་པ་ཡིག་ཆ་སྔ་རྗེས་འཇོག་སྟངས་ནས་མངོན་ཐུབ་ཅིང༌། ཉེ་ཆར་རྒྱ་མི་དམར་པོས་བོད་ལ་དྲག་ཤུགས་ཀྱིས་བཙན་འཛུལ་ཐོག བཙན་དབང་གི་གྲོས་མཐུན་དོན་ཚན་ ༡༧ འཇོག་བཅུག་པ་དྲང་འབྲེལ་ཁྲིམས་མཐུན་མིན་ཞེས་ང་ཚོས་འཛམ་གླིང་མི་མང་གི་མདུན་སར་གསལ་བསྒྲགས་བྱས་ཡོད་པ་དང༌། དེ་མིན་དྲང་འབྲེལ་གྱི་གནའ་རབས་ལོ་རྒྱུས་གང་གི་དབང་དུ་བྱས་ན་ཡང་བོད་ནི་རང་བཙན་རྒྱལ་ཁབ་བསྙོན་མེད་ཅིག་ཡིན།
༡༩༧༤ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
གསུམ་བཅུའི་དུས་དྲན་འདིའི་ངོ་བོ་གང་ཡིན་ནམ་ཞེ་ན། བོད་དོན་ཡིན། བོད་དོན་ཞེས་པ་གང་ཡིན་ནམ། དེ་མི་རིགས་ཤིག་དང༌། རྒྱལ་ཁབ་ཅིག ལྟ་བ་ཞིག་ལ་ངོ་རྒོལ་བྱེད་པ་དེ་ཡིན་ནམ། ཡང་ན་བཙན་བྱོལ་བ་ཉུས་ཤས་ཤིག་གི་རང་ཉིད་ཀྱི་ཁེ་ཕན་ཆེད་འབད་རྩོལ་བྱེད་པ་ཞིག་ལ་ཟེར་བ་ཨ་ཡིན་སྙམ་ན། དེ་དག་གང་ཡང་མ་ཡིན། བོད་དོན་ནི་བོད་མི་མང་གི་དོན་དང༌། དེ་ཡང་བོད་མི་ས་ཡ་དྲུག་གི་གནད་དོན། མི་རིགས་ཤིག་གིས་རང་གི་མ་འོངས་པའི་མདུན་ལམ་ཐག་གཅོད་ཇི་ལྟར་བྱ་བའི་རྩ་དོན་ཡིན་པས། ཇི་སྲིད་བོད་མི་ས་ཡ་དྲུག་གི་འདོད་བློ་མ་ཁེངས་པ་དེ་སྲིད་དུ་བོད་དོན་གྱི་འཐབ་རྩོད་མུ་མཐུད་ནས་བྱ་ངེས་ཡིན།
ངེད་རང་དྲང་བདེན་ལ་ཡིད་ཆེས་ཡོད། གལ་ཏེ་དེ་གཉིས་མེད་ན་འགྲོ་བ་མི་ཡི་རིགས་ལ་རེ་བའི་གཞི་རྩ་གཏན་ནས་མེད་པར་འགྱུར། བོད་དང༌། བོད་འདྲ་བ་རྒྱ་མིའི་བཙན་དབང་འོག་ཚུད་པའི་ཁྱིམ་མཚེས་རྒྱལ་ཁབ་རྣམས་ཐེ་བའི་རྒྱལ་ཁབ་སུ་འདྲ་ཞིག་ཡིན་ཀྱང་སོ་སོའི་རང་དབང་གི་དོན་དུ་འཐབ་རྩོད་བྱེད་པའི་ཐོབ་ཐང་ཡོད་པར་ཡིད་ཆེས་ཡོད།
༡༩༧༥ལོའི་གསུང་འཕྲིན།།
བོད་གངས་ལྗོངས་སུ་གནས་པའི་རང་རིགས་རྒྱ་ཆེའི་མི་མང་རྣམས་ནས་རང་གི་ལུས་སྲོག་ཉམ་ཉེས་ལ་མི་ལྟ་བར་རང་དབང་གི་དོན་དུ་འཐབ་རྩོད་རྒྱུན་མི་ཆད་པར་བྱས་ཏེ་བཙན་འཛུལ་མཁན་རྣམས་ནམ་ཡང་བག་ཕེབས་ལྷིང་འཇགས་མི་ཐུབ་པའི་དཀའ་ངལ་བཟོ་བཞིན་པ་ལྟར་ང་ཚོ་ཕྱི་རྒྱལ་རང་དབང་ཡུལ་ཁག་ནང་ཡོད་པའི་བོད་མི་རྣམས་ནས་ཀྱང་བོད་རྒྱ་ཆེའི་མི་མང་གི་བསམ་འདུན་དང་མཐུན་པར་བོད་རང་དབང་རང་བཙན་སྒྲུབ་པའི་ལས་འགན་འདི་དག་ནི་ནམ་ཡང་འདོར་ཐབས་མེད་ཅིང༌། དེ་མིན་ཡུལ་ཁག་མི་རིགས་གཞན་དག་གི་ལས་དོན་ལ་ང་ཚོས་ཐེ་བྱུས་བྱེད་དགོས་པའི་རྒྱུ་མཚན་གང་ཡང་མེད།
༡༩༧༦ལོའི་གསུམ་དྲན་གྱི་གསུང་འཕྲིན།།
བོད་རྒྱ་ཆེའི་མི་མང་ནས་རང་ལ་ཐོབ་ཐང་ཡོད་ངེས་བོད་རང་དབང་རང་བཙན་གྱི་རྩོད་གླེང་ལས་འགུལ་བརྩམས་ནས་མི་ལོ་བཅུ་བདུན་སོང་བའི་དུས་དྲན་གྱི་ཉིན་མོ་འདིར་ངེད་ནས་རྩ་དོན་འདིའི་ཆེད་དུ་ལུས་སྲོག་ལོངས་སྤྱོད་བཏང་དང་གཏོང་བཞིན་པའི་བོད་མི་རྣམས་ལ་རྗེས་དྲན་གུས་འདུད་ཞུ་རྒྱུ་ཡིན།
ང་ཚོས་བོད་རང་བཙན་གྱི་དོན་ལ་འབད་རྩོལ་བྱེད་པའི་རྒྱུ་མཚན་དང་དམིགས་ཡུལ་ནི། བོད་ནང་ཡོད་པའི་རྒྱ་ཆེའི་མི་མང་གི་ཁེ་ཕན་དང་རེ་འདོད་སྒྲུབ་པའི་ཆེད་དུ་ཡིན་ཞིང༌། བོད་རྒྱ་ཆེའི་མི་མང་རྣམས་ཕྱི་ནས་དགྲ་བོའི་བཙན་དབང་དམ་གཅུར་འོག་གཡོ་འགུལ་བྱེད་པའི་རང་དབང་གཏན་ནས་མེད་པ་དང༌། ནང་ནས་བཀྲེས་སྐོམ་གྱིས་གདུངས་ཏེ་ཕན་ཚུན་སྨྲ་བརྗོད་ཀྱི་ཐོག་མར་ལྟོ་ཟས་དཀའ་ངལ་ཆེ་ཆུང་དྲི་རྨེད་བྱེད་དགོས་པའི་དུས་ཚོད་ཐོག་གནས་ཡོད། འོན་ཀྱང་འདྲ་མཉམ་དང༌། ཡར་རྒྱས་ཞེས་པའི་མིང་ཚིག་སྙན་པོ་དེས་བློ་འདོད་མ་ཁེངས་པའི་བོད་མི་རྣམས་ནས་དགྲ་བོའི་གནོན་བཙིར་དང༌། ལྟོ་གོས་ངལ་དུབ་ལ་ཇི་མི་སྙམ་པར། རང་གི་རེ་འདོད་བོད་རང་དབང་སྒྲུབ་པའི་དམིགས་ཡུལ་ཐོག ལུས་སྲོག་ཡལ་བར་འདོར་ནུས་ཀྱི་སྙིང་སྟོབས་ཞུམ་མེད་ངང་བཙན་དབང་ལ་ངོ་རྒོལ་འཐབ་རྩོད་རྒྱུན་བསྲིངས་བྱས་ཏེ་དགྲ་བོ་ནམ་ཡང་བཟོད་བདེ་བག་ཕེབས་མེད་པའི་དཀའ་བསུན་བཟོས་དང་བཟོ་མུས་རེད།
༡༩༧༧ལོའི་གསུང་ཕྲིན།
ང་ཚོས་བོད་རང་དབང་རང་བཙན་རྩོད་ལེན་བྱེད་པ་འདི་ནི། བོད་མི་ས་ཡ་དྲུག་གི་རེ་འདུན་དང་མཐུན་ཞིང༌། ཐོབ་ཐང་དང༌། བབས་འོས་ཡོད་པ། དྲང་བདེན་ཅན་ཞིག་ལ་བརྟེན། དམིགས་དོན་འདི་དག་ཡོངས་སུ་སྒྲུབ་པའི་ཆེད་དུ་བོད་མི་རིགས་ཐམས་ཅད་བློ་སེམས་གཅིག་ཏུ་བསྒྲིལ་ནས་སྙིང་སྟོབས་ཞུམ་པ་མེད་པའི་འབད་བརྩོན་ཆེ་བསྐྱེད་བྱེད་དགོས། རང་ཅག་བོད་མི་རྣམས་ཀྱི་ཁྲོད་དུ་དྲང་བདེན་ལ་བརྩི་བཀུར་དང༌། རྒན་རབས་ལ་ཞེ་ས། དཀའ་སྡུག་ལ་བཟོད་བསྲན། གཞན་ལ་ཕན་སེམས། སྙོམ་ཆུང་དམན་ས་འཛིན་པ། ངོ་ཚ་ཁྲེལ་ཡོད་སོགས་རང་རེའི་ཕ་མེས་ཡ་རབས་སྤྱོད་བཟང་གི་མིག་ལྟོས་གོམས་གཤིས་བཟང་པོ་ཇི་སྙེད་ཡོད་པ་འདི་དག་བོད་མི་རྒན་གཞོན་བར་མ་མཐའ་དག་ནས་ཡུལ་དུས་གང་འདྲ་ཞིག་ལའང་ཉམས་བརླག་མ་བཏང་བར་གཅེས་སྐྱོང་ལག་ལེན་ཚུལ་བཞིན་དུ་བྱེད་དགོས། གལ་ཏེ་འཕྲལ་སྒང་ཁེ་གྲགས་ཕྲ་མོའི་སླད་གཡོ་ཁྲམ་མ་རབས་ཚུལ་མིན་གྱི་ལམ་དུ་ཞུགས་ན༑ རང་ཉིད་ཀུན་གྱིས་འཕྱ་དམོད་ཀྱི་ཡུལ་དུ་འགྱུར་བ་སྨོས་ཅི། སྨྲ་ཤེས་དོན་གོ་མི་ཡི་རིགས་སུ་སྐྱེས་པའི་དགོས་དོན་མ་ཚང་བ་ཡིན་པས། ཚང་མས་ཡ་རབས་བག་ཡོད་སྤྱོད་བཟང་ལ་དུས་རྟག་ཏུ་ཚུལ་བཞིན་གཞོལ་བ་གལ་ཆེ།། །།
སྐུ་ཞབས་ནམ་མཁའ་ལགས། ཁམས་བཟང་། ཁྱེད་ཀྱིས་བོད་མི་རིགས་ཀྱི་ལོ་རྒྱུས་ཀྱི་ཀྱོག་མཚམས་རེའི་མི་སྣ་གལ་ཆེན་རེ་འདིར་དྲངས་ཏེ་ད་ལྟའི་གནས་བབ་དང་མཚུངས་བསྡུར་བྱེད་པ་ནི་ཅུང་མི་རན་པར་མཐོང་། དེ་ཡང་ཁྱེད་ཀྱིས་གོང་ཞུས་ཀྱི་མི་སྣ་དེ་དག་གི་དུས་སྐབས་སུ་ཆབ་སྲིད་ཀྱི་རྒྱབ་ལྗོངས་རེ་དང་དབང་ཆའི་བརྩོད་གླེང་རེ་ཡོད་ཡོད་པ་རེད། དགེ་ཆོས་ལགས་དམིགས་བསལ་ཡིན། དེ་ལྟ་བུའི་རྒྱབ་ལྗོངས་རེ་རེའི་ཁྲོད་ནས་ང་ཚོས་མཐོང་ཐུབ་པ་ནི་སྐབས་དེའི་དབང་བསྒྱུར་བ་རྣམས་ཀྱི་སྣོ་ངར་ཆེ་བའི་དབང་ཆའི་འཐབ་རྩོད་དེ་རེད། དེ་ལས་གཞན་པའི་བརྩོད་ལེན་གང་ཡང་མེད། འོན་ཀྱང་། ད་ལྟའི་དུས་ཚོད་དང་གནས་བབ་ནི་དེ་སྔོན་དང་ཡོངས་སུ་མི་མཚུངས་ལ་ང་ཚོའི་འཐབ་བརྩོད་ནི་དབང་ཆའི་འཐབ་བརྩོད་མ་རེད། ང་ཚོའི་འཐབ་བརྩོད་ནི་མདོར་ནས་བཤད་ན་བདག་དབང་གི་འཐབ་བརྩོད་དང་འཚོ་གནས་ཀྱི་འཐབ་བརྩོད་རེད། འཐབ་བརྩོད་ཀྱི་གཡུལ་ས་དེ་ཡང་རང་ཡུལ་མིན་པར་གཙོ་བོ་གཞན་ཡུལ་ཆགས་ཡོད། དེ་གཅིག་ཡིན། དེ་ནས་མི་རིགས་ཀྱི་འཐབ་བརྩོད་བྱེད་པར་མཐའ་གཅིག་ཏུ་མང་གཙོ་ཡིན་དགོས་པའི་ངེས་པ་མེད། ལམ་ལུགས་ཅི་ཞིག་གིས་བོད་ཀྱི་འཐབ་བརྩོད་ལ་ནུས་པ་ཆེ་བ་འདོན་ཐུབ་ན་དེ་ང་ཚོས་དང་ལེན་བྱེད་པའི་གནད་དོན་གལ་ཆེན་ཞིག་ཡིན༏ ང་ཚོ་བཙན་བྱོལ་ནང་མང་གཙོའི་ལམ་ལུགས་སྦྱོང་བར་ཡོང་མེད་ལ་མང་གཙོའི་སྲིད་གཞུང་འཛུགས་པར་དེ་བས་ཡོང་མེད། འོན་ཀྱང་༧གོང་ས་མཆོག་གིས་བོད་ཀྱི་འཐབ་བརྩོད་དེ་མང་མོས་ཀྱིས་དབང་བསྒྱུར་བྱེད་པའི་སྲིད་གཞུང་གིས་སྣེ་འཁྲིད་དེ་བརྩོད་ན་ཕྲལ་ཕུག་རྒྱང་གསུམ་དུ་དགེ་མཚན་ཆེ་བར་གཟིགས་ཏེ་མང་གཙའི་ལམ་ལུགས་གསར་འཛུགས་གནང་པ་རེད། གཉིས་ནས། ད་ལྟའི་ཆར་རང་རེའི་སྤྱི་ཚོགས་སུ་མང་གཙོའི་གནས་ཚད་གང་ཙམ་མཐོ་པོ་ཡོད་པ་ངས་ཞུ་མི་དགོས་པར་ཁྱེད་རང་གིས་མཁྱེན་གསལ་ཡིན། འོན་ཀྱང་ཁྱེད་རང་གིས་གསུངས་པའི་སྨྲ་བརྗོད་རང་དབང་ལ་ལྟ་གྲུབ་ཀྱི་ཆ་ནས་བཤད་ནའང་འདྲ་ལག་ལེན་གྱི་ཆ་ནས་བཤད་ནའང་འདྲ་འགན་འཁྲིའང་ངེས་ཅན་ཡོད་པ་རེད། ང་ཚོ་རེ་ཟུང་ཞིག་གིས་སྨྲ་བརྗོད་ཀྱི་རང་དབང་གི་ཁྱབ་ཁོངས་དེ་སྤྱད་དེ་་་་་བོད་གཞུང་བསྡུ་གསོག་བརྒྱབ་སོང་་་་་ཞེས་བརྗོད་ཀྱི་ཡོད་པ་ནི་དོན་དངོས་དང་འགལ་བའི་འཆལ་གཏམ་ཞིག་ཡིན་པ་ཉེ་ཆར་༧གོང་མཆོག་གི་གསུང་ཁག་ལས་གསལ་རྟོགས་ཐུབ་ངེས་ཡིན། འཆལ་གཏམ་དེ་རིགས་ཀྱིས་སྤྱི་ཚོགས་སུ་འཐེབས་པའི་ཤུགས་རྐྱེན་ངན་པ་གཅིག་ནི་བོད་ཕྱི་ནང་གི་སྤུན་ཟླའི་སེམས་སུ་ད་ནས་བཟུང་བོད་གཞུང་མེད་པས་རེ་བ་རྒྱག་ས་མེད་སྙམ་སྟེ་སེམས་ཤུགས་ཆག་ངེས་ཡིན། དེས་ནི་མི་རིགས་ཀྱི་འཐབ་བརྩོད་ལ་གནོད་པ་ལས་འཕན་པ་ཞིག་མིན། དེས་ན། ཁྱེད་རང་གིས་བྱས་ན་དེ་སྨྲ་བརྗོད་རང་དབང་གི་ཁྱབ་ཁོངས་སུ་བརྩི་ངེས་ཡིན་ནམ། ཕྱོགས་གཞན་ཞིག་ནས། ཉེ་དུས་དྲ་བའི་སྟེང་གཏན་ཚིགས་དང་གནས་ལུགས་གཅིག་ཀྱང་མེད་པའི་རྩོམ་ཡིག་འགའ་ཡང་མཐོན་པ་རེད་ལ་དེ་དག་རེ་རེར་ཁྱེད་རང་གིས་ཞིབ་གཟིགས་མཛོད་དང་། རྒྱུ་མཚན་ཡོད་མིན་མཁྱེན་ངེས་ཡིན། གསུམ། ཚོགས་སྡེ་༡༡་གི་བསྒྲགས་གཏམ་དེར་ངའི་ངོས་རྒྱབ་སྐྱོར་བྱེད་ཀྱི་ཡོད། ངས་ཁོ་ཚོའི་བསྒྲགས་གཏམ་དེས་སྨྲ་བརྗོད་རང་དབང་ལ་གཉའ་གནོན་བྱེད་པ་ལས་རྒྱབ་སྐྱོར་བྱེད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ཁོ་ཚོས་མིང་རྫུན་འོག་ནས་༧གོང་ས་མཆོག་ལ་སྙོན་འཛུགས་དང་ཁུངས་མེད་འཆལ་གཏམ་སྤེལ་མཁན་ཚོར་གདོང་ལེན་བྱེད་ཀྱི་ཡོད་པ་ལས་ཁྱེད་ཀྱིས་གསུངས་པའི་གཞོན་ནུ་དང་། འཇམ་ནོར་ལགས། ལྷ་བཟང་ལགས་སོགས་ལ་གནོན་ཤུགས་གང་ཡང་སྤྲོད་ཀྱི་མེད། འཇམ་ནོར་ལགས་དང་ལྷ་བཟང་ལགས་གཉིས་ལ་མཚོན་ན་དེ་སྔོན་ནས་༧གོང་ས་མཆོག་དང་གཞུང་གི་མཛད་ཕྱོགས་འགར་མི་འགྲིག་པའི་སྐྱོན་བརྗོད་གནང་མྱོང་ཡོད་ལ་རྒྱུ་མཚན་ཡང་གང་ཙམ་ཡོད་པ་རེད། འོན་ཀྱང་། ཁོ་ཚོས་བཤད་པའི་སྐད་ཆ་དེ་རིགས་རྒྱུ་མཚན་དུ་བཀོད་ནས་ད་བར་ཁོང་གཉིས་ལ་གནོན་ཤུགས་སྤྲོད་མཁན་སུ་ཞིག་བྱུང་མེད། ད་ལྟ་ཚོགས་སྐྱིད་དེ་དག་གིས་གནོན་ཤུགས་སྤྲོད་ས་དེ་མིང་རྫུན་འོག་ནས་སྤྱི་ཚོགས་དཀྲུགས་རེ་བྱེད་མཁན་རྣམས་རེད། དེས་ན་ཁྱེད་ཀྱིས་ཀྱང་ཚོགས་སྡེ་དེ་དག་གི་གནང་སྟངས་དེར་རྒྱུག་པ་ལེབ་བརྡུང་མི་གནང་རྒྱུའི་རེ་བ་ཡོད།